མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


(1990ལོའི་ཟླ4བའི་ཚེས16ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་ཞིང་། 1990ལོའི་ཟླ11པའི་ཚེས3ཉིན་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་ཆོག་མཆན་བཀོད་པ། 2005ལོའིཟླ4བའི་ཚེས24ཉིན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ་དེ་གཞིར་བཟུང་ནས། 2005ལོའི་ཟླ11པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བའི་ཆོག་མཆན་གནང་བའི་མགོ་ལོག་བོད་རིག་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལ་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་ཆོད་དོན》དག་བཅོས་བྱས་པ།)
ལེའུ་དང་པོ།སྤྱིའི་རྩ་འཛིན།
     དོན་ཚན་དང་པོ།(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་)དང་(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས)ཀྱི་གཏན་ཕབ་གཞིར་བཟུང་སྟེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་།དཔལ་འབྱོར་རིག་གནས་བཅས་ཀྱི་ཁྱད་ཆོས་ལ་འབྲེལ་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
    དོན་ཚན་གཉིས་པ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་(གཤམ་ནས་བསྡུས་མིང་ལ་རང་སྐྱོང་ཁུལ་ཞེས་བྱ་རྒྱུ་ཡིན)ནི་མགོ་ལོག་ས་ཁུལ་གྱི་བོད་རིགས་མི་དམངས་ཀྱིས་ས་གནས་རང་སྐྱོང་བྱེད་པའི་ས་ཆ་ཡིན། རང་སྐྱོང་ཁུལ་གྱིས་བདག་སྐྱོང་བྱེད་ཡུལ་ནི་རྨ་ཆེན་དང་། རྨ་སྟོད། དགའ་བདེ། དར་ལག པད་མ། གཅིག་སྒྲིལ་བཅས་རྫོང་དྲུག་ཡིན། 
    དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་ཡིན།
    རང་སྐྱོང་ལས་ཁུངས་ཀྱིས་མངའ་འོག་ཏུ་ཆུའུ་དང་རྫོང་ཡོད་པའི་གྲོང་ཁྱེར་གྱིས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་ཡིན་ལ། དུས་མཚུངས་སུ་རང་སྐྱོང་དབང་ཆ་སྤྱོད་རྒྱུ་ཡིན། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱེད་དགོས། 
   དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་འོག་ཏུ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕེན་གྱི་རིག་པའི་གཞུང་ལུགས་དང་།མཚོན་པ་གསུམ་་གྱི་དགོངས་པ་གལ་ཆེན་བཅས་ཀྱིས་མཛུབ་སྟོན་བྱས་ནས། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་དང་། ཚན་རིག་ལྡན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་སྒོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་བཙུགས་ཤིང་དེ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་གྱི་ཁྲིམས་ལུགས་འཐུས་ཚང་། སྤྱི་ཚོགས་རིང་ལུགས་གྱི་དངོས་པོའི་དཔལ་ཡོན། ཆབ་སྲིད་དཔལ་ཡོན། བསམ་བློའི་དཔལ་ཡོན་བཅས་འགྲིག་མཐུན་ངང་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་སྐྱོང་ཁུལ་འདི་ཉིད་དཔལ་འབྱོར་དར་ཞིང་། རིག་གནས་རྒྱས་པ། ཚན་རིག་ཡར་ཐོན། མི་རིགས་མཐུན་སྒྲིལ་། སྤྱི་ཚོགས་བདེ་འཇགས། མི་དམངས་འབྱོར་ཕྱུགསྐྱེ་ཁམས་དོ་མཉམ། ཁོར་ཡུག་མཛེས་ལྡན་བཅས་ཀྱི་རང་སྐྱོང་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་ཐུབ་པ་བྱེད་དགོས། 
     དོན་ཚན་ལྔ་བ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་སྲོང་སྐྱོང་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དེ་རང་ས་ནས་བརྩི་སྲུང་དང་ལག་བསྟར་བྱེད་ཐུབ་པར་འགན་ལེན་བྱེད་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྤྱིའི་ཁེ་ཕན་དེ་ཨང་དང་པོར་བཞག་ནས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་སྤྲད་པའི་ལས་འགན་སྣ་ཚོགས་འགྲུབ་ཐུབ་རྒྱུར་བརྩོན་དགོས།
    དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་མི་འགལ་བའི་གནས་ཚུལ་གྱི་འོག་ཏུ། དམིགས་བསལ་སྲིད་ཇུས་དང་བྱེད་ཐབས་གྲུང་པོ་སྤྱད་དེ། ཁུལ་རང་གི་དཔལ་འབྱོར་དང་། སློབ་གསོ། རིག་གནས། འཕྲོད་སྟེན་སོགས་ཀྱི་བྱ་གཞག་གོང་དུ་འཕེལ་ཚད་ཇེ་མགྱོགས་སུ་གཏོང་དགོས། 
    དོན་ཚན་བདུན་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་། ཚན་སློབ་ཁུལ་དར། རྒྱུན་མཐུན་ངང་འཕེལ་རྒྱས་ཆོག་པ་བཅས་ཀྱི་འཐབ་ཇུས་དངོས་སུ་ལག་བསྟར་བྱ་རྒྱུར་བརྩོན་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་རྒྱུན་མ་ཆད་པར་ཇེ་མགྱོགས་སུ་གཏོང་དགོས་པ་དང་། མི་རིགས་སོ་སོའི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་དེ་གོམ་པ་བརྟན་པོའི་ངང་ཇེ་མཐོར་བཏེགས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེན་དགོས།
    དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕུལ་དུ་བྱུང་བའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བ་དང་། མེས་རྒྱལ་ལ་དགའ་ཞིང་། མི་དམངས་ལ་དགའ་བ་དང་། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་ཀུན་སྤྱོད་འདོན་སྤེལ་བྱེད་དགོས་ལ། མི་རིགས་སི་སོའི་མི་དམངས་ལ་རྒྱལ་གཅེས་རང་ལུགས་དང་སྤྱི་ཚོགས་རང་ལུགས། ཐུན་མོང་རང་ལུགས། མི་རིགས་ཆོས་ལུགས་སྲིད་ཇུས། མི་རིགས་མཐུན་སྒྲིལ།དཀའ་སྤྱད་འབད་བརྩོན། དམངས་གཙོ་དང་ཁྲིམས་ལུགས། ཚན་རྩལ། རིག་གནས་ཤེས་བྱ་སོགས་ཀྱི་སློབ་གསོ་བཏང་ནས། མི་རིགས་སོ་སོའི་སྤྱི་དམངས་ཀྱི་བསམ་བློ་དང་སྤྱོད་ལམ་གྱི་ཚད་དང་ཚན་རིག་དང་རིག་གནས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་འདེགས་དགོས་པ་དང་། ཚན་རིག་དང་། ཡ་རབས།སྐྱོན་བྲལ་བཅས་ལྡན་པའི་འཚོ་བ་རོལ་སྟངས་འདོན་སྤེལ་བྱས་ནས། འཆམ་མཐུན་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ཐད་བརྩོན་དགོས། 
    དོན་ཚན་་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོ་ཚང་མ་འདྲ་མཉམ་ཡིན་པ་དང་། མི་རིགས་སོ་སོའི་སྤྱི་དམངས་ཚང་མས་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབས་པའི་དབང་ཆ་ལོངས་སྤྱོད་ཐུབ་པ་དང་། ཚང་མས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབས་པའི་འོས་འགན་ལག་བསྟར་བྱེད་བྱེད་པར་འགན་སྲུང་བྱེད་དགོས། རང་་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འདྲ་མཉམ་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་སྲུང་སྐྱོང་དང་དེ་འཕེལ་རྒྱས་སུ་གཏོང་བ་དང་། མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོང་བྱས་ནས།མི་རིགས་གང་ཞིག་ལ་མཐོང་ཆུང་བྱེད་པ་གཏན་འགོག་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་བཟོ་བའི་བྱ་སྤྱོད་རང་སྐྱོང་ཁུལ་གྱི་སྲོད་འཛིན་ས་ཁོངས་ནང་གི་མི་རིགས་སོ་སོ་ཚང་མར་མི་རིགས་རང་གི་སྐད་དང་ཡི་གེ་བཀོད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང་། ཚང་མར་རང་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་དང་བཅོས་སྒྱུར་བྱེད་རྒྱུའི་རང་དབང་ཡོད།
    དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ནང་དུ་ཕྱིར་ལོག་པའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་པའི་ཁྱིམ་མི། རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། 
    དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་སྤྱི་དམངས་ཚང་མའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་དགོས་པས། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་གང་རུང་གིས་སྤྱི་དམངས་ལ་བཙན་ཤེད་སྒོས་ཆོས་ལུགས་ལ་དད་དུ་འཇུག་པའམ་ཡང་ན་དད་དུ་མི་འཇུག་པ་བྱེད་མི་ཆོག་ཅིང་། ཆོས་ལུགས་ལ་དད་པ་ཡོད་པའམ་ཡང་ན་དད་པ་མེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག
    རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལ་བརྟེན་ནས་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་གཏོང་དགོས་པ་སྟེ། རྒྱུན་ལྡན་ཡིན་པའི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། བརྩོན་པ་སྤེལ་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་བསྟུན་ཐུབ་པར་ཁྲིད་སྟོན་བྱེད་རྒྱུ། མི་སུ་ཡིན་ཀྱང་ཆོས་ལུགས་བེད་སྤྱད་ནས་སྤྱི་ཚོགས་དང་ཀྱི་སྒྲིག་ལམ་དང་མི་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བརླག་དང་། སྤྱི་དམངས་ཀྱི་ལུས་པོ་བདེ་ཐང་ལ་གནོན་འཚེ་གཏོང་བ། གཉེན་སྒྲིག་དང་འཆར་ལྡན་བུ་སྐྱེ་ལ་ཐེ་གཏོགས་བྱེད་པ། རྒྱལ་ཁབ་ཀྱི་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་ལམ་ལུགས། ཐོན་སྐྱིད་འཛུགས་སྐྲུན། ཚན་རིག་ལག་རྩལ་ཁྱབ་གདལ་གྱི་བྱ་འགུལ་བཅས་ལ་བར་ཆད་གཏོང་མི་ཆོག
རང་སྐྱོང་ཁུལ་གྱི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་གྱིས་རང་ཚུགས་རང་བདག་གིས་རང་སྒྲུབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་བཀོད་སྒྲིག་མི་ཐེབས་པ་བྱེད་དགོས་ལ། ལོག་ཆོས་ཀྱི་བྱ་སྤྱོད་ཡོད་ཚད་གཏན་འགོག་བྱེད་དགོས། 
    དོན་ཚན་བཅུ་གཉིས་།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་འགལ་བའི་གྱོང་གསབ་ལེན་པ་(སྐྱོན་ཚབ་ལེན་པའི)བྱ་སྤྱོད་གཏན་འགོག་བྱས་ནས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་གཅིག་གྱུར་རང་བཞིན་དང་གཟབ་གནན་རང་བཞིན་སྲུང་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་འཁྲུལ་མེད་བྱེད་པར་འགན་ལན་བྱེད་དགོས། 
ལེའུ་གཉིས་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས། 
    དོན་ཚན་བཅུ་གསུམ་པ།རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནི་རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཡིན་ཞིང་། དེའི་རྒྱུན་གཉེར་ལས་ཁུངས་ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་འགན་པའམ་གཙོ་འགན་གཞོན་པའི་འགན་དེ་བོད་རིགས་སྤྱི་འབངས་ཀྱི་ཁུར་དགོས།
    རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད།བོད་རིགས་སྤྱི་དམངས་ཀྱིས་ཕྱེད་གྲངས་ཡན་ཟིན་དགོས།
    དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བྱ་བའི་དགོས་མཁོ་གཞིར་བཟུང་ནས།ཁྲིམས་ལྟར་འབྲེལ་ཡོད་ཀྱི་ཆེད་བཙུགས་ཨུ་ཡོན་ལྷན་ཁང་འཛུགས་དགོས། 
     རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་དགོས་མཁོ་གཞིར་བཟུང་ནས། ཁྲིམས་ལྟར་བྱ་བའི་ལས་ཁུངས་དང་དོན་སྒྲུབ་ལས་ཁུངས་འཛུགས་དགོས། 
    དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ཚུགས་གྲོན་དངུལ་དང་ཁྲིམས་ཚུགས་བརྟག་དཔྱད་ཞིབ་འཇུག་གི་གྲོན་དངུལ་དེ་རིམ་པ་དེའི་ནོར་སྲིད་སྔོན་རྩིས་ཀྱི་ནང་དུ་འཇོག་དགོས།
དོན་ཚན་བཅུ་དྲུག་པ། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང་། ཐག་བཅད་། བཀའ་སྐུལ།མཛུབ་སྟོན་སོགས་ཀྱི་ཁྲོད་གལ་ཏེ་རང་སྐྱོང་ཁུལ་གྱི་གནས་ཚུལ་དངོས་དང་མི་འཚམས་པ་ཡོད་ན། རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ལས་ཁུངས་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་རྗེས།བབ་བསྟུན་བཟོ་བཅོས་བྱས་ནས་ལག་བསྟར་བྱེད་པའམ་ཡང་ན་ལག་བསྟར་བྱེད་མཚམས་འཇོག་ཆོག
     དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལག་བསྟར་ལས་ཁུངས་ཡིན་ཞིང་། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཡིན།
     རང་སྐྱོང་ཁུལ་གྱི་ཁུལ་གཙོའི་འགན་དེ་བོད་རིགས་སྤྱི་དམངས་ཀྱིས་འཁུར་དགོས། 
    དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས་པའི་བྱ་བའི་སྡེ་ཁག་སོ་སོའི་འགོ་ཁྲིད་པའི་ཁོང་མིའི་ནང་དུ། ཆེས་ཉུང་ན་ཡང་བོད་རིགས་ཀྱི་སྤྱི་དམངས་གཅིག་བཀོད་སྒྲིག་བྱེད་དགོས་པ་དང་།བྱ་བའི་མི་སྣ་གཞན་པའི་ནང་། ལུགས་མཐུན་ངང་བོད་རིགས་དང་མི་རིགས་གཞན་པའི་མི་སྣ་བཀོད་སྒྲིག་བྱེད་དགོས། 
   དོན་ཚན་བཅོ་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བརྩོན་པ་བྱས་ནས་རྒྱལ་ཡོངས་སུ་ཐུན་མོང་དུ་བཀོད་བཞིན་པའི་སྤྱི་སྐད་ཁྱབ་གདལ་དུ་གཏོང་རྒྱུ་དང་། མི་རིགས་སོ་སོའི་སྤྱི་དམངས་ལ་ཕན་ཚུན་བར་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བེད་སྤྱོད་བྱེད་རེས་བྱེད་རྒྱུ་དར་སྤེལ་དང་དེར་སྐུལ་མ་གཏོགས་དགོས་ལ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ལས་འགན་ལག་བསྟར་བྱེད་སྐབས་།རྒྱ་བོད་གཉིས་ཀྱི་སྐད་དང་ཡི་གེ་མཉམ་བཀོལ་ལམ་ཡང་ན་སོ་སོར་བཀོལ་དགོས།
   རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་དོན་ལས་ལས་ཁུངས་ཀྱི་གཞུང་ཐམས་དང་སྒོ་གླེགས་བཅས་ཚང་མའི་སྟེང་དུ་རྒྱ་བོད་གཉིས་ཀྱི་ཡི་གེ་མཉམ་དུ་ཡོད་དགོས། 
    རང་སྐྱོང་ཁུལ་གྱི་ནང་གི་བོད་ཀྱི་སྐད་ཡིག་ལོ་ཙྰ་དང་ཞིབ་འཇུག་བྱ་བའི་ལས་ཁུངས་ཀྱིས་བོད་ཀྱི་སྐད་དང་ཡི་གེའི་ལོ་ཙྰ་དང་ཞིབ་འཇུག་བྱ་བ་བཟང་སྒྲུབ་བྱས་ནས། བོད་ཀྱི་སྐད་དང་ཡི་གེ་དེ་རྒྱུན་མ་ཆད་པར་འཕེལ་རྒྱས་ཡོང་བར་ཡར་སྐུལ་གཏོང་དགོས།
   དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་བརྟེན་སྲིད་འཛིན་རྒྱུན་འཁྱོངས་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་བརྩོན་སྤེལ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན། དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྲུན་སྐུལ་སྤེལ། ཁྲིམས་བརྟེན་ཁུལ་སྐྱོང་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། 
    དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དམག་མི་བསྡུས་བ་དང་། དམག་ཁོམས་ནས་ཕྱིར་ལོག་པའི་དམག་མི་བཀོད་སྒྲིག་དང་གཟིགས་སྐྱོང་བྱེད་པའི་བྱ་བ་བཟང་སྒྲུབ་བྱེད་རྒྱུ་དང་། དམངས་དམག་དང་གྲ་སྒྲིག་དམག་སྐུལ་བའི་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས།
ལེའུ་གསུམ་པ། རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། 
    དོན་ཚན་ཉེར་གཉིས། རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་ནི་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱི་ཁྲིམས་གཅོད་ལས་ཁུངས་ཡིན་ལ། རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་ནི་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས། 
   རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་བསྟར་འགན་འཁྲིའི་ལམ་ལུགས་དང་། ནོར་འཆུག་གྱོད་གཞིའི་འགན་འཁྲི་རྩད་གཅོད་ལམ་ལུགས་བཙུགས་ནས་དེ་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་རོགས་སྐྱོར་ལམ་ལུགས་ལག་བསྟར་དང་འཐུས་ཚང་དུ་བཏང་ནས།རྒྱལ་ཁབ་དང་ཐུན་མོང་གི་ཁེ་ཕན་དང་། མ་ཟད་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།
   དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་པའི་ཁོང་མི་དང་བྱ་བའི་མི་སྣའི་ནང་དུ། ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཡོད་པའི་མི་རིགས་ཀྱི་མི་སྣ་ཡོད་དགོས།
   དོན་ཚན་ཉེར་བཞི་བ། རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རང་སྐྱོང་འཕེལ་བའི་ངང་ཁྲིམས་གཅོད་དབང་ཆ་བཀོད་སྤྱོད་བྱེད་དགོས། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་དེ་ནས་ཀུན་གྱིས་བཀོལ་བཞིན་པའི་སྐད་དང་ཡི་གེ་བེད་སྤྱད་ནས་གྱོད་དོན་ཞིབ་གཅོད་བྱེད་དགོས་པ་དང་མཉམ་དུ། ས་དེ་ནས་ཀུན་གྱིས་བཀོལ་བཞིན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེར་བྱང་ཆུབ་པའི་འདྲི་གཅོད་པ་དང་། གཞུང་གཏུག་པ་བཀོད་སྒྲིག་བྱེད་དགོས་ལ།ས་དེ་ནས་ཀུན་གྱིས་བཀོལ་བཞིན་པའི་སྐད་དང་ཡི་གེ་མི་ཤེས་པའི་གཏུག་བཤེར་ནང་ཞུགས་མཁན་ལ་ལོ་ཙྰ་མཁོ་སྤྲོད་བྱེད་དགོས་། བཅའ་ཁྲིམས་ཀྱི་ཡིག་རིགས་ཐད་དགོས་མཁོ་ངོ་མ་གཞིར་བཟུང་ནས་རྒྱ་བོད་གཉིས་ཀྱི་ཡི་གེ་བཀོལ་ནས། མི་རིགས་སི་སོའི་སྤྱི་དམངས་ཀྱིས་མི་རིགས་རང་གི་སྐད་དང་ཡི་གེ་བེད་སྤྱད་ནས་གཏུག་བཤེར་བྱེད་པའི་དབང་ཆར་འགན་སྲུང་བྱེད་དགོས་།
ལེའུ་བཞི་བ།རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན། 
    དོན་ཚན་ཉེར་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམ་སྒྲིག་དང་ཚོན་འཛིན་གྱི་མཛུབ་སྟོན་འོག་ཏུ། ཁུལ་རང་གི་གནས་ཚུལ་དངོས་གཞིར་བཟུང་ནས། དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས།འཆར་གཞི་བཅས་གཏན་འབེབ་བྱེད་དགོས་པ་དང་། 
དཔལ་འབྱོར་འཛུགས་སྐྲུན་ལ་རང་བདག་བྱས་ནས་བཀོད་སྒྲིག་དང་དོ་དམ་བྱེད་དགོས། 
     རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབ་དང་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་གཞིར་བཟུང་ནས། དཔལ་འབྱོར་སྒྲིག་སྲོལ་ལུགས་མཐུན་ངང་ལེགས་སྒྲིག་བྱིད་པ་དང་། ཤུགས་ཆེན་པོས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ། 
དཔལ་འབྱོར་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས།
    དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཐུན་མོང་ལ་དབང་བའི་ལམ་ལུགས་གྲུབ་ཆ་གཙོ་བོ་དང་། དབང་བའི་ལམ་ལུགས་སྣ་ཚོགས་མཉམ་དུ་སྤེལ་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་ལ། ཐུན་མོང་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་དེ་གཙིགས་འཛིན་དང་སྐྱེད་གསོ་བྱས་ནས། ཁྲིམས་ལྟར་དེའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། ཕན་འབྲས་ཅན་གྱི་བྱེད་ཐབས་སྤྱད་ནས། མ་དངུལ་གཏོང་སའི་ཁོར་ཡུག་ལེགས་སྒྱུར་བྱས་ཏེ།ཐུན་མོང་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས། 
    དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་་གཞིར་འཛིན་པ་དང་། བསྟུན་མར་འཕེལ་ཆོག་པ་དང་ཡུན་རིང་བོར་རྒྱུན་མཐུད་དེ་བེད་སྤྱོད་བྱེད་པའི་རྩ་དོན་ལྟར་དུ། ཁུལ་ནང་གི་གཏེར་ཁ་དང་། བཞུར་ཆུ། ནགས་ཚལ། རྩྭ་ཐང་། ས་ཆ་བཅས་དང་། མ་ཟད་དཀོན་ཅིང་རྩ་ཆེན་ཡིན་པའི་སྲོག་ཆགས་དང་སྐྱེ་དངོས་ལ་སོགས་པའི་རང་བྱུང་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོང་བྱས་ནས། རྩ་འཛུགས་གང་དང་མི་སུ་ཡིན་གྱིས་རང་བྱུང་ཐོན་ཁུངས་ལ་གཏོར་བརླག་བྱེད་པ་གཏན་འགོག་བྱེད་དགོས། 
    རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གཏེར་ཁའི་ཐོན་ཁུངས་གསར་འབྱེད་དང་བེད་སྤྱོད་བྱེད་པའི་ཐད་རིན་ཡོད་བེད་སྤྱོད་ལམ་ལུགས་ལག་བསྟར་བྱེད་དགོས་པ་སྟེ།གཏེར་ཁའི་ཐོན་ཁུངས་གསར་འབྱེད་བྱེད་དགོས་ཚེ། ངེས་པར་དུ་ཁྲིམས་ལྟར་གཏེར་ཁའི་ཐོན་ཁུངས་ཀྱི་གསབ་རིན་དངུལ་དང་།གཏེར་བསྐོ་བའི་དབང་ཆ་བཀོལ་སྤྱོད་ཀྱི་རིན་དངུལ། གཏེར་བསྐོ་བའི་དབང་ཆ་ནང་བཤུག་གི་རིན་དངུལ་གྱི་བཅས་སྤྲོད་དགོས་ལ། གཏེར་ཁའི་ཐོན་ཁུངས་ཀྱི་ཁ་གསབ་རིན་དངུལ་དེ་དག་རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཐག་བཅད་ལྟར་བསྡུ་ལེན་བྱས་ནས།རྒྱལ་ཁབ་ལ་སྤྲོད་དགོས་པའི་ཁག་དེ་ཡར་སྤྲོད་བྱེད་རྒྱུ་ལས་གཞན། ལྷག་མའི་ཁག་དེ་ཆེད་བཀོད་རྣམ་གྲངས་སུ་བཞག་ནས་གཏེར་ཁའི་ཐོན་ཁུངས་ཀྱི་གསར་འབྱེད་དང་བཀོད་སྤྱོད།སྤང་ལྗོངས་སླར་གསོ་སོགས་ཀྱི་ཐད་ལ་བཀོད་དགོས།
    དོན་ཚན་ཉེ་བརྒྱད་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕྱུགས་ལས་ཀྱིས་གཙོ་ཁྲིད་བྱེད་དགོས་པས། རྩ་གཉེར་ལས་དོན་དུ་བརྩི་བ་དང་། སྒྲིག་སྲོལ་ལེགས་སྒྲིག ཚན་རྩལ་ལ་རྟེན་པ། ཚོང་རྫས་མང་གཏོང་བཅས་བྱེད་པའི་ཕྱུགས་ལས་ཐོན་སྐྱེད་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཕྱུགས་ལས་ཀྱི་རྒྱུན་མཐུན་དང་། བརྟན་པོ། འགྲིག་མཐུན་བཅས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས། 
