(2003ལོའི་ཟླ6ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ཞིང་། 2003ལོའི་ཟླ6ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཨང་བཞི་བའི་ཐོག་སྤྱི་བསྒྲགས་བྱས་པ་དང་། 2004ལོའི་ཟླ1ཚེས1ཉིན་ནས་ལག་ལེན་དུ་བསྟར་རྒྱུ།)
ལེའུ་དང་པོ། སྤྱིའི་དོན་ཚན།
དོན་ཚན་དང་པོ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྡོད་པའི་སྤྱི་དམངས་ཀྱི་ཐོབ་ཐང་ར་སྤྲོད་དང་།སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་།སྤྱི་དམངས་ཀྱིས་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བདེ་ཡོང་བ།སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་པའི་ཆེད་དུ། བཅའ་ཁྲིམས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྡོད་པའི་ལོ་ན་བཅུ་དྲུག་ལོན་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་དགོས།ལོ་ན་བཅུ་དྲུག་མ་ལོན་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ཀྱང་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུས་ཆོག
དོན་ཚན་གསུམ་པ།ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོག་འགོད་རྒྱུའི་རྣམས་གྲངས་ལ་རུས་མིང་དང་། ཕོ་མོ། མི་རིགས།སྐྱེས་ལོ། རྒྱུན་སྡོད་ཁྱིམ་ཐོ་ཡོད་སའི་སྡོད་གནས།སྤྱི་དམངས་ཐོབ་ཐང་མཚོན་བྱེད་ཀྱི་ཨང་རྟགས། རང་ཉིད་ཀྱི་འདྲ་པར།ལག་ཁྱེར་གོ་ཆོད་པའི་དུས་ཡུན། ཆོག་མཆན་བཀོད་དེ་སྤྲད་པའི་ལས་ཁུངས་བཅས་ཚུད་ཡོད།
སྤྱི་དམངས་ཐོབ་ཐང་མཚོན་བྱེད་ཀྱི་ཨང་རྟགས་ནི་སྤྱི་དམངས་རེ་རེའི་མི་ཚེ་ཧྲིལ་བོར་འགྱུར་བ་མི་གཏོང་བའི་ཐོབ་ཐང་མཚོན་རྟགས་ཉག་ཅིག་ཡིན་ལ།སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་དམངས་ཐོབ་ཐང་མཚོན་བྱེད་ཨང་རྟགས་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་བཟོ་རྒྱུ་ཡིན།
དོན་ཚན་བཞི་བ།ཡུལ་མིའི་ཐོབ་ཐང་ལག་ཁྱེར་ནི་ཚད་ལྡན་དུ་གྱུར་བའི་རྒྱ་ཡིག་དང་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་གྲངས་རྟགས་ཀྱིས་འབྲི་དགོས།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ས་གནས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ།ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ནང་དོན་རྒྱ་ཡིག་ཐོག་འགོད་རྒྱུ་དང་ཆབས་ཅིིགས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱི་ཡི་གེས་འགོད་རྒྱུའམ་ཡང་ན་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་ཡི་གེ་ཞིག་བདམས་ཏེ་འགོད་རྒྱུའི་གཏན་འབེབས་བྱས་ཆོག
