༄༅།། ཀརྨ་རྒྱལ་མཚན།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-19


བོད་རིག་པ་བ་ཆེན་མོ་ཀརྨ་རྒྱལ་མཚན་མཆོག་གི་གནས་ཚུལ་རགས་བཀོད།

  ཁོང་ཉིད་བགྲང་བྱ་སུམ་ཅུ་ལྷག་གིས་རིང་སློབ་ཆུང་ནས། སློབ་འབྲིང་། འབྲིང་རིམ་དགེ་འོས་སློབ་གྲྭ། མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཅས་སུ་དགེ་རྒན་གྱི་ཁུར་བཞེས་ནས་རང་ནུས་ཡོད་རྒུས་མི་རིགས་སློབ་གསོའི་བྱ་བཞག་གོང་དུ་སྤེལ་བར་མཛད་རྗེས་ཆེན་པོ་བཞག་དང་འཇོག་མུས་སུ་མཆིས།   ཉིད་ཀྱི་རིག་པའི་རྣོ་ཕྱོགས་རེ་རེའི་རྩེ་ནས་རྣམ་དཔྱོད་འོད་ཟེར་སྟོང་གིས་བསྐྲུན་པའི་ལེགས་བཤད་ཀྱིས་སྣང་བས་བློ་གསལ་གཞོན་ནུའི་ཡིད་དབང་ཅིག་ཆར་དུ་འགུག་པའི་སློབ་གྲྭ་ཆེ་འབྲིང་དུ་སློབ་གསོ་དང་སློབ་ཁྲིད་ཀྱི་བཀའ་དྲིན་བསྩལ་བས་སློབ་མའི་ཤེས་རྒྱུད་གྲོལ་བ།  ཐབས་ཤེས་ཡ་མ་བྲལ་བའི་སྒོ་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་འདེགས་ཅིང་ཐུན་མིན་གྱི་སློབ་གསོའི་ཁྱད་ཆོས་མངོན་གསལ་ལྡན་པའི་གྲུབ་འབྲས་ཀྱང་མི་དམན་པར་ཐོབ་ཡོད། དགེ་སློབ་ཀུན་དང་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཁོང་གི་བསམ་པའི་ཀུན་སློང་དང་འཇོན་ཐང་ལ་གདེང་འཇོག་ཆེན་པོ་ཐོབ་སྟེ་སྔོན་རྗེས་སུ་སློབ་གྲྭའི་འཇོན་ནུས་ལྡན་པའི་སློབ་ཚན་སྣེ་ཁྲིད་པར་བདམས་པ་དང་། དཀར་མཛེས་ཁུལ་རིམ་པའི་ཆེད་ལས་ལག་རྩལ་རྩེ་དྲའི་ཤེས་ལྡན་མི་སྣ་བཅུའི་གྲས་གཅིག་ཏུ་བདམས།1995ལོ་ནས་བཟུང་བསྟུད་མར་ལོ་ལྔའི་རིང་ཆེད་ལས་ལག་རྩལ་ཕུལ་བྱུང་ཅན་དུ་བདམས་པས། ཁོང་ཉིད་ཀྱི་མཛད་རྗེས་ཀྱང་ཀྲུང་གོའི་ཆེད་ལས་མཁས་ཅན་གྱི་ཚིག་མཛོད་ཅེས་པར་བཀོད་ཡོད།

  བོད་རིག་པ་བ་ཆེན་མོ་ཀརྨ་རྒྱལ་མཚན་ལགས་ནི་སྤྱི་ལོ་1953ལོར་དཀར་མཛེས་ཁུལ་སྡེ་དགེ་དཔལ་སྤུངས་ཕྱོགས་ཀྱི་འབྲོག་སྡེ་དཀྱུས་མ་ཞིག་གི་ཁྱིམ་དུ་འཁྲུངས་པ་ཡིན་ལ། ཆུང་དུས་ནས་ཡ་རབས་ཀྱི་མཛད་སྤྱོད་ལྷན་སྐྱེས་སུ་མངའ་བས་ཀུན་གྱིས་བསྟོད་བསྔགས་བྱ་བའི་གནས་སུ་གྱུར།1993ལོར་དར་མདོ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་མཛད་པ་ནས་སྔོན་རྗེས་སུ་དངོས་གཞི་སློབ་མ་དང་། མཐོ་རིམ་ཆེད་སྦྱོང་སློབ་མར་སུམ་རྟགས་དག་གསུམ་དང་། བོད་ཀྱི་གནའ་དེང་རྩོམ་རིག