   དོན་ཚན་ཉེར་དགུ་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་རོགས་རམ་འོག་ཏུ། རྩྭ་ཐང་འཛུགས་སྐྲུན་ཐད་ཀྱི་གཏོང་དངུལ་དེ་རིམ་བཞིན་ཇེ་མང་ལ་གཏོང་བ་དང་།རྩྭ་ཐང་ལ་དོ་དམ་དང་དེ་འཛུགས་སྐྲུན་བྱེད་པའི་ལམ་ལུགས་བཙུགས་ཤིང་ཇེ་འཐུས་སུ་བཏང་ནས། རྩྭ་ཐང་གི་སྲུང་སྐྱོང་དང་དོ་དམ་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་གཏོང་དགོས་ལ།རྩྭ་ས་སྤྱི་ལ་དབང་བ་དང་།ཐུན་མོང་དང་ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པ།སུས་བཀོལ་སྤྱོད་བྱས་ན་དེས་དོ་དམ་བྱེད་པ་དེ་འཛུགས་སྐྲུན་བྱེད་པའི་འགན་ལེན་གྱི་བདག་གཉེར་ལམ་ལུགས་ལག་བསྟར་དང་། རྩྭ་ས་བེད་སྤྱོད་བྱེད་པའི་དབང་ཆ་དེ་བཅའ་ཁྲིམས་ནང་གཏན་འབེབ་བྱས་ཡོད་པ་ལྟར་ནང་བཤུག་དང་། ལག་བརྒྱུད་འགན་ལེན། བོག་མར་གཏོང་བ། རྐང་མར་འཇོག་པ་སོགས་བྱས་ཆོག་ལ། མང་ཚོགས་ཀྱིས་རྩྭ་ར་སྐོར་བ་དང་། རྩྭ་འདེབས་པ། སྤྱིལ་བུ་དང་། གཏན་སྡོད་བྱེད་ས་། འགྲིལ་འགྲུལ། གློག་ཁུངས། རྒྱང་བསྒྲགས།བརྙན་འཕྲིན་སོགས་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་སྐུལ་མ་གཏང་ནས།གནོད་འཚེ་འགོག་པའི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་།མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དང་མིའི་གནས་ཡུལ་གྱི་ཁོར་ཡུག་ཇེ་བཟང་ལ་སྒྱུར་དགོས། 
     དོན་ཚན་སུམ་ཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དབུལ་སྐྱོར་བྱ་བར་མཐོང་ཆེན་དང་ཤུགས་སྣོན་བཏང་ནས།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ཏུ།དབུལ་སྐྱོར་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས། 
     དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བྱེད་ཐབས་ཕན་འབྲས་ཅན་སྤྱད་ནས། མང་ཚོགས་རྩ་འཛུགས་དང་དེ་ལ་ཁྲིད་སྟོན་བྱས་ཏེ་ཕྱུགས་ཁྱུ་དང་ཕྱུགས་རྒྱུད་སྒྲིག་སྲོལ་ལེགས་སྒྲིག་བྱེད་དུ་འཇུག་དགོས་པ་དང་། ཆ་རྐྱེན་ཡོད་པའི་ས་ཆ་ནས་སྒྲིག་ཆས་ཕྱུགས་ལས་སྐུལ་སྤེལ་བྱེད་རྒྱུ་དར་སྤེལ་དང་དེའི་ཐད་སྐུལ་མ་གཏོང་བ་དང་། སྤྱིལ་གསོ་དང་སྤྱིལ་གསོ་ཕྱེད་ཀྱི་ཕྱུགས་ལས་འཕེལ་རྒྱས་སུ་གཏང་ནས། ཕྱུགས་ཟོག་གི་གསོན་འཕེལ་གྱི་ཚད་དང་། ལྷས་འབུད་གྱི་ཚད། ཚོང་རྫས་ཀྱི་ཚད་བཅས་མཐོར་འདེགས་དང་། ཕྱུགས་ལས་ཀྱི་སྤྱི་ཡོངས་ཕན་འབྲས་མཐོར་འདེགས་གཏོང་དགོས། 
དོན་ཚན་སོ་གཉིས་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྲོག་ཆགས་ཀྱི་རིམས་འགོག་དང་།རིམས་བརྟག་བྱ་བ་གཙིགས་འཛིན་བྱས་ནས། སྔོན་འགོག་གཙོ་བོ་དང་།བརྟག་དཔྱད་ཀྱིས་སྔོན་འགོག་ལ་སྐུལ་བ། འགོག་བརྟག་ཟུང་འབྲེལ། འགོགབརྟགསྐུལ་གསུམ་མཉམ་དུ་གཙོ་བོར་འཇོག་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྲོག་ཆགས་ཀྱི་རིམས་འགོག་དང་། རིམས་བརྟག ལྟ་སྐུལ་བཅས་ཀྱི་ཕྱུགས་སྨན་བྱ་བའི་དཔུང་སྡེ་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གཞི་རིམ་གྱི་རིམས་འགོག་དང་རིམས་བརྟག་མི་སྣ་དང་།རོང་འབྲོག་པའི་གསོ་སྦྱོང་ལ་ཤུགས་སྣོན་བཏང་ནས།སྲོག་ཆགས་ཀྱི་རིམས་འགོག་དང་རིམསབརྟག་བྱ་བའི་ཤུགས་ཇེ་ཆེར་གཏོང་དགོས།
དོན་ཚན་སོ་གསུམ་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྱིམ་ཚང་གི་ཐོན་སྐྱེད་མཉམ་འབྲེལ་འགན་གཙང་ལེན་གྱི་འགན་ཁུར་ལམ་ལུགས་རྣམ་པ་སྣ་ཚོགས་བརྟན་འཇགས་དང་མུ་མཐུན་ནས་འཐུས་ཚང་དུ་བཏང་སྟེ་། རང་འཐད་གཉིས་ཕན་ཚུན་འཁྱོངས་སྒོས་མཉམ་ལས་དང་མཉམ་འབྲེལ་གྱི་རྣམ་པ་སྣ་ཚོགས་འདོན་སྤེལ་བྱེས་ནས།རྒྱ་ཁྱོན་འཚམ་པའི་བདག་གཉེར་ཐབས་ཤིག་འོས་འཚམ་ངང་སྤེལ་ཏེ།ཕྱུགས་ལས་དཔལ་འབྱོར་དེ་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས། 
    དོན་ཚན་སོ་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ནགས་ལས་འཛུགས་སྐྲུན་གྱི་བྱེད་ཕྱོགས་དང་ནགས་ལས་འཕེལ་རྒྱས་ཀྱི་འཆར་འགོད་གཞིར་བཟུང་ནས།རང་སྐྱོང་ཁུལ་གྱི་ནགས་ལས་འཕེལ་རྒྱས་ཀྱི་འཆར་གཞི་གཏན་ལ་འབེབ་དགོས་ལ།རང་བྱུང་ནགས་ཚལ་གཅོད་བཏུ་བྱེད་པ་ཁྱོན་ཡོངས་ནས་གཏན་འགོག་དང་།ཡོངས་ཁྱབ་ཀྱིས་ནགས་ལ་སྲུང་སྐྱོབ་བྱེད་པ་།ཧུར་བརྩོན་སྒོས་ནགས་སྐྲུན་པ།རི་རྒྱ་ནགས་གསོ་བྱེད་པ་བཅས་བྱེད་རྒྱུ་ལག་བསྟར་བྱས་ནས། ནགས་ཚལ་གྱི་ཁེབ་རྒྱ་ཇེ་ཆེར་གཏོང་དགོས། 
    རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་འདིའི་ས་ཁོངས་ནང་གི་ནགས་ཚལ་ཐོན་ཁུངས་ལ་དོ་དམ་དང་དེ་བེད་སྤྱོད་བྱེད་དགོས་པས། ནགས་ཤིང་ལ་དོ་དམ་བྱེད་པའི་བྱ་བར་ཤུགས་བསྣན་ནས། དེ་ལྐོལ་གཅོད་དང་རྙོག་གཅོད་བྱེད་པ་གཏན་འགོག་དང་།ནགས་ཚལ་ཀྱི་མེ་གནོན་ནན་འགོག་བྱས་ཏེ།ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་དགོས།
   དོན་ཚན་སོ་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕྱུགས་ལས་ཐོན་སྐྱེད་ཐད་རྩྭ་ས་ལྟར་ཕྱུགས་གཏན་འཁེལ་དང་རྩྭ་ཕྱུགས་གཉིས་དོ་མཉམ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་ངང་རྩྭ་ས་བེད་སྤྱོད་བྱས་ཏེ། ཤོང་ཚད་ལས་བརྒལ་བའི་ངང་འཚོ་སྐྱོང་བྱེད་པ་འགོག་པ་དང་། ཉམས་ཞན་ཀྱི་ཚད་ཡང་བའི་རྩྭ་སའི་སྟེང་ནས་ཕྱུགས་ཚོད་འཛིན་བྱེད་པ་འམ་ཡང་ན་འཚོ་སྐྱོང་བྱེད་མཚམས་འཇོགས་དགོས་པ་དང་། ཉམས་ཞན་གྱི་ཚད་འབྲིང་བ་ཡན་གྱི་རྩྭ་སའི་སྟེང་ནས་འཚོ་སྐྱོང་གི་མཚམས་འཇོག་དགོས་པའམ་ཡང་ན་འཚོ་སྐྱོང་བྱེད་རྒྱུ་ཁྱོན་ཡོངས་ནས་འགོག་དགོས་། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཞིང་ལས་དང་ཁུལ་མི་དམངས་སྲིད་གཞུང་གིས་དབྱེ་མཚམས་བཅད་པའི་ས་ཆུ་ཉམས་ཤོར་ཀྱི་གནད་སའི་སྔོན་འགོག་བྱེད་ས་དང་ལྟ་སྐུལ་དང་བཅོས་སྐྱོང་བྱེད་ས་ལ། རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་ལག་རྩལ་ཚད་ལྡན་ལྟར་དུ།འཆར་གཞི་ཡོད་པའི་སྒོ་ནས་ས་ཆུ་ཉམས་ཞན་དུ་གྱུར་བ་དེ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་ནས་སྐྱེ་དངོས་བརྐོ་བཏུ་དང་རྩྭ་ཐང་གི་སྤང་ས་ལ་གཏོར་བརླག་བྱེད་པའི་བྱ་འགུལ་གཞན་དག་སྤེལ་བ་གཏན་འགོག་བྱེད་དགོས།
     དོན་ཚན་སོ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱས་ཡོད་པའི་རི་སྐྱེས་སྲོག་ཆགས་རྔོན་པ་གཏན་འགོག་བྱེད་དགོས་པས། བབ་མཐུན་གྱི་བྱེད་ཐབས་སྤྱད་ནས།རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་བྱེད་ས་གཙོ་བོ་དག་གི་མིའི་འགུལ་སྐྱོད་ལ་ཚོད་འཛིན་བྱེད་པའམ་དེ་ཇེ་ཉུང་ལ་གཏོང་དགོས།
     དོན་ཚན་སོ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ཏུ། ཁུལ་ནང་གི་འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན་དང་། མཚེའུ། མ་ཟད་མཐོ་སྒང་གི་རླན་སའི་སྐྱེ་ཁམས་ཁོར་ཡུག་སོགས་ལ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་བསྣན་ནས། དེ་བཙོག་འགྱུར་དང་གཞན་པའི་སྤྱི་གནོན་འབྱུང་བ་བཀག་སྟེ། སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོབ་དང་། སྐྱེ་ཁམས་ཁོར་ཡུག་བཟང་སྒྱུར་བྱེད་དགོས། གསར་འབྱེད། དོ་དམ་བཅས་བྱེད་དགོས་པ་སྟེ། ཆུ་ལེན་ཆོག་པའི་ལམ་ལུགས་དང་ཆུའི་ཐོ་ན་ཁུངས་རིན་ཡོད་བེད་སྤྱོད་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། བསྡུ་ལེན་བྱས་པའི་ཆུའི་ཐོན་ཁུངས་ཀྱི་རིན་དངུལ་ཡོད་ཚད་དེ་རང་སྐྱོང་ཁུལ་གྱིས་ཆེད་བཀོད་རྣམ་གྲངས་སུ་བཞག་ནས་ཆུའི་ཐོན་ཁུངས་གསར་འབྱེད་དང་སྲུང་སྐྱོབ་ཐད་བཀོལ་དགོས།
    དོན་ཚན་སོ་བརྒྱད་པ།རང་སྐྱོང་ཁུལ་གྱི་རང་་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་རོགས་སྐྱོར་འོག་ཏུ།ཁྱད་ཆོས་ཅན་གྱི་ཡུལ་སྐོར་སྤྲོ་སེང་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས་པ་སྟེ།ས་གནས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་།ཆོས་ལུགས་ཀྱི་རིག་གནས། “རྨ་འབྲི་རྫ་གསུམ་འབྱུང་ཁུངས”ཀྱི་རང་བྱུང་སྲུང་སྐྱོང་ས་ཁུལ་ལ་སོགས་པའི་ས་ཁུངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོལ་སྤྲོ་སེང་ཐོན་ཁོངས་གསོ་སྐྱོང་དང་། གསར་སྤེལ།བེད་སྤྱོད་བཅས་བྱེད་དགོས། 
    དོན་ཚན་སོ་དགུ་པ། རང་སྐྱོང་ཁུལ་གྱི་བཟོ་ལས་ཐད་ཚོང་ར་ཁྲིད་ཕྱོགས་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་དེ་འཛུགས་སྐྲུན་བྱེད་པ་དེ་སྔོན་འགྲོའི་ཆ་རྐྱེན་བྱེད་པ་དང་། གནས་བབ་བཟང་བའི་ཐོན་ཁུངས་ལ་རྒྱབ་རྟེན་བྱེད་པ། ཕྱུགས་ལས་ཐོན་ལས་ཅན་གཙོ་བོ་བྱེད་པ་བཅས་བྱས་ནས། བསྟུན་མར་འཕེལ་ཆོག་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས། ཁྱད་ཆོས་ཅན་གྱི་ཐོན་ལས་དང་། ཀ་རྟེན་ལྟ་བའི་ཐོན་ལས། སྣེ་འཁྲིད་ཐུབ་པའི་རྐང་འཛིན་ཐོན་ལས་བཅས་སྐྱེད་གསོ་དང་འཕེལ་རྒྱས་སུ་གཏོང་དགོས། 
དོན་ཚན་བཞི་བཅུ་བ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་བརྩོན་སྤེལ་བྱེད་དགོས་པ་དང་། དམིགས་བསལ་སྲིད་ཇུས་གཏན་ལ་ཕབས་ནས། མ་དངཽུ??་དང་ཤེས་ལྡན་མི་སྣ། ལག་རྩལ། སྒྲིག་ཆས་བཅས་ནང་འགྲེན་བྱེད་རྒྱུ་དང་། ཁུལ་ཕྱིའི་མ་དངུལ་གཏོང་མཁན་ལ་རང་ཁུལ་དུ་ཡོང་ནས་དཔལ་འབྱོར་དངོས་གཞིའི་རིགས་སྣ་ཚོགས་སྒྲུབ་སྤེལ་བྱེད་རྒྱས་སྐུལ་མ་གཏོང་དགོས་པ་དང་མཉམ་དུ།བཅའ་ཁྲིམས་ལྟར་མ་དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།
   དོན་ཚན་ཞེ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བརྩོན་པ་བྱས་ནས་ཕྱི་རྒྱལ་ལ་འཚོང་རྒྱུའི་ཚོང་རྫས་ཐོན་སྐྱེད་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་གཏན་འབེབ་ལྟར་དུ། ཕྱི་དངུལ་དོ་དམ་ལ་ཤུགས་སྣོན་གཏོང་དགོས། 
   དོན་ཚན་ཞེ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་གྱི་སྲིད་ཇུས་སྤྱད་ནས།མི་རིགས་ཀྱི་ཉོ་ཚོང་བརྩོན་སྤེལ་དང་། ཁེ་ལས་ལ་མི་རིགས་ཀྱི་ཁྱད་མཁོའི་བཀོལ་རྫས་ཀྱི་ཐོན་སྐྱེད་ཐད་མ་དངུལ་བཏང་ནས། གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་། འཚོ་བའི་དགོས་མཁོ་སྐོང་རྒྱུའི་སྐུལ་མ་གཏོང་དགོས།
    དོན་ཚན་ཞེ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མཁར་གྲོང་གི་འཆར་འགོད་ཀྱིས་མཛུམ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རྫོང་མཁར་ཆགས་ཡུལ་དང་གྲོང་བརྡལ་ཆུང་བ་གཙོ་གྲས་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་།གྲོང་བརྡལ་ཆུང་བའི་དོ་དམ་ལམ་ལུགས་བཙུགས་ནས་དེ་འཐུས་ཚང་དུ་གཏོང་བ།དམིགས་བསལ་གྱི་སྲིད་ཇུས་བེད་སྤྱོད་སྒོས།འབྲོག་ཁུལ་གྱི་མི་འབོར་དེ་གོ་རིམ་ཡོད་པའི་ངང་ནས་གྲོང་བརྡལ་ལ་གནས་སྤར་རྒྱའི་ཁྲིད་སྟོན་བྱེད་པ་དང་མཉམ་དུ།ཐབས་ཤེས་སྣ་ཚོགས་སྤྱད་ནས་གསོ་སྦྱོང་བྱས་ཏེ།ཁོང་ཚོའི་ངལ་རྩོལ་གྱི་རྩལ་ནུས་ཇེ་བཟང་ལ་གཏོང་དགོས་ལ།ཞིང་ཆེན་དང་ཁུལ་གྱིས་གཤམ་དུ་གནང་བའི་གསོ་སྦྱོང་གྲོན་དངུལ་ཞིག་ཡིན་ཕྱིན། ལས་ཁུངས་གང་ཡིན་ཀྱང་དེ་འཐེན་འཕྲི་དང་། བཅད་ཉར། གཞན་བཀོལ་སོགས་བྱེད་མི་ཆོག་པ་ཡིན།
    དོན་ཚན་ཞེ་བཞི། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་ལུགས་གཞིར་བཟུང་ནས། ཁྲོམ་ར་ཁྲིད་ཕྱོགས་ཡིན་པའི་ལས་ཞུགས་ནང་རྐྱེན་བཙུགས་ཤིང་དེ་ཇེ་འཐུས་སུ་བཏོང་ནས། ལས་ཞུགས་དང་ཡང་སྐྱར་ལས་ཞུགས་བྱ་བར་ཡར་སྐུལ་གཏོང་དགོས་པ་དང་། སྲིད་གཞུང་གིས་སྤྱི་ཚོགས་འགན་སྲུང་ཐད་ཀྱི་གཏོང་དངུལ་ཇེ་མང་ལ་བཏང་ནས། རྒན་གསོ། སྨན་བཅོས། ལས་ཤོར། ལས་རྨས། བུ་སྐྱེ་སོགས་ཀྱི་འགན་སྲུང་ལས་དོན་མགྱོགས་སྤེལ་དང་། སྤྱི་ཚོགས་འགན་སྲུང་མ་ལག་གི་འཛུགས་སྤེལ་ཇེ་འཐུས་སུ་བཏང་ནས། ངལ་རྩོལ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།
ལེའུ་ལྔ་བ།  རང་སྐྱོང་ཁུལ་གྱི་ནོར་སྲིད་དོ་དམ། 
    དོན་ཚན་ཞེ་ལྔ་བ། རང་སྐྱོང་ཁུལ་གྱི་ནོར་སྲིད་ནི་རིམ་པ་དང་པོའི་ས་གནས་ནོར་སྲིད་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་ཀྱི་གྲུབ་ཆ་ཞིག་ཡིན་ལ། རང་སྐྱོང་ཁུལ་གྱི་ནོར་སྲིད་ཡོང་འབབ་དང་ནོར་སྲིད་འགྲོ་གཏོང་གི་རྣམ་གྲངས་ཐད། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་ཁུལ་ལ་བཀོལ་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་རྒྱུ་དང་། རང་སྐྱོང་ཁུལ་གྱི་ནོར་སྲིད་ཡོང་འབབ་ཀྱི་ཁོངས་གཏོགས་ཅིག་ཡིན་ཕྱིན། དེ་ཉིད་རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་ཆོད་པའི་སྒོས་བཀོད་སྒྲིག་དང་བཀོལ་སྤྱོད་བྱེད་དགོས།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐད་ཆོག་པའི་སྒོས་རང་སྐྱོང་ཁུལ་གྱི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་ཡོང་སྙོམས་སྒྲིག་དང་བཀོལ་སྤྱོད་བྱེད་དགོས། 
    དོན་ཚན་ཞེ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ནོར་སྲིད་ལམ་ལུགས་འོག་ཏུ། རྒྱལ་ཁབ་ཀྱི་ཚད་ལྡན་ཡིན་པའི་ནོར་སྲིད་གཏོང་ཕྱོགས་སྤོ་སྒྱུར་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད་ནས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་ནོར་སྲིད་སྤོ་སྒྱུར་བྱས་པའི་གཏོང་སྤྲོད་དང་།ཆེད་བཀོད་རྣམ་གྲངས། མི་རིགས་ཀྱི་དམིགས་བསལ་སྲིད་ཇུས་ཀྱི་ནོར་སྲིད་སྤོ་བསྒྱུར་གཏོང་སྤྲོད་།མ་ཟད་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་གཏན་ལ་ཕབས་ཡོད་པའི་གཟིགས་སྐྱོང་གི་ཐབས་ཤེས་གཞན་དག་བཅས་ལོངས་སྤྱོད་བྱེད་དགོས། རང་སྐྱོང་ཁུལ་གྱིས་གནོན་འཚེ་ཚབ་ཆེན་དང་། རྒྱལ་ཁབ་ཀྱིས་དཔལ་འབྱོར་སྲིད་ཇུས་ལེགས་སྒྲིགས་བྱས་པ། དཔྱ་ཁྲལ་ལེན་པའི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བ་བཅས་དང་། ཡང་ན་ཁྱད་པར་ཅན་གྱི་རྐྱེན་གཞན་དག་ལས་བཟོས་པའི་རང་སྐྱོང་ཁུལ་གྱི་ནོར་སྲིད་ཐད་ཡོང་འབབ་ཇེ་ཉུང་ལ་སོང་བའམ་འགྲོ་སྒྲོ་ཇེ་མང་ལ་སོང་སྐབས་སུ་གནང་བའི་ནོར་སྲིད་ཀྱི་སྤོ་བསྒྱུར་གཏོང་སྤྲོད་དེ་ལོངས་སྤྱོད་བྱེད་དགོས།