དོན་ཚན་ལྔ་བ།ལོ་ན་བཅུ་དྲུག་ཡན་ཆད་ལོན་པའི་སྤྱི་དམངས་ཀྱི་ཡུལ་མའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ནི་ལོ་བཅུ་དང་།ལོ་ཉི་ཤུ ཡུན་རིང་བཅས་གསུམ་ཡིན།ལོ་ན་བཅུ་དྲུག་ནས་ཉེར་ལྔའི་བར་ལོན་མཁན་ལ་གོ་ཆོད་དུས་ཡུན་ལོ་བཅུ་ཡིན་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ་དང་།ལོ་ན་ཉེར་དྲུག་ནས་ཞེ་ལྔའི་བར་ལོན་མཁན་ལ་གོ་ཆོད་དུས་ཡུན་ལོ་ཉི་ཤུ་ཡིན་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ།ལོ་ན་ཞེ་དྲུག་ཡན་ཆད་ལོན་མཁན་རྣམས་ལ་ཡུན་རིང་གོ་ཆོད་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ།
ལོ་ན་བཅུ་དྲུག་མ་ལོན་པའི་སྤྱི་དམངས་ལས་རང་འདོད་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་མཁན་ལ་གོ་ཆོད་དུས་ཡུན་ལོ་ལྔ་ཡིན་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ།
དོན་ཚན་དྲུག་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་སྤྱི་བདེ་སྡེ་ཁག་གིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་བཟོ་ལྟ་གཏན་འབེབས་བྱ་རྒྱུ།སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཅིག་གྱུར་གྱིས་བཟོ་བ་དང་སྤྲོད་རྒྱུ།
ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལ་མིག་གིས་ལྟ་ཞིབ་ཐུབ་པ་དང་འཕྲུལ་ཆས་ཀྱིས་ཞིབ་བཤེར་ཐུབ་པའི་ནུས་པ་གཉིས་ཀ་འཛོམས་ཤིང་།མིག་གིས་ལྟ་ཞིབ་དང་འཕྲུལ་ཆས་ཀྱིས་ཞིབ་བཤེར་བྱ་རྒྱུའི་ནང་དོན་ལ་བཅའ་ཁྲིམས་འདིའི་དོན་ཚན་གསུམ་པའི་ནང་གསེས་དོན་ཚན་དང་པོར་འཁོད་པའི་རྣམ་གྲངས་ལས་བརྒལ་མི་ཆོགསྤྱི་བདེ་ལས་ཁུངས་དང་དེ་བཞིན་མི་དམངས་ཉེན་རྟོག་པས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟོ་བ་དང་།སྤྲོད་པ། ཞིབ་བཤེར།བཀག་ཉར་བཅས་བྱེད་པའི་རྐྱེན་གྱིས་ཧ་གོ་བའི་སྤྱི་དམངས་སྒེར་གྱི་ཆ་འཕྲིན་དག་གསང་སྲུང་བྱ་དགོས།
ལེའུ་གཉིས་པ། ལེན་རེ་ཞུ་སྟངས་དང་སྤྲོད་སྟངས་སྐོར།
དོན་ཚན་བདུན་པ།སྤྱི་དམངས་ཀྱིས་རང་ལོ་བཅུ་དྲུག་ལོན་པའི་ཉིན་ནས་ཟླ་གསུམ་ནང་ཚུན་དུ།རྒྱུན་སྡོད་ཁྱིམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་ལ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་དགོས།
ལོ་ན་བཅུ་དྲུག་མ་ལོན་པའི་སྤྱི་དམངས་ལ།ལྟ་སྐྱོང་པས་དེའི་ཚབ་བྱས་ནས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་རྒྱུ།
དོན་ཚན་བརྒྱད་པ།ཡུལ་མིའི་ཐོབ་ཐང་ལག་ཁྱེར་དེ་ཡུལ་མིའི་རྒྱུན་སྡོད་ཁྱིམ་ཐོ་ཡོད་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆོག་མཆན་བཀོད་དེ་སྤྲོད་རྒྱུ།