བོད་ཀྱི་ལོ་རྒྱུས། རྒྱ་བོད་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་སོགས་སློབ་ཁྲིད་གནང་། 2001ལོ་ནས་བཟུང་ལོ་ལྔའི་རིང་བོད་ཡིག་ཚན་ཁག་གི་གཙོ་འགན་བཞེས་སྐབས་ཁོང་ཉིད་ནས་དང་ཐོག་རང་གིས། མཁས་པ་འཆལ་པར་མ་ཤོར་བ།། བཙུན་པ་རྨོངས་པར་མ་ཤོར་བ། ། བཤད་པ་ཁ་བཤད་དུ་མ་ཤོར་བ། ། སྒྲུབ་པ་རང་དོན་དུ་མ་ཤོར་བ།། ཞེས་པ་ལྟར་རང་ལ་ནན་སྐུལ་བྱས་ཏེ་མཐོ་རིམ་སློབ་གསོའི་བྱ་གཞག་ལ་འབད་འབུངས་མཛད་པ་ནི། རྒྱུན་ལྡན་གྱི་སློབ་གསོ་ལ་དོ་ནན་མཛད་པའི་ཁར་ཐོག་མར་བོད་ཡིག་ཚན་ཁག་ལ་སྔོན་མེད་པའི་བོད་དབྱིན་རྒྱ་གསུམ་གྱི་སྐད་གསུམ་སྣེ་ཤན་པའི་ཆེད་སྦྱོང་གསར་དུ་བཙུགས་ནས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་གལ་ཆེ་བའི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་པ་རྣམས་དེང་ལས་གནས་སུ་ཞུགས་བཞིན་པ་ལ་སྤྱི་ཚོགས་ཡོངས་ཀྱིས་གདེང་འཇོག་ཚད་མེད་བྱེད་བཞིན་ཡོད། གཉིས་ནི་དཀར་མཛེས་ཁུལ་དུ་བོད་ཀྱི་སྐད་ཡིག་གི་ཕྱག་ལས་མཛད་མཁན་རྣམས་ལ་དངོས་གཞི་སློབ་གྲྭ་ནས་ཐོན་པའི་སློབ་ཐོན་རྟགས་ཡིག་ལོན་དཀའ་བའི་གནས་ཚུལ་དངོས་ལ་གཞིགས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་དང་མཉམ་དུ་ལོ་དར་མའི་དངོས་གཞིའི་འཛིན་གྲྭ་ཐེངས་གསུམ་བཙུགས་ནས་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་། དཀར་མཛེས་ཁུལ་གྱི་སློབ་འབྲིང་ཁག་བཅས་ཀྱི་རྐང་འཛིན་མི་སྣ་ཁག་གཅིག་ལ་དངོས་གཞིའི་སློབ་ཐོན་རྟགས་ཡིག་ལོན་པ་དང་སོ་སོའི་འཇོན་ཐང་ཤེས་ཡོན་མཐོ་རུ་བཏང་ཡོད། གསུམ་ནི་རང་ཁུལ་གྱི་གཞི་རིམ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་གཞོན་ནུ་ལས་སྒུག་པ་དག་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཞན་པའི་གནས་ཚུལ་ངོ་མ་དང་བསྟུན་ཏེ་ཁོང་ཉིད་ཀྱིས་ལུགས་མཐུན་གྱི་འབྲེལ་ཡོད་རོགས་སྐྱོར་ཚོགས་པ་དང་མཉམ་དུ་རྒྱ་ཡིག་དང་། དབྱིན་ཇི་སྐད་ཡིག