1986ལོའི་ཟླ6པའི་ཚེས4ཉིན་དཀར་མཛེས་བོད་རིགས་སྐྱོང་ཁུལ་གྱི་སྐབས་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམས་བྱུང་བ་དང་། 1986ལོའི་ཟླ7པའི་ཚེས12ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པས་ཆོག་མཆན་བཀོད་པ། 2005ལོའི་ཟླ3པའི་ཚེས31ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དགུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམས་བྱུང་བ་དང་། 2006ལོའི་ཟླ3པའི་ཚེས31ཉིན་སྐབས་བཅུ་པའི་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པས་ཆོག་མཆན་བཀོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་ཁྲིམས་སྲོལ་བཟོ་བཅོས་བྱ་རྒྱུའི་ཆོད་དོན་ལྟར་དག་བཅོས་བྱས་པ་ཡིན།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས།》གཞིར་བཟུང་ནས།དཀར་མཛེས་བོད་རིགས་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར།རིག་གནས།སྤྱི་ཚོགས་གོང་འཕེལ་བཅས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།ཁྲིམས་སྲོལ་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཤམ་ལ་རང་སྐྱོང་ཁུལ་དུ་བསྡུས་པ་ནི་སི་ཁྲོན་ཞིང་ཆེན་གྱི་བདག་སྐྱོང་ས་ཁོངས་ནང་གི་དཀར་མཛེས་ས་ཁུལ་དུ་བོད་རིགས་ཀྱིས་ས་ཁོངས་རང་སྐྱོང་བྱེད་པའི་ས་གནས་ཤིག་ཡིན།རང་སྐྱོང་ཁུལ་གྱི་ཁོངས་སུ་དར་མདོ་རྫོང་དང་ལྕགས་ཟམ་རྫོང་།རོང་བྲག་རྫོང་། བརྒྱད་ཟིལ་རྫོང་། ཉག་ཆུ་རྫོང་། རྟའུ་རྫོང་། བྲག་འགོ་རྫོང་། དཀར་མཛེས་རྫོང་། ཉག་རོང་རྫོང་། སྡེ་དགེ་རྫོང་། དཔལ་ཡུལ་རྫོང་། སེར་ཤུལ་རྫོང་། གསེར་ཐར་རྫོང་། ལི་ཐང་རྫོང་། འབའ་ཐང་རྫོང་། ཕྱག་ཕྲེང་རྫོང་། འདབ་པ་རྫོང་། སྡེ་རོང་རྫོང་བཅས་འདུས་ཡོད། རང་སྐྱོང་ཁུལ་གྱི་ལྟེ་གནས་དར་མདོར་གནས་ཡོད། རང་སྐྱོང་ཁུལ་དང་ཁུལ་ནང་གི་ས་ཁོངས་ཀྱི་ས་མཚམས་དེ་གཏན་འཁེལ་བྱས་རྗེས། ཁྲིམས་བཀོད་གོ་རིམ་མ་བརྒྱུད་པར་འགྱུར་ལྡོག་བྱས་མི་ཆོག
དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་གཤམ་ལ་རང་སྐྱོང་ལས་ཁུངས་སུ་བསྡུས་པ་ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཡིན་ཞིང་། དེ་ནི་ས་གནས་རིམ་པའི་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ཤིག་ཡིན། རང་སྐྱོང་ལས་ཁུངས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་ལེན་བསྟར་རྒྱུ། རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་དབང་ཚད་ལྟར་འོག་ཏུ་ཆུས་དང་རྫོང་འཛུགས་པའི་གྲོང་ཁྱེར་རིམ་པའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་པ་དང་ཆབས་ཅིག་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ།
དོན་ཚན་བཞི་པ། རང་སྐྱོང་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་འཚོ་སྲུང་དང་། མི་རིགས་ཁག་འདྲ་མཉམ་དང་མཐུན་སྒྲིལ་འཚོ་སྲུང་། རྩ་ཁྲིམས་དང་བཅའ་ཁྲིམས་དེ་རང་རེའི་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་བརྩི་སྲུང་དང་ལག་བསྟར་ཐུབ་པར་ཁག་ཐེགརྒྱལ་ཁབ་ཀྱི་ཁེ་ཕན་དེ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས། ཧུར་བརྩོན་གྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་སྤྲད་པའི་ལས་འགན་ཁག་ལེགས་སྒྲུབ་བཅས་བྱེད་དགོས།
དོན་ཚན་ལྔ་པ། རང་སྐྱོང་ལས་ཁུངས་ཀྱིས་རང་རེའི་ཁུལ་གྱི་གནས་ཚུལ་དངོས་ལ་གཞི་བཟུང་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལས་མི་འགལ་བའི་རྩ་དོན་འོགདམིགས་བསལ་སྲིད་ཇུས་དང་བབ་བསྟུན་བྱེད་ཐབས་བླངས་ནས་རང་རེའི་ཁུལ་གྱི་དཔལ་འབྱོར་འཛུགས་བསྐྲུན་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་མགྱོགས་སུ་གཏོང་དགོས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང་། ཆོད་དོན། བཀའ་རྒྱ། བཀའ་སློབ་བཅས་རང་ཁུལ་གྱི་གནས་ཚུལ་དངོས་དང་མ་འཕྲོད་ན། གོང་རིམ་རྒྱལ་ཁབ་ལས་ཁུངས་དེར་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། བབ་བསྟུན་གྱིས་ལག་བསྟར་དང་ཡང་ན་ལག་བསྟར་མཚམས་འཇོག་བྱེད་ཆོག