དོན་ཚན་དགུ་བ། ཞང་ཀང་སྤུན་ཟླ་དང་ཨའོ་མོན་སྤུན་ཟླ།ཐའེ་ཝན་སྤུན་ཟླ་བཅས་ནང་ལོགས་ས་ཁུལ་དུ་གནས་སྤོ་གཞིས་ཆགས་བྱེད་པ་དང་།ཕྱིར་སྡོད་ཀྲུང་གོ་བ་རྒྱལ་ནང་དུ་ལོག་ནས་གཞིས་ཆགས་པ། དེ་བཞིན་ཕྱི་རྒྱལ་བ་དང་།རྒྱལ་ཁོངས་གང་ལའང་མི་གཏོགས་པའི་མི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་དུ་གཞིས་ཆགས་པ་མ་ཟད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་ཞུགས་པར་ཆོག་མཆན་བཀོད་པའམ་ཡང་ན་རྒྱལ་ཁོངས་དེ་སླར་གསོ་བཅས་བྱས་པར་རྒྱུན་སྡོད་ཁྱིམ་ཐོ་ཐོ་འགོད་བྱེད་དུས།བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་དགོས།
དོན་ཚན་བཅུ་བ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུས་ན། «ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་ཞུ་ཐོ་འགོད་རེའུ་མིག»འབྲི་རྒྱུ་དང་།ཡུལ་མིའི་ཁྱིམ་ཐོ་ཞིབ་བཤེར་བྱ་རྒྱུར་སྤྲོད་དགོས།
དོན་ཚན་བཅུ་གཅིག་པ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་གོ་ཆོད་དུས་ཡུན་ཐིམ་པ་དང་།སྤྱི་དམངས་ཀྱི་རུས་མིང་བསྒྱུར་བའམ་ཡང་ན་ལག་ཁྱེར་ལ་རལ་སྐྱོན་ཚབས་ཆེན་བྱུང་ནས་ངོས་འཛིན་བྱེད་དཀའ་བ་བཅས་བྱུང་ན།ལག་ཁྱེར་གསར་བ་བརྗེ་ལེན་ཡོང་རེ་ཞུ་རྒྱུ་དང་།ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོག་བཀོད་པའི་རྣམ་གྲངས་ལ་ནོར་འཁྲུལ་བྱུང་ན།སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་དག་བཅོས་བྱས་ཏེ། ལག་ཁྱེར་གསར་བ་བརྗེ་སྤྲོད་བྱ་རྒྱུ།ལག་ཁྱེར་གསར་བ་ལེན་དུས་ངེས་པར་དུ་སྔར་ཡོད་ཀྱི་ལག་ཁྱེར་ཕྱིར་སྤྲོད་བྱ་དགོས།ཡུལ་མིའི་ཐོབ་ཐང་ལག་ཁྱེར་བོར་བརླག་ཏུ་སོང་ན།ཡང་བསྐྱར་ལག་ཁྱེར་ལེན་རྒྱུའི་རེ་བ་ཞུ་དགོས།
ལོ་ན་བཅུ་དྲུག་མ་ལོན་པའི་སྤྱི་དམངས་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལ་གོང་གསལ་ནང་གསེས་དོན་ཚན་ནང་འཁོད་ཀྱི་གནས་ཚུལ་ཡོད་ན།ལག་ཁྱེར་གསར་བ་བརྗེ་ལེན་དང་བརྗེ་སྤྲོད་དམ་ཡང་ན་བསྐྱར་དུ་ལེན་རྒྱུའི་རེ་འདུན་ཞུས་ཆོག
སྤྱི་དམངས་ཀྱིས་རྒྱུན་སྡོད་ཁྱིམ་ཐོ་སྤོ་བའི་འགྲོ་ལུགས་འགྲིམ་སྐབས།སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་འཕྲུལ་ཆས་ཀྱིས་ཞིབ་བཤེར་བྱ་རྒྱུའི་རྣམ་གྲངས་ནང་སྤྱི་དམངས་ཀྱི་རྒྱུན་སྡོད་ཁྱིམ་ཐོ་ཡོད་པའི་སྡོད་གནས་འགྱུར་ལྡོག་བྱུང་ཚུལ་འབྲི་དགོས་པ་མ་ཟད།མི་འདི་ཉིད་ལའང་གསལ་བོར་བཤད་དགོས།
དོན་ཚན་བཅུ་གཉིས་པ།སྤྱི་དམངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་པ་དང་བརྗེ་ལེན། གསབ་ལེན་བཅས་བྱེད་ན།སྤྱི་བདེ་ལས་ཁུངས་ཀྱིས་གཏན་འབེབས་ལྟར་དུས་ཐོག་ཏུ་བསྒྲུབ་དགོས།སྤྱི་དམངས་ཀྱིས«ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་ཞུ་ཐོ་འགོད་རེའུ་མིག»སྤྲད་པའི་ཉིན་དྲུག་ཅུ་ནང་ཚུན་དུ་སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ་དང་།འགྲིམ་འགྲུལ་སྟབས་བདེ་མིན་པའི་ས་ཁུལ་ལ། སྒྲུབ་ཡུན་འོས་འཚམ་གྱིས་འགྱངས་ཆོག་མོད།འོན་ཀྱང་འགྱངས་ཡུན་ཉིན་སུམ་ཅུ་ལས་བརྒལ་མི་རུང་།