གློག་ཀླད། ཁྲིམས་ལུགས་ཤེས་བྱ་སོགས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཐེངས་མང་པོ་བཙུགས་ཏེ་སོ་སོའི་ཤེས་བྱར་མཐོར་འདེགས་དང་། ཞིང་འབྲོག་མི་སེར་གྱི་གཞོན་ནུ་མང་པོ་ལ་ཐད་ཀར་ཁེ་ཕན་བྱུང་བའི་ཆ་རྐྱེན་བསྒྲིགས་ཡོད། དེ་དང་ཕྱོགས་མཚུངས་སྔོན་རྗེས་སུ་ཐབས་ལམ་སྣ་ཚོགས་བཙལ་ཏེ་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་བཅུ་གཉིས་སློབ་ཞུགས་ལོ་ལྔའམ་གསུམ་གྱི་སློབ་ཡོན་སོགས་རོགས་སྐྱོར་བྱས་པའི་ཁར་ཟླ་བ་རེ་བཞིན་འཚོ་བའི་རོགས་དངུལ་ཡང་བྱིན་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་བཅུ་ལ་སློབ་ཡོན་རོགས་སྐྱོར་བཅས་བྱས་པ་ནི་གཟུགས་ཅན་བཞིན་དུ་གསལ་བ་ལྟར་རོ། ། དེ་ལྟར་ཁོང་ཉིད་ནས་བོད་ཡིག་ཚན་ཁག་གིས་གཙོ་འགན་བཞེས་ཚེ་ལོ་ལྔའི་རིང་སློབ་གྲྭའི་ཕྱོགས་བསྡུས་སྤུས་ཚད་དང་། སྐབས་དེའི་དར་མདོ་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ། དེང་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ་ལ་གནས་སྤོར་གྱི་ལས་ཀ་ལ་ཁོ་བོས་ཧུར་བརྩོན་ཆེར་བསྐྱེད་ཀྱི་བྱ་བ་བསྒྲུབས་པ་ལ་ལྗོངས་ཕྱི་ནང་གི་གདེང་འཇོག་ཆེན་པོ་ཐོབ་ཡོད་པ་རེད། དེའང་ཁོང་ཉིད་ནས་སློབ་ཁྲིད་དང་སློབ་གསོའི་བྱ་བར་ནན་ཏན་བྱས་ཏེ་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ཡོད་པར་མ་ཟད། བོད་རིག་པ་ཞིབ་འཇུག་ཐད་དུའང་བརྩོན་ཞིབ་གནང་སྟེ། སྔོན་རྗེས་སུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ་བཅས་ཀྱི་རྒྱ་བོད་ཡིག་གི་དུས་དེབ་ཐོག་ཏུ་དཔྱད་རྩོམ་དང་། རྩོམ་ཡིག་ཁག་བཞི་བཅུ་ཞེ་གྲངས་བཀོད་པ་ལས། 《མུ་ལི་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་ལ་དཔྱད་པ།》ཞེས་་པ་(རྒྱ་ཡིག)དང་། 《བོད་ཀྱི་གནས་རི་བསྐོར་བའི་རིག་གནས་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་བ་ཟབ་མོ་ཡོད་པ་མདོར་ཙམ་གླེང་བ།》ཞེས་པ་དང་། 《གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་ཁྲོད་ནས་བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་བེད་སྤྱོད་གཏོང་རྒྱུའི་སྐོར་རགས་ཙམ་གླེང་བ།》ཞེས་པ་བཅས་ནི་བོད་རིག་པ་ཞིབ་འཇུག་ཐོག་གི་སྟོང་ས་ཁ་སྐོང་ལྟ་བུར་གྱུར་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་བོད་རིག་པའི་ཚོགས་འདུ་ཐོག་རིག་གཞུང་བགྲོ་གླེང་བྱས། རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་། སྔོན་རྗེས་སུ་བརྩམས་བསྒྲིགས་གནང་བའི་དེབ་བཅུ་གཅིག་ལས། 《བོད་ཀྱི་ལོ་ཁྲིའི་བསྟན་རྩིས་ཀུན་བཏུས།》(རྒྱ་ཡིག)དང་།《སྡེ་དགེ་པར་ཁང་གི་པར་ཤིང་དཀར་ཆག་རྒྱ་བོད་ཤན་སྦྱར།》ཞེས་པ་གཉིས་བསྐྱར་དཔར་ཐེངས་བཞི་རེ་བྱས་ཀྱང་། ད་དུང་དགོས་མཁོ་སྐོང་མི་ཐུབ་པ་ལྟར་གྱུར། ཉེར་ལམ་ཁོ་བོས་གཙོ་བསྒྲིགས་གནང་བའི་《བོད་སྐད་གཙང་མ་ལ་འཇུག་པའི་བརྡ་དག་གསལ་བའི་སྒོ་འབྱེད།》ཅེས་པ་དང་། 《མདོ་རྒྱུད་རི་མོའི་ཐིག་རྩ་མཁས་པའི་ཞལ་རྒྱུན།》ཞེས་པ་གཉིས་འབྲེལ་ཡོད་སློབ་གྲྭ་དག་གིས་མེད་ཐབས་མེད་པའི་བསླབ་གཞིར་བྱེད་བཞིན་ཡོད། དེ་མིན་ཁོང་ཉིད་ཀྱིས་ཐོག་མའི་འཆར་འགོད། བར་དུ་གློག་རྡུལ་ཕབ་ལེན་དང་ཞུ་དག ཐར་མ་སྤར་སྐྲུན་གྱི་ལས་དོན་སོགས་ལོ་ལྔ་རིང་འབད་འབུངས་ཧུར་ཐག་ཆེ་ཙམ་བགྱིས་ཏེ། སི་ཏུ་པཎ་ཆེན་གྱི་《བཀའ་འབུམ།》ཁྱོན་དེབ་ཆེན་བཅུ་བཞི་དང་། ཁོང་ཉིད་ཀྱིས་གསར་བསྒྲིགས་གནང་བའི་《འཚོལ་བདེ་བའི་དཀར་ཆག་ཀུན་གསར་མེ་ལོང་།》བཅས་ནི་ད་ལམ་དངོས་སུ་དཔར་དུ་བསྐྲུན་ཐུབ་པའི་ལས་ལ་ཞུགས་པ་ནི་བསྟན་པ་གོང་དུ་གཏོད་པའི་ཡ་རབས་དམ་པའི་སྤྱོད་ཚུལ་དང་གསུང་རབ་ལུང་གི་བསྟན་པའི་ཞབས་འདེགས་རླབས་སུ་ཆེའོ་ཞེས་ཡོངས་སུ་བསྟོད་དོ། ། ད་ལམ་ཁོང་ཉིད་ཀྱི་ཞིབ་འཇུག་གི་ལས་གཞི་གཙོ་བོ་ནི་བོད་ཀྱི་གནའ་དཔེ་མྱུར་སྐྱོབ་དང་། དེ་དག་གློག་རྡུལ་རྩིས་འཁོར་དུ་འདྲ་བཤུས་ཅི་ཐུབ་ཐུབ་བྱ་སྟེ་གོ་ལ་ཧྲིལ་པོའི་དོན་གཉེར་ཅན་རྣམས་ལ་གནའ་དཔེའི་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུའི་མཁོ་སྤྲོད་གནང་བརྩིས་བཅས་ལས། དེ་སྐོར་གྱི་གྲུབ་འབྲས་ཀྱང་མང་པོ་ཐོབ་དང་འཐོབ་བཞིན་པའོ། །དེ་མིན་ཁོང་ཉིད་སྤྱི་ལོ་2010ལོར་ཟླ་བ་གཉིས་ཙམ་གྱིས་རིང་ལ་ལེ་བར་ཆིག་ཁྲི་ལྔ་སྟོང་ལྷག་བརྒལ་ཏེ།སྟོད་མངའ་རིས་སྐོར་གསུམ་གཙོས་པའི་བོད་ཡུལ་དང་་ཕྱི་ལོར་ཟླ་བ་གཅིག་ཙམ་གྱིས་རིང་ཡུན་ནན་ཁོང་གཏོགས་བོད་དང་འབྲེལ་བའི་ས་ཁུལ་ཡོངས་རྫོགས།སྔ་ཕྱི་ཞིན་ཅང་། ནང་སོག རི་བོ་རྩེ་ལྔ། པེ་ཅིན་སོགས་བོད་དང་འབྲེལ་བའི་ས་ཁུལ་ཡོངས་རྫོགས་བཅས་ལ་བརྒྱུད་དེ། གནའ་དེང་གི་བོད་ཀྱི་རིག་དངོས་དང་། སྐྱེ་ཁམས་སྲུང་སྐྱོང་བྱས་དང་བྱེད་ཚུལ། མི་རིགས་གཞན་ལ་བོད་ཀྱི་རིགས་གནས་ཤུགས་རྐྱེན་ཐེབས་ཚུལ་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱས་ཏེ། འབྲེལ་ཡོད་ལས་ཁུངས་དང་གསར་འགྱུར་སྡེ་ཁག་ལ་ཞིབ་འབྲས་འབུལ་བས་སྐྱེ་ཁམས་དང་རིག་དངོས་སྲུང་སྐྱོང་ལ་ཕན་ནུས་གང་འཚམས་བྱུང་ཡོད། སྔོན་རྗེས་སུ་ཨ་རིའི་ཁོ་ལན་པུ་ཡ་སློབ་གྲྭ་ཆེན་མོ་དང་། ཨུས་སི་ལི་ཨན་སློབ་གྲྭ་ཆེན་མོ། བྱང་ཁོ་རེ་ཡ་རྒྱལ་ཁབ། འཇར་པན་རྒྱལ་ཁབ་སོགས་སུ་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་རུ་ཞུགས་པ་དང་། རྒྱལ་ནང་དུའང་རྒྱལ་སྤྱིའི་རིག་གཞུང་ཁག་གསུམ་ཙམ་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་རུ་ཞུགས་ནས་ཚོགས་ཐོག་ཏུ་དཔྱད་རྩོམ་བགྲོ་གླེང་བྱས། ཁོང་ཉིད་ཀྱི་འབུལ་བའི་དཔྱད་རྩོམ་འགའ་རེ་དབྱིན་ཇི་དང་། བྱང་ཁོ་རེ་ཡ། འཇར་པན་བཅས་ཀྱི་ཡི་གེར་བསྒྱུར་ཡོད། དེ་ལྟར་ཁོང་ཉིད་ནི་དགེ་རྒན་ཆེན་མོ་ཞིག་གམ་བོད་ཀྱི་ཤེས་ཡོན་པ། འགོ་ཁྲིད་ལས་བྱེད་པ་གང་ཡིན་རུང་། ཡང་ན་གཟེངས་སུ་ཐོན་པའི་གྲུབ་འབྲས་དང་མཚན་སྙན་ཙམ་གྱིས་མི་ཚེ་སྟོང་ཟད་མི་བྱེད་ཅིང་། བདེ་བ་མང་པོ་རྒྱབ་ཏུ་བསྐྱུར་ནས་དཀའ་ངལ་མང་པོ་ཐོད་དུ་བཅིངས་ཏེ་མུ་མཐུད་མི་རིགས་སློབ་གསོའ་ིསྟེགས་བུ་སྟེང་དང་། བོད་རིག་པ་ཞིབ་འཇུག་གི་རྒྱ་མཚོ་གཏིང་དུ་ངལ་དུབ་ཀྱི་གོམ་སྟབས་མདུན་དུ་སྐྱོད་བཞིན་ཡོད་དོ།།

                        2015ལོའི་《གངས་ལྗོངས་ཉི་གཞོན།》དེབ་དྲུག་པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1