    རང་སྐྱོང་ཁུལ་གྱི་ནོར་སྲིད་ཀྱི་འགྲོ་གཏོང་སྔོན་རྩིས་ཐད། རྒྱལ་ཁབ་ཀྱི་ཐག་བཅད་ལྟར་དུ། གྲ་སྒྲིག་མ་དངུལ་སྒྲིག་རྒྱུ་དང་། དཔག་རྩིས་ཀྱི་ནང་དུ་ཟིན་པའི་བསྡུར་ཚད་དེ་ས་གནས་སྤྱིར་བཏང་བ་ལས་མཐོ་ཚེ། ནམ་རྒྱུན་རང་བཞིན་གྱི་འགྲོ་སྒོ་དཔག་རྩིས་ཀྱི་ཁྱོན་དངུལ་ཁྲོད་དུ3%ནང་ནས་གྲངས་ཉུང་མི་རིགས་ས་ཁུལ་ཀྱི་སྐབས་བསྟུན་མ་དངུལ་བསྒྲིགས་ཆོག
    དོན་ཚན་ཞེ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་དང་རང་སྐྱོང་ཁུལ་གྱིས་གཤམ་གཏོང་བྱས་པའི་ཆེད་བཀོད་རྣམ་གྲངས་ཀྱི་མ་དངུལ་དང་། མ་ཟད་སྐབས་ཙམ་རང་བཞིན་གྱི་མི་རིགས་ལ་གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་གསབ་མ་དངུལ། ངེས་པར་དུ་ཆེད་དངུལ་ཆེད་བཀོལ་བྱེད་དགོས་པ་ལས། སྡེ་ཁག་གང་དང་མི་སུ་ཡིན་ཚང་མས་དེ་འཐེན་འཕྲི་དང་བཅད་ཉར། གཞན་བཀོལ་སོགས་བྱེད་མི་ཆོག་ལ། རྒྱུན་བཀོལ་མ་དངུལ་གྱི་འགྲོ་གཏོང་གི་ཚབ་ཀྱང་བྱེད་མི་ཆོག
    དོན་ཚན་ཞེ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་བཅའ་ཁྲིམས་ལག་བསྟར་བྱེད་སྐབས་སུ། རྒྱལ་ཁབ་ཀྱིས་གཅིག་གྱུར་སྒོས་ཞིབ་བཤེར་བྱས་ནས་ཆོག་མཆན་གནང་བའི་དཔྱ་ཁྲལ་ཉུང་ལེན་དང་མི་ལེན་པའི་རྣམ་གྲངས་དག་ལས་གཞན ། རང་སྐྱོང་ཁུལ་གྱི་ས་གནས་ནོར་སྲིད་ཀྱི་ཡོང་འབབ་ནང་གཏོངས་ཤིང་། དཔྱ་ཁྲལ་ཐད་ནས་གཟིགས་སྐྱོང་དང་སྐུལ་སློང་བྱེད་དགོས་པ་ཞིག་ཡིན་ཕྱིན། དེ་གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་ཡར་ཞུ་ཕུལ་ནས་ཆོག་མཆན་ཐོབ་རྗེས་སུ།དཔྱ་ཁྲལ་ཉུང་ལེན་དང་ཡང་ན་མ་བླང་ཡང་ཆོག་པ་བྱེད་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱིས་ལོ་རེ་བཞིན་རིན་འཕར་དཔྱ་ཁྲལ་གྱི་འཕར་ཚད་ཕྱིར་སྤྲད་པའི་གཟིགས་སྐྱོང་དེ་ལོངས་སྤྱོད་བྱེད་དགོས་ལ།རྒྱལ་ཁབ་ཀྱིས་ལོ་རེ་བཞིན་གྱི་རིན་འཕར་དཔྱ་ཁྲལ་གྱི་འཕར་ཚད་ཐད་ཀར་དུ་ཕྱིར་སྤྲད་པའི་ཁག་དེ།ཞིང་ཆེན་གྱི་དངུལ་ཡོངས་ཕྱིར་སྤྲོད་ཀྱི་གཟིགས་སྐྱོང་ལོངས་སྤྱོད་བྱེད་དགོས།
    དོན་ཚན་ཞེ་དགུ་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ནས། ཁྲིམས་ལྟར་ཚོང་ལས་དངུལ་ཁང་དང་མཁར་གྲོང་གི་ཡིད་རྟོན་མཉམ་ལས་རྩ་འཛུགས་སོགས་དངུལ་ལོར་ལས་ཁུངས་བཙུགས་ཆོག་ལ། རྒྱལ་ཁབ་ཀྱི་གཏན་འབེབ་ལྟར་དུ་ཕྱི་དངུལ་དངུལ་ལོར་སྡེ་ཁག་ལ་རང་སྐྱོང་ཁུལ་ནས་ཡན་ལག་ལས་ཁུངས་འཛུགས་རྒྱུའི་སྐུལ་མ་གཏོང་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འབད་པ་བྱས་ཏེ་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་བཀོད་སྒྲིག་བྱས་པའི་རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་དང་ཕྱི་རྒྱལ་སྲིད་གཞུང་གི་དམིགས་བསལ་དངུལ་བུན་སྣ་ཚོགས་དང་། ཞལ་འདེབས(གནས)དངུལ། རྒྱལ་སྤྱིའི་རིན་སྐྱོན་མི་དགོས་པའི་རོགས་སྐྱོར་ལས་གཞི་བཅས་བརྩོན་ལེན་བྱས་ནས། རང་ཁུལ་གྱི་སློབ་གསོ། འཕྲོད་བསྟེན། དབུལ་སྐྱོར། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས། 
     དོན་ཚན་ལྔ་བཅུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར། ཁུལ་རང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ཁུལ་རང་གི་འགྲོ་གཏོང་གི་ཚད་ཐིག་དང་། མི་སྣའི་གྲངས་ཀ་གྲངས་བཅད་ཀྱི་གསབ་སྣོན་གཏན་ཕབ་དང་བྱེ་བྲག་གི་བྱེད་ཐབས་སྣ་ཚོགས་གཏན་འབེབ་བྱས་ཏེ། དེ་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་འཐོབ་རྗེས་ལག་བསྟར་བྱེད་དགོས།
    དོན་ཚན་ང་གཅིག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ལོ་ཧྲིལ་བོའི་ནོར་སྲིད་གཏོང་ཡོང་གི་དཔག་རྩིས་ལ་རིམ་པ་དེའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཆོག་མཆན་བཀོད་རྗེས་སུ་ད་གཟོད་ལག་བསྟར་བྱེད་དགོས་ལ། ལག་བསྟར་བྱེད་པའི་གོ་རིམ་གྱི་ཁྲོད་དུ། རིམ་པ་དེའི་དཔག་རྩིས་ལ་ཁ་སྣོན་ཁ་སྣོན་གཏོང་བ་དང་དེ་ཉུང་འཕྲི་བྱེད་དགོས་པ་བྱུང་བ་དང་ཡང་ན་རྣམ་གྲངས་གཙོ་བོའི་རིགས་ལེགས་སྒྲིག་བྱེད་དགོས་ཚེ། ངེས་པར་དུ་དེ་ལ་རིམ་པ་དེའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་དགོས།
    རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དོ་དམ་ལ་ཤུགས་བསྣན་ནས། གཅིག་གྱུང་གྱི་རྩིས་གཉེར་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ཐུན་མོང་ནོར་སྲིད་འཛུགས་པའི་དགོས་མཁོ་དང་བསྟུན་ནས།ནོར་སྲིད་ཀྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་བསྣན་ནས། ནོར་སྲིད་ཀྱི་མ་དངུལ་དང་རྒྱལ་དབང་ནོར་སྲིད་ཀྱི་བཀོལ་སྤྱོད་ཐད་ཀྱི་ཕན་འབྲས་ཇེ་བཟང་ལ་བཏང་སྟེ། ནོར་སྲིད་ཉེན་ཁ་འགོག་ཐབས་བྱེད་དགོས།རང་སྐྱོང་ཁུལ་གྱི་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལ་བརྟེན་ནས་རང་ཚུགས་ཀྱིས་རྩིས་བཤེར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རྒྱལ་དབང་དངོས་རྫས་དང་། གཏོང་ཡོང་དཔག་རྩིས།ནོར་སྲིད་མ་དངུལ་གཞན་དག་བཅས་ཀྱི་རྩིས་བཤེར་དང་ལྟ་སྐུལ་ལ་ཤུགས་སྣོན་གཏོང་དགོས།
ལེའུ་དྲུག་པ།   རང་སྐྱོང་ཁུལ་གྱི་སྤྱི་ཚོགས་ལས་དོན།
     དོན་ཚན་ང་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་རང་གི་དོན་དངོས་གཞིར་བཟུང་ནས། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་སྟེན། ལུས་རྩལ་སོགས་ཀྱི་བྱ་བཞག་བརྩོན་སྤེལ་བྱེད་དགོས་ཤིང་། མུ་མཐུན་ནས་རིགས་སོ་སོའི་མི་དམངས་ཀྱི་ཚན་རིག་དང་རིག་གནས་ཀྱི་སྤུས་ཚད་དང་བསམ་བློའི་ཀུན་སྤྱོད་ཀྱི་སྤུས་ཚད། བདེ་ཐང་གི་ཆུ་ཚད་བཅས་མཐོ་རུ་འདེགས་དགོས།
    དོན་ཚན་ང་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་གཞིར་བཟུང་ནས། ཁུལ་རང་གི་སློབ་གསོའི་འཆར་འགོད་དང་། རིགས་དང་རིམ་པ་སོ་སོའི་སློབ་གྲྭའི་སྒྲིག་བཀོད། སློབ་གྲྭ་སྒྲུབ་པའི་རྣམ་པ།སློབ་ཁྲིད་ཀྱི་ནང་དོན། འཁྲིད་བྱེད་ཀྱི་སྐད་རིགས། སློབ་མ་བསྡུ་བའི་བྱེད་ཐབས་བཅས་གཏན་འབེབ་བྱེད་དགོས།