སྤྱི་དམངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་པ་དང་བརྗེ་ལེན།གསབ་ལེན་བཅས་བྱ་རྒྱུའི་རེ་འདུན་ཞུ་རིང་།ཡུལ་མིའི་ཐོབ་ཐང་ལག་ཁྱེར་མྱུར་བར་སྤྱོད་དགོས་བྱུང་ཚེ།གནས་སྐབས་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུས་ཆོག་ཅིང་།སྤྱི་བདེ་ལས་ཁུངས་ཀྱིས་གཏན་འབེབས་ལྟར་དུས་ཐོག་ཏུ་བསྒྲུབ་དགོས།བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་སྤྱི་བདེ་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།
ལེའུ་གསུམ་པ། བེད་སྤྱོད་དང་དཔྱད་བཤེར་བྱེད་སྟངས་སྐོར།
དོན་ཚན་བཅུ་གསུམ་པ། སྤྱི་དམངས་ཀྱིས་འབྲེལ་ཡོད་བྱེད་སྒོ་སྤེལ་དུས།རང་གི་ཐོབ་ཐང་ར་སྤྲོད་བྱ་དགོས་བྱུང་ཚེ།ཡུལ་མིའི་ཐོབ་ཐང་ལག་ཁྱེར་བེད་སྤྱོད་བྱས་ནས་ཐོབ་ཐང་ར་སྤྲོད་བྱེད་པའི་དབང་ཆ་ཡོད།འབྲེལ་ཡོད་ཀྱི་སྡེ་ཚན་དང་དེའི་ལས་སྒྲུབ་མི་སྣས་ཁས་མི་ལེན་པ་བྱས་མི་ཆོག
དོན་ཚན་བཅུ་བཞི་བ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ན།སྤྱི་དམངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བསྟན་ནས་རང་གི་ཐོབ་ཐང་ར་སྤྲོད་བྱ་དགོས་པ་སྟེ།
(གཅིག) རྒྱུན་སྡོད་ཁྱིམ་ཐོ་འགོད་པའི་རྣམ་གྲངས་བསྒྱུར་བ་དང་།
(གཉིས།) དམག་ཞབས་ཐོ་འགོད་བྱ་རྒྱུ།
(གསུམ།) གཉེན་སྒྲིག་ཐོ་འགོད་དང་ཉར་གསོ་ཐོ་འགོད་བྱ་རྒྱུ།
(བཞི།) རྒྱལ་མཚམས་ནས་ཐོན་པའི་རེ་ཞུའི་འགྲོ་ལུགས་བསྒྲུབ་རྒྱུ།
(ལྔ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་འཁོད་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྱད་དེ་རང་གི་ཐོབ་ཐང་ར་སྤྲོད་བྱ་དགོས་བྱུང་བའི་གནས་ཚུལ་གཞན་པ་བཅས་སོ།།
བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་མ་ཐོབ་པའི་སྤྱི་དམངས་ཀྱིས་གོང་གསལ་ནང་གསེས་དོན་ཚན་ཀྱི་འབྲེལ་ཡོད་བྱེད་སྒོ་སྤེལ་དགོས་བྱུང་ན།རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་ར་སྤྲོད་བྱེད་ཐབས་གཞན་པ་སྤྱད་དེ་རང་གི་ཐོབ་ཐང་ར་སྤྲོད་བྱས་ཆོག
དོན་ཚན་བཅོ་ལྔ་བ། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་འགན་ནུས་སྒྲུབ་སྐབས།གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ན།ཁྲིམས་འཛིན་ལག་ཁྱེར་བསྟན་པ་བརྒྱུད་དེ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དཔྱད་བཤེར་བྱས་ཆོག་པ་སྟེ།
(གཅིག)ཁྲིམས་འགལ་བྱས་ཉེས་བསགས་དོགས་ཡོད་མཁན་ལ་ཐོབ་ཐང་རྩད་ཞིབ་གསལ་པོར་བྱ་དགོས་བྱུང་བ་དང་།