དོན་ཚན་དྲུག་པ། རང་སྐྱོང་ཁུལ་ནང་གི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན། རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་ཇུས་གཞི་ཆེན་མོ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྤེལ་ལ་ཤུགས་བརྒྱབ་སྟེ། ཁྲིམས་ལྟར་ཁུལ་སྐྱོང་དང་། ཁྲིམས་ལྟར་སྲིད་འཛིན། ཁྲིམས་ལྟར་དོ་དམ་བཅས་བྱེད་པར་སྐུལ་འདེད་བྱས་ནས། མི་རིགས་ཁག་གི་སྤྱི་དམངས་ཚང་མ་འདྲ་མཉམ་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པར་འགན་སྲུང་དང་། སྤྱི་དམངས་ལ་སྒྲུབ་དགོས་པའི་འོས་འགན་སྒྲུབ་ཐུབ་རྒྱུའི་སློབ་གསོ་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་གི་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས་པ་དང་། འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་དགོས། མི་རིགས་གང་ཞིག་ལ་མཐོང་ཆུང་བྱེད་པར་གཏན་འགོག་དང་། མི་རིགས་བར་གྱི་མཐུན་སྒྲིལ་ལ་གཏོར་བཤིག་དང་མི་རིགས་ཁ་བྲལ་གཏོང་བའི་སྤྱོད་ངན་གཏན་འགོག་བཅས་བྱེད་དགོས། རང་སྐྱོང་ཁུལ་ནང་གི་མི་རིགས་ཁག་ལ་རང་ཉིད་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་གོང་སྤེལ་གཏོང་རྒྱུའི་རང་དབང་ཡོད་པ་དང་། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་ནམ་བཅོས་བསྒྱུར་བྱ་རྒྱུའི་རང་དབང་ཡོད།
དོན་ཚན་བདུན་པ། རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་མི་རིགས་ཁག་གི་སྤྱི་དམངས་ཀྱི་ཆོས་དད་རང་མོས་འགན་སྲུང་བྱེད་དགོས། རྩ་འཛུགས་སམ་མི་སྒེར་སུ་ཞིག་ཡིན་རུང་རྣམ་པ་གང་ཞིག་གི་ཐོག་ནས་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་དུ་འཇུག་པའམ་ཆོས་ལ་དད་པ་བྱེད་དུ་མི་འཇུག་པ་བྱེད་མི་ཆོགཆོས་ལ་དད་པ་ཡོད་པའི་སྤྱི་དམངས་སམ་ཆོས་ལ་དད་པ་མེད་པའི་སྤྱི་དམངས་ཚང་མར་མཐོང་ཆུང་བྱེད་རྒྱུ་མེད། ཆོས་དད་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས། ཆོས་ལུགས་དད་པ་མི་འདྲ་བའི་སྤྱི་དམངས་བཅས་བར་ཕན་ཚུན་བརྩི་འཇིག་དང་མཛའ་མཐུན་མཉམ་གནས་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་དང་། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྲུང་སྐྱོང་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ས། ཆོས་དད་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་སམ་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་དང་། མི་རིགས་མཐུན་སྒྲིལ་ལམ་སྤྱི་ཚོགས་ཀྱི་སྒྲིལ་ལམ་ལ་གཏོར་བཤིགསྤྱི་དམངས་ཀྱི་ལུས་ཁམས་ལ་གནོད་འཚེ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་གནོད་སྐྱེལ་བ་བཅས་བྱེད་མི་ཆོགརང་སྐྱོང་ཁུལ་ནང་གི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ས། ཆོས་ལུགས་ལས་དོན་བཅས་ཀྱིས་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་བཀོལ་སྤྱོད་དང་ལེན་བྱེད་མི་ཆོག
དོན་བརྒྱད་པ། རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སྤྱི་ཡོངས་ཀྱི་རིག་གནས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁུལ་ནང་གི་མི་རིགས་ཁག་གི་སྤྱི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་གྱི་སྤྱོད་བཟང་བཅས་ཀྱི་རྩ་བའི་ནང་དོན་གྱི་སྤྱི་དམངས་ལ་ཀུན་སྤྱོད་སློབ་གསོ་བྱས་ཐོགཧུར་བརྩོན་གྱིས་རིག་གནས་དང་། ཚན་རྩལ། སྒྲིག་ལམ། ཁྲིམས་ལུགས་བཅས་ཀྱི་སློབ་གསོ་བྱས་ཏེ་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་སྤེལ་གཏོང་དགོས། མི་རིགས་ཁག་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།