    དོན་ཚན་ང་བཞི་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཤུགས་ཆེན་པོས་མི་རིགས་སློབ་གསོ་དར་སྤེལ་གཏོང་དགོས་པ་སྟེ། ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་དར་སྤེལ་དང་། མཐོ་འབྲིང་སློབ་གསོ། སློབ་གྲྭར་མ་ཞུབས་སྔོན་གྱི་སློབ་གསོ།དམིགས་བསལ་སློབ་གསོ།རྒྱང་སྐྱོད་སློབ་གསོ་བཅས་བརྩོན་སྤེལ་བྱེད་དགོས་ཤིང་། བྱེད་ཐབས་སྣ་མང་སྤྱད་ནས་ལས་གནས་ལག་རྩལ་སློབ་གསོ་དང་དར་མའི་སློབ་གསོ་དར་སྤེལ་བཏང་ནས། ན་གཞོན་དང་དར་མའི་ཡིག་རྨོངས་སེལ་དགོས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་མི་རིགས་སློབ་གསོའི་མ་ལག་ཅིག་རིམ་བཞིན་བཙུགས་ནས་དེ་འཐུས་ཚང་དུ་གཏོང་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དེང་རབས་སློབ་གསོའི་ལག་རྩལ་ཀྱི་ཐབས་ཤེས་སྤྱད་ནས། སྤུས་ཚད་སློབ་གསོ་ཁྱོན་ཡོངས་ནས་སྐུལ་སྤེལ་དང་། རྨང་གཞིའི་སློབ་གསོའི་སྤུས་ཚད་ཇེ་མཐོར་འདེགས་དགོས་ལ།རང་སྤྱོང་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བའི་སྐུལ་མ་གཏོང་བ་དང་། ཤེས་ལྡན་མི་སྣ་སྣ་ཚོགས་སྐྱེད་བསྲེང་བྱེད་དགོས་པ།རིམ་བཞིན་ཚེ་གང་བོ་ཅན་གྱི་སློབ་གསོའི་མ་ལག་འཛུགས་དགོས་པ་བཅས་ཡིན།
    དོན་ཚན་ང་ལྔ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལ་བརྟེན་ནས་སློབ་ལོ་རན་པའི་བྱིས་པ་དང་།གཞོན་ནུའི་སློབ་གསོ་ཐོབ་རྒྱུའི་དབང་ཆར་འགན་སྲུང་བྱེད་དགོས།རང་སྐྱོང་ཁུལ་བོད་ཡིག་སློབ་གྲྭ་འབྲིང་ཆུང་གི་ནང་དུ“སྐད་གཉིས”ཀྱི་སློབ་ཁྲིད་ལག་བསྟར་བྱེད་དགོས་པ་དང་། ལོ་རིམ་འོས་མཐུན་གྱི་ནང་དུ་ཕྱི་རྒྱལ་སྐད་ཡིག་གི་སློབ་ཚན་སྣོད་ཁྲིད་བྱེད་དགོས།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འོས་འགན་སློབ་གསོའི་སྐབས་རིམ་གྱི་མཐོ་རིམ་བོད་ཡིག་སློབ་འབྲིང་དང་བཅའ་སྡོད་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་ལས་བཟོ་བའི་སྒྲིག་ཁོངས་མི་གྲངས་ཐད་འགུལ་ཚུལ་དོ་དམ་ལག་བསྟར་བྱེད་དགོས།
    དོན་ཚན་ང་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བྱིས་པའི་སློབ་གསོའི་གཙིགས་འཛིན་བྱེད་དགོས་པ་སྟེ། མཁར་གྲོང་གི་བྱིས་པ་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གནས་ཡུལ་དང་བསྟན་ནས་འབྲོག་ཁུལ་གྱི་བྱིས་པ་ཁང་ངམ་ཡང་ན་སློབ་ཞུགས་སྔོན་གྱི་སློབ་གསོ་བསྒྲུབ་ནས། མི་རིགས་སོ་སོའི་བྱིས་པ་ཚང་མར་སློབ་ཞུགས་སྔོན་གྱི་སློབ་གསོ་ཐོབ་ཐུབ་པ་བྱེད་དགོས།
    དོན་ཚན་ང་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དགོས་མཁོ་ངོ་མ་གཞིར་བཟུང་ནས། ཕན་ཡོན་བྱེད་ཐབས་སྤྱད་དེ། ཕུལ་དུ་བྱུང་བའི་གཞོན་ནུ་ལོ་ཆུང་རྣམས་བདམས་གསེས་བྱས་ནས་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་སློབ་གྲྭ། ཆེད་སྦྱོང་སློབ་གྲྭ་བཅས་ཀྱི་མི་རིགས་འཛིན་གྲྭ་དང་གྲ་སྒྲིག་འཛིན་གྲྭའི་ནང་དུ་སློབ་སྦྱོང་བྱེད་པར་མངགས་ཤིང་། ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་ལག་བསྟར་བྱེད་དགོས།
    དོན་ཚན་ང་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལོ་རེ་བཞིན་སློབ་གསོའི་ཐད་ཀྱི་གཏོང་དངུལ་ཇེ་མང་ལ་གཏོང་དགོས་པ་དང་། སློབ་གསོའི་གྲོན་དངུལ་ཇེ་མང་ལ་གཏོང་བ་དེ་ནོར་སྲིད་ཀྱི་རྒྱ྄ུན་ལྡན་རང་བཞིན་གྱི་ཡོང་འབབ་འཕར་བ་ལས་མང་དགོས། རང་སྐྱོང་ཁུལ་གྱི་བསྡུས་པའི་སློབ་གསོའི་ལས་དོན་ཐད་ཀྱི་ཟུར་སྣོན་རིན་དངུལ་དེ། ཆེད་བཀོད་རྣམ་གྲངས་བྱས་ནས་འོས་འགན་སློབ་གསོའི་ཐད་ལ་བཀོལ་དགོས།
     རང་སྐྱོང་ཁུལ་གྱིས་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ནས། ལོ་རེ་བཞིན་སློབ་གྲྭ་འབྲིང་ཆུང་གི་འཁོར་སྐྱོད་གྲོན་དངུལ་ཐད་མཁོ་བའི་དངུལ་གྲངས་འདང་ངེས་པ་ཞིག་བཀོད་སྒྲིག་བྱེད་དགོས་པ་དང་། སློབ་གསོ་ཐད་གྱི་གཞི་རྩའི་སྒྲིག་ཆས་འཛུགས་སྐྲུན་གྱི་མ་དངུལ་དང་། ཉེན་ཁང་བཅོས་སྐྲུན་གྱི་མ་དངུལ་། སློབ་ཁྲིད་ཀྱི་བཀོལ་ཆས་ཉོ་སྒྲིག་མ་དངུལ་སོགས་བབ་མཐུན་ངང་བཀོད་སྒྲིག་བྱས་ནས། སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་བཟང་སྒྱུར་བྱེད་དགོས།
   རང་སྐྱོང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གིས་ལས་སློབ་གཉིས་བརྩོན་དར་སྤེལ་སྒོས། ཐབས་ལམ་མང་པོ་ནས་སློབ་གསོའི་གྲོན་དངུལ་འཚོལ་ཐབས་བྱས་ཏེ། སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་དང་བཅའ་སྡོད་སློབ་མའི་འཚོ་བའི་ཆ་རྐྱེན་བཟང་སྒྱུར་བྱེད་དགོས།རྩ་འཛུགས་གང་ངམ་མི་སུ་ཡིན་ཀྱང་སློབ་གསོའི་གྲོན་དངུལ་དེ་འཕྲི་འཐེན་དང་། བཅད་ཉར། གཞན་བཀོལ་བཅས་བྱེད་མི་ཆོག
    དོན་ཚན་ང་དགུ་བ། རང་སྐྱོང་ཁུལ་གྱིས་རོང་འབྲོག་པའི་བུ་རྒྱུད་ལ་འོས་འགན་སློབ་གསོའི་སྐབས་རིམ་ནང“གཉིས་མེད་གཅིག་གས”ཀྱི་སྲིད་ཇུས་ལག་བསྟར་བྱེད་ལ། རིམ་པ་སོ་སོའི་ནོར་སྲིད་ཀྱིས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཚོ་བའི་ཐད་ལ་ཆེད་བཀོད་མ་དངུལ་བབ་མཐུན་རེ་བཀོད་བསྒྲིགས་བྱེད་དགོས་པ་དང་། ཁྱིམ་ཚང་དབུལ་བོ་ཡིན་པའི་སློབ་མ་སློད་གྲྭར་ཞུགས་པར་རྒྱབ་སྐྱོར་དང་། སློབ་གཉེར་བྱེད་བཞིན་པའི་སློབ་མར་འོས་འགན་སློབ་གསོའི་སྐབས་རིམ་གྱི་འོས་འགན་སློབ་གཉེར་གྱི་འགན་འགྲུབ་ཐུབ་པར་འགན་ལེན་བྱེད་དགོས་ལ།སློབ་གྲྭ་སྒྲུབ་པའི་གྲོན་དངུལ་དང་སློབ་མའི་སློབ་ཞུགས་རོགས་དངུལ་དེ་རང་སའི་ནོར་སྲིད་ཀྱིས་ཐག་བཅོད་བྱེད་དགོས་ལ། རང་སའི་ནོར་སྲིད་ཐད་དཀའ་ངལ་ཡོད་ཚེ། གོང་རིམ་ནོར་སྲིད་ཀྱི་རོགགས་གསབ་བརྩོན་ལེན་བྱེད་དགོས།
    དོན་ཚན་དྲུག་ཅུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མི་སྒེར་གྱིས་མ་དངུལ་ཞལ་འདེབས་བྱས་ནས་སློབ་གྲྭར་རོགས་རམ་བྱེད་པ་དང་། མ་དངུལ་བསྡུས་ནས་སློབ་གྲྭ་སྒྲུབ་པ། སྦྱང་འབྲས་མངོན་གསལ་ཅན་ལ་གཟེངས་བསྟོད་དང་བྱ་དགའ་གནང་བ་སོགས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་སྐུལ་མ་གཏོང་དགོས། གཞུང་བསྒྲུབ་མིན་པའི་སློབ་གྲྭ་འབྲིང་ཆུང་གིས་རྒྱབ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དང་། རྒྱལ་ཁབ་གཅིག་གྱུར་དུ་བཀོལ་བཞིན་པའི་སློབ་ཚན་འཆར་གཞི་ལག་བསྟར་བྱས་ནས། རང་སའི་གཞུང་བསྒྲུབ་སློབ་གྲྭ་འབྲིང་ཆུང་ཀུན་ཀྱིས་སྤྱོད་བཞིན་པའི་
སློབ་དེབ་བཀོལ་དགོས་ལ། དེའི་སློབ་མ་སློབ་རིམ་འཕར་བ་དང་། སློབ་གྲྭ་བརྗེ་བ།ལས་ཞུགས་བྱེད་པ་བཅས་ཀྱི་ཐད་ནས་གཞུང་སྒྲུབ་སློབ་གྲྭ་དང་ལྟ་ཚུལ་འདྲ་མཉམ་འཛིན་དགོས།