(གཉིས།) ཁྲིམས་ལྟར་ལས་ཡུལ་དངོས་སུ་རྩིས་སྤྲོད་དོ་དམ་ལག་བསྟར་བྱེད་སྐབས།འབྲེལ་ཡོད་མི་སྣའི་ཐོབ་ཐང་རྩད་ཞིབ་གསལ་པོར་བྱ་དགོས་བྱུང་བ།
(གསུམ།)སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་པ་ཚབས་ཆེན་ཐེབས་པའི་དོན་རྐྱེན་གློ་བུར་བྱུང་དུས།དོན་རྐྱེན་བྱུང་ཡུལ་གྱི་འབྲེལ་ཡོད་མི་སྣའི་ཐོབ་ཐང་རྩད་ཞིབ་གསལ་པོར་བྱ་དགོས་བྱུང་བ།
(བཞི།)བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཐོབ་ཐང་རྩད་ཞིབ་གསལ་པོར་བྱ་དགོས་བྱུང་བའི་གནས་ཚུལ་གཞན་པ་བཅས་སོ།།
གོང་གསལ་ནང་གསེས་དོན་ཚན་ནང་དུ་འཁོད་པའི་གནས་ཚུལ་ལས་རིགས་གཅིག་བྱུང་ནས།མི་དམངས་ཉེན་རྟོག་པས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དཔྱད་བཤེར་བྱེད་པ་དང་ལེན་མི་བྱེད་མཁན་ལ།འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གནས་ཚུལ་མི་འདྲ་བར་གཞིགས་ཏེ་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱ་རྒྱུ།
རྩ་འཛུགས་གང་ཞིག་གམ་ཡང་ན་མི་སྒེར་སུ་ཞིག་གིས་ཀྱང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཀག་ཉར་བྱས་མི་ཆོགའོན་ཀྱང་སྤྱི་བདེ་ལས་ཁུངས་ཀྱིས«ཉེས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས»ལྟར་སྡོད་གནས་ལ་ལྟ་ཞིབ་བཙན་ཤེད་ཀྱི་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་དེའི་ནང་ཚུད་མེད།
ལེའུ་བཞི་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།
དོན་ཚན་བཅུ་དྲུག་པ། གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་མཁན་ལ།སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་རྒྱུ་མ་ཟད།སྒོར་ཉིས་བརྒྱ་མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན།ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་སྟེ།
(གཅིག)དཔང་ཡིག་རྫུན་མ་བེད་སྤྱོད་བྱས་ནས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཡོ་ལེན་བྱས་པ་དང་།
(གཉིས།) ཡུལ་མིའི་ཐོབ་ཐང་ལག་ཁྱེར་གླ་གཏོང་དང་གཡར་བ།བརྒྱུད་བཤུག་བཅས་བྱས་པ།
(གསུམ།) ཁྲིམས་འགལ་གྱིས་གཞན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཀག་ཉར་བྱས་པ་བཅས་སོ།།
དོན་ཚན་བཅུ་བདུན་པ། གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་མཁན་ལ།སྤྱི་བདེ་ལས་ཁུངས་ཀྱིས་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ་དང་།ཡང་ན་ཉིན་བཅུ་མན་ཆད་ཀྱི་བཀག་སྐྱིལ་བྱ་རྒྱུ་དང་།ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན་དེ་དག་གཞུང་བཞེས་གཏོང་རྒྱུ་སྟེ།
(གཅིག)མི་གཞན་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རང་དུ་རྫུས་སྤྱོད་བྱས་པའམ་ཡང་ན་བསླུ་ལེན་བྱས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བེད་སྤྱོད་བྱེད་པ་དང་།
(གཉིས།)རྫུན་བཟོ་དང་བསྒྱུར་བཟོ་བྱས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཉོ་བ་དང་འཚོང་བ།བེད་སྤྱོད་བཅས་བྱེད་པ།
རྫུན་བཟོ་དང་བསྒྱུར་བཟོ་བྱས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་གཡོ་ལེན་བྱས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དེ་སྤྱི་བདེ་ལས་ཁུངས་ཀྱིས་རྩིས་ལེན་བྱ་རྒྱུ།
དོན་ཚན་བཅོ་བརྒྱད་པ།ཡུལ་མིའི་ཐོབ་ཐང་ལག་ཁྱེར་རྫུན་བཟོ་དང་བསྒྱུར་བཟོ་བྱེད་མཁན་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།
བཅའ་ཁྲིམས་འདིའི་དོན་ཚན་བཅུ་དྲུག་པ་དང་བཅུ་བདུན་པའི་ནང་གི་བྱ་སྤྱོད་ལས་རིགས་གཅིག་ཡོད་པ་དང་།ཉེས་གསོག་སྤྱོད་ངན་སྒྲུབ་མཁན་ལ། བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།
དོན་ཚན་བཅུ་དགུ་བ། མི་དམངས་ཉེན་རྟོག་པར་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་ན།ཉེས་ཚབས་ཆེ་ཆུང་ལ་གཞིགས་ཏེ། ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་།བྱས་ཉེས་སུ་གྲུབ་པར་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་སྟེ།
(གཅིག) ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟོ་བ་དང་འགྲེམ་གཏོང་།དཔྱད་བཤེར་བཅས་བྱེད་པའི་སྟབས་བདེ་དང་བསྟུན་ཏེ།མི་གཞན་པའི་རྒྱུ་ནོར་ལེན་པའམ་ཡང་ན་ཁེ་ཕན་གཞན་པ་དོན་གཉེར་བྱེད་པ་དང་།
(གཉིས།)ཁྲིམས་འགལ་གྱིས་ཡུལ་མིའི་ཐོབ་ཐང་མཚོན་བྱེད་ཨང་རྟགས་བསྒྱུར་བཟོ་བྱེད་པའམ་ཡང་ན་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོག་བཅའ་ཁྲིམས་འདིའི་དོན་ཚན་གསུམ་པའི་ནང་གསེས་དོན་ཚན་དང་པོའི་ནང་འཁོད་རྣམ་གྲངས་ཕུད་པའི་ཆ་འཕྲིན་བཀོད་པའམ་ཡང་ན་བསམ་བཞིན་དུ་ཆ་འཕྲིན་རྫུན་མ་བཀོད་པ།
(གསུམ།)ཚུལ་མཐུན་གྱི་གནས་ལུགས་མེད་པར་ཁྲིམས་བཀོད་ཀྱི་དུས་ཡུན་ནང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་འགྲེམ་གཏོང་མི་བྱེད་པ།
(བཞི།)གཏན་འབེབས་དང་འགལ་ནས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལ་དཔྱད་བཤེར་དང་བཀག་ཉར་བྱས་པས།སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཟོས་པ།
(ལྔ) ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟོ་བ་དང་། འགྲེམ་གཏོང་། དཔྱད་བཤེར།བཀག་ཉེར་བཅས་བྱས་པའི་རྐྱེན་གྱིས་ཧ་གོ་བའི་སྤྱི་དམངས་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་བྱས་པས།སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཟོས་པ་བཅས་སོ། །
ལེའུ་ལྔ་བ། ཞར་བྱུང་དོན་ཚན།