དོན་ཚན་དགུ་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་པ་གསུམ་གྱི་དགོངས་པ་གལ་ཆེན་བཅས་ཀྱི་མཛུབ་ཁྲིད་འོག་རང་སྐྱོང་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། བཅོས་བསྒྱུར་སྒོ་འབྱེད་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་ཀུན་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་དོན་འཁྱོལ་མཐར་ཕྱིན་བྱས་ནས། དཔལ་འབྱོར་འཛུགས་སྐྲུན་གྱིས་ལྟེ་གནས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་དར་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་འཛུགས་སྐྲུན་བྱེད་པ། མུ་མཐུད་དེ་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་ནས། རྒྱལ་ཁབ་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་འོག་རང་སྐྱོང་ཁུལ་འདི་མཐུན་སྒྲིལ་ཆེ་ལ་དཔལ་ཡོན་དར་ཞིང་རྒྱས་པའི་མི་རིགས་རང་སྐྱོང་ས་གནས་ཤིག་ཏུ་འཛུགས་སྐྲུན་བྱེད་དགོས།
ལེའུ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱི་སྐོར།
དོན་ཚན་བཅུ་པ། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནི་རང་སྐྱོང་ཁུལ་གྱི་ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཡིན། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འདེམ་བསྐོ་བྱེད་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནང་ཞུགས་མཁན་བོད་རིགས་དང་དེ་མིན་གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་མི་གྲངས་དང་སྡུར་ཚད་དེ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་འབེབས་ལྟར་གཏན་འཁེལ་བྱེད་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ལས་ཀའི་དགོས་མཁོ་ལྟར། ཆེད་དོན་ཨུ་ཡོན་ལྷན་ཁང་འགའ་ཞིག་འཛུགས་ཆོག
དོན་ཚན་བཅུ་གཅིགརང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞི་བཟུང་ནས་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་གཏན་འབེབས་བྱེད་དགོས། རང་སྐྱོང་ལས་ཁུངས་་ཀྱིས་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ་དང་ཐབས་ཇུས་གལ་ཆེན་གྲོས་ཐག་གཅོད་དུས། སྲིད་དོན་གསན་བཞེས་ཐག་གཅོད་བྱེད་པའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་གཏོང་དགོས།
དོན་ཚན་བཅུ་གཉིས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་འཛུགས་ལས་ཁུངས་ཡིན་ཞིང་། དེས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་བ་དང་ལས་ཀའི་སྙན་སེང་ཞུ་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དེ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འཐུས་མིའི་ནང་ནས་འདེམ་བསྐོ་བྱས་པའི་ཀྲུའུ་རེན་གཅིག་དང་། ཀྲུའུ་རེན་གཞོན་པ་དུ་མ། དྲུང་ཡིག་ཆེན་མོ། ཨུ་ཡོན་དུ་མ་བཅས་ཀྱིས་སྒྲིག་འཛུགས་བྱེད་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་བོད་རིགས་སྤྱི་དམངས་ཀྱིས་ཀྲུའུ་རེན་ནམ་ཀྲུའུ་རེན་གཞོན་པའི་ལས་འགན་ཁུར་མཁན་ཡོད་པ་བྱེད་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་མིའི་ནང་བོད་རིགས་མིན་པའི་མི་རིགས་གཞན་དག་གི་སྤྱི་དམངས་ཀྱི་སྡུར་ཚད་ངེས་ཅན་ཞིག་ཡོད་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་དགོས་མཁོ་ལྟར། ལས་སྒྲུབ་ལས་ཁུངས་འཛུགས་ཆོག
དོན་ཚན་བཅུ་གསུམ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལག་བསྟར་ལས་ཁུངས་ཡིན་ཞིང་། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཡིན། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་འགན་ཁུར་བ་དང་ལས་ཀའི་སྙན་སེང་ཞུ་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་རྗེས་ཀྱི་དུས་སྐབས་ནང་རང་སྐྱོང་ཁུལ་གྱིས་མི་དམངས་སྲིད་གཞུང་གིས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་བ་དང་ལས་ཀའི་སྙན་སེང་ཞུ་དགོས། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་ཁུལ་དཔོན་གྱིས་འགན་ཁུར་བའི་ལམ་ལུགས་ལག་ལེན་བསྟར་དགོས།