    དོན་ཚན་རེ་གཅིག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་སློབ་གསོའི་སྒྲིག་ལམ་ལ་སྲུང་སྐྱོང་དང་། སློབ་གྲྭའི་ས་ཆ། ཁང་བ། བཀོལ་ཆས། སློབ་གཉེར་ཕྱུགས་རྭ་སོགས་ལ་སྲུང་སྐྱོབ་བྱེད་དགོས་པ་ལས། ལས་ཁུངས་གང་དང་མི་སྒེར་སུ་ཡིན་ཀྱང་དེ་ཧམ་འཛིན་དང་གཏོར་བརླག་བྱེད་མི་ཆོག སློབ་གྲྭ་གསར་འཛུགས་དང་། རྒྱ་སྐྱ(དེའི་ནང་དུ་སྤྱི་ཕན་རང་བཞིན་གྱི་དམངས་བསྒྲུབ་སློབ་གྲྭའང་འདུ་བ་ཡིན)བྱེད་དགོས་ཚེ།ས་མཚམས་ཕྱེད་ཏེ་གནང་བའི་བྱེད་སྟངས་སྤྱད་ནས་ས་ཆ་མཁོ་སྤྲོད་བྱེད་རྒྱུ་དང་མཉམ་དུ་མཁར་གྲོང་དང་ཞང་སྡེ་འཛུགས་སྐྲུན་སོགས་ཐད་ཀྱི་འབྲེལ་ཡོད་ཁྲལ་རིན་མི་ལེན་པའམ་ཉུང་ལེན་བྱེད་དགོས།
     དོན་ཚན་རེ་གཉིས་པ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་ཕན་འབྲས་ཅན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས། དགེ་རྒན་གྱི་འོས་ཚད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། དགེ་རྒན་གྱི་དཔུང་སྡེའི་འཛུགས་སྤེལ་ལ་ཤུགས་སྣོན་གཏོང་དགོས་ལ། ཐབས་ལམ་དང་དམིགས་བསལ་སྲིད་ཇུས་སྣ་ཚོགས་བརྒྱུད་ནས། དགེ་རྒན་རྣམས་ལ་དུས་ཚོད་གཏན་འཁེལ་ངང་སློབ་གཉེར་བརྒྱུད་རིམ་གྱི་གསོ་སྦྱོང་དང་བྱེད་སྒོའི་རེས་སྦྱོང་བྱེད་དུ་འཇུག་དགོས་པ་དང་། ཤུགས་ཆེན་པོས་རྐང་འཛིན་དགེ་རྒན་སྤྱི་ཁོག་ཡོད་ཚད་ཇེ་མཐོར་གཏོང་དགོས།
    དོན་ཚན་རེ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་པ་དང་། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོ་གཙོ་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་ཞིག་ཆགས་ཐབས་བྱས་ནས། དགེ་རྒན་གྱི་སྤྱི་ཚོགས་ཐོག་གི་གོ་གནས་དང་ལྟ་ཚུལ་འཛིན་སྟངས་མཐོར་འདེགས་དང་། དགེ་རྒན་གྱི་བྱ་བ་དང་འཚོ་བའི་ཆ་རྐྱེན་བཟང་སྒྱུར་བྱེད་དགོས་པ་དང་། དུས་ཡུན་རིང་བོར་སློབ་གསོའི་བྱ་བ་རྒྱུན་བསྐྱུང་ནས་དེའི་ཐད་ལ་བྱས་རྗེས་མངོན་གསལ་ཅན་བཞག་ཡོད་པའི་དགེ་རྒན་ལ་གཟེངས་བསྟོད་བྱེད་པ་དང་བྱ་དགའ་གནང་དགོས། 
    དོན་ཚན་རེ་བཞི་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ལག་རྩལ་གྱི་དར་རྒྱས་ལ་མཐོང་ཆེན་དང་དེར་རྒྱབ་སྐྱོར་བྱེད་དགོས་པ་སྟེ། རང་སའི་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་འཆར་གཞི་གཏན་འབེབ་བྱེད་པ་དང་། ཚན་རིག་ལག་རྩལ་ལ་དོ་དམ་བྱེད་པའི་སྒྲིག་གཞི་དང་ཚན་ཞིབ་ལས་
ཁུངས་བཙུགས་ཤིང་དེ་ཇེ་འཐུས་སུ་གཏོང་བ། ཚན་རིག་ཞིབ་འཇུག་ཐད་ཀྱི་གཏོང་དངུལ་ཇེ་མང་ལ་གཏོང་བ་བཅས་བྱས་ནས།ཚན་རིག་ལག་རྩལ་གྱི་གྲུབ་འབྲས་དེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བར་ཡར་སྐུལ་གཏོང་དགོས།
    དོན་ཚན་རེ་ལྔ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་དང་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་རྒྱུ་དང་། བརྩོན་པ་སྤེལ་ནས་རྒྱང་བསྒྲགས་དང་གློག་བརྙན། བརྙན་འཕྲིན། གསར་འགྱུར། དཔེ་སྐྲུན་སོགས་རིག་གནས་ལས་དོན་བཟང་སྒྲུབ་བྱེད་རྒྱུ། རང་སའི་རིག་གནས་ཤུལ་བཞགནའཚོལ་བསྡུ་དང་། སྔོག་འདོན། ལེགས་སྒྲིག ཞིབ་འཇུག་བཅས་བྱེད་རྒྱུ།《གླིང་སྒྲུང》གི་རིག་གནས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་རྒྱུ།རིག་དངོས་དང་གནའ་ཤུལ་ལ་སྲུང་སྐྱོབ་བྱེད་རྒྱུ་བཅས་བྱེད་དགོས།
    རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་སྒོས་རིག་གནས་ལས་དོན་དར་སྤེལ་དུ་གཏོང་དགོས་པ་སྟེ།ནོར་སྲིད་ཀྱིས་ལོ་རེ་བཞིན་རིག་གནས་དང་། ལུས་རྩལ། རྒྱང་བསྒྲགས། བརྙན་གཟིགས་སོགས་ལས་དོན་ཐད་ལ་དངུལ་གཏོང་རྒྱུ་ཇེ་མང་ལ་བཏང་ནས། གྲོང་བརྡལ་དང་ཞང་སྡེའི་རིག་གནས་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གཞི་རིམ་གྱི་གློག་བརྙན་བཤམ་མཁན་རུ་ཁག་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ་དང་། ལོ་རེ་བཞིན་རྒྱང་བསྒྲགས་དང་བརྙན་འཕྲིན་གྱི་ཁེབ་རྒྱ་ཇེ་ཆེར་བཏང་ནས། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་།རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས།
    དོན་ཚན་རེ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལུས་རྩལ་ལས་དོན་བརྩོན་སྤེལ་བྱེད་དགོས་པ་སྟེ། དེང་རབས་ལུས་རྩལ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་སྤེལ་བ་དང་། དམངས་ཡོངས་ཀྱི་ལུས་རྩལ་དང་ལུས་བདེའི་རྩལ་སྦྱོང་སྤེལ་ནས། རིམ་བཞིན་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོར་འདེགས་དང་། མི་དམངས་ཀྱི་གཟིགས་གཞི་ཇེ་བཟང་ལ་གཏོང་དགོས།
    དོན་ཚན་རེ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྨན་བཅོས་འཕྲོད་བསྟེན་བྱ་བའི་ཁ་ཕྱོགས་གཞི་རིམ་ལ་འཁོར་དགོས་པ་སྟེ། སྔོན་འགོག་གཙོ་བོ་དང་། ཀྲུང་བོད་ཞི་གསུམ་གྱི་གསོ་རིག་མཉམ་དུ་གལ་ཆེན་པོར་འཇོག་པའི་བྱེད་ཕྱོགས་ལག་བསྟར་བྱས་ནས། ཞིང་སྡེ་དང་འབྲོག་ཁུལ་གྱི་འཕྲོད་བསྟེན་བྱ་བར་ཤུགས་སྣོན་དང་། རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བཙུགས་ཤིང་དེ་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་བཟང་བོར་སྒྱུར་བ། ས་གནས་ཀྱི་ནད་དང་། མཐོ་སྒང་རང་བཞིན་གྱི་ནད། འགོ་བའི་ནད་སོགས་ཀྱི་འགོག་བཅོས་བྱ་བར་ཤུགས་སྣོན་
གཏོང་བ་བཅས་བྱེད་དགོས་ལ། སྤྱི་བའི་དོན་རྐྱེན་གློ་བུར་དུ་འབྱུང་བར་སྔོན་འགོག་དང་སྐྱོབ་རོགས་ལམ་ལུགས་བཙུགས་ཤིང་དེ་ཇེ་འཐུས་སུ་གཏོང་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གཟིགས་སྐྱོང་ཡོད་པའི་ཁྲལ་ལེན་སྲིད་ཇུས་སྤྱད་ནས། བོད་སྨན་ཐོན་ལས་གཙིགས་འཛིན་དང་དར་སྤེལ་བཏང་སྟེ། བོད་ཀྱི་གསོ་རིག་པའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་། དེ་གསར་སྤེལ་དང་བེད་སྤྱོད་བྱེད་དགོས།
     དོན་ཚན་རེ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་གྱི་གནས་ཚུལ་དངོས་གཞིར་བཟུང་ནས། གྲོལ་བརྡལ་དང་འབྲོག་ཁུལ་གྱི་སྨན་བཅོས་ཉེན་སེལ་ལམ་ལུགས་དང་མཉམ་ལས་སྨན་བཅོས་ལམ་ལུགས་ཁྱབ་སྤེལ་དུ་གཏོང་དགོས་པ་དང་། ནོར་སྲིད་ཀྱིས་འབྲོག་པ་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་ཁེ་ལས། དོན་ལས་བཅས་ཀྱི་ལས་ཁུངས་ཀྱི་ལས་བཟོ་བའི་སྨན་བཅོས་ཉེན་སེལ་ཐད་ཀྱི་གཏོང་དངུལ་དེ་རིམ་བཞིན་ཇེ་མང་ལ་གཏོང་དགོས།
    རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཟས་རིགས།སྨན་རྫས་ཐད་ཀྱི་ལྟ་སྐུལ་དང་དོ་དམ་ལ་ཤུགས་བསྣན་ནས།ཟས་རིགས་དང་སྨན་རྫས་ཀྱི་སྤུས་ཚད་ལ་འགན་ལེན་དང་། མི་དམངས་ཀྱི་ལུས་པོ་བདེ་ཐང་དང་སྨན་བཀོལ་རྒྱུ་ཉེན་བྲལ་ཡིན་པའི་ཐད་འགན་ལེན་བྱེད་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མ་བུའི་འཕྲོད་བསྟེན་བདེ་སྲུང་དང་། རིམས་ནད་སྔོན་འགོག་དང་དེ་ཚོད་འཛིན་བྱེད་པ། འཕྲོད་བསྟེན་ལྟ་སྐུལ་ཀྱི་བྱ་བར་ཤུགས་སྣོན་པ། འཕྲོད་སྟེན་རྒྱུན་ཤེས