དོན་ཚན་ཉི་ཤུ་བ། སྤྱི་དམངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུ་དང་།བརྗེ་ལེན། གསབ་ལེན་བཅས་བྱེད་རེ་ཞུས་ན། ལག་ཁྱེར་གྱི་མ་གནས་གྲོན་དངུལ་སྤྲོད་དགོས།ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་མ་གནས་གྲོན་དངུལ་བསྡུ་བའི་ཚད་གཞི་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནོར་སྲིད་སྡེ་ཁག་གཉིས་ཀྱིས་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱ་རྒྱུ།
གྲོང་ཁྱེར་ནང་དུ་མ་མཐའི་འཚོ་རྟེན་འགན་སྲུང་གྲོན་དངུལ་ལེན་པའི་ཡུལ་མི་དང་།གྲོང་གསེབ་ཏུ་འཚོ་བ་དཀའ་ངལ་ཁྱད་པར་ཅན་ཡོད་པའི་ཡུལ་མིས་ཐོག་མར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུ་དང་བརྗེ་ལེན་བྱེད་རེ་ཞུ་བའི་སྐབས་སུ།དེའི་མ་གནས་གྲོན་དངུལ་སྤྲོད་མི་དགོས།འཚོ་བར་ངོ་མ་དཀའ་ངལ་ཡོད་པའི་ཡུལ་མི་གཞན་པས་ཐོག་མར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུ་དང་བརྗེ་ལེན་བྱེད་རེ་ཞུ་དུས།དེའི་མ་གནས་གྲོན་དངུལ་ཉུང་འཕྲི་བྱས་ནས་བསྡུས་ཆོགམ་གནས་གྲོན་དངུལ་མི་བསྡུ་བ་དང་ཉུང་དུ་བསྡུ་བའི་བྱེད་ཐབས་ཞིབ་ཕྲ་བ་དེ།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནོར་སྲིད་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་མཉམ་དུ་གཏན་འབེབས་བྱ་རྒྱུ།
སྤྱི་བདེ་ལས་ཁུངས་ཀྱིས་བསྡུ་ལེན་བྱས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་མ་གནས་གྲོན་དངུལ་ཚང་མ་རྒྱལ་མཛོད་ལ་འབུལ་རྒྱུ།
དོན་ཚན་ཉེར་གཅིག་པ།ད་ལྟ་དམག་སྐུལ་དང་ལེན་གྱི་མི་དམངས་བཅིངས་འགྲོལ་དམག་གི་དམག་མི་དང་མི་དམངས་ཉེན་རྟོག་དྲག་དཔུང་གི་ཉེན་རྟོག་པས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་ཐབས་དང་འགྲེམ་གཏོང་བྱེད་ཐབས་ཞིབ་ཕྲ་བ་དེ།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ།
དོན་ཚན་ཉེར་གཉིས་པ།བཅའ་ཁྲིམས་འདི་2004ལོའི་ཟླ1པོའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ་དང་དུས་མཚུངས་སུ«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ཁྲིམས་སྲོལ»མེད་པར་བཟོས་པ་ཡིན།
«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ཁྲིམས་སྲོལ»ལྟར་བླངས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དེ།བཅའ་ཁྲིམས་འདི་ལྟར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་མ་བྱས་པའི་གོང་དུ།དེའི་གོ་ཆོད་པའི་དུས་ཡུན་ནང་མུ་མཐུད་དུ་གོ་ཆོད་རྒྱུ།ཡུལ་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་བྱེད་པའི་བྱེད་ཐབས་ཞིབ་ཕྲ་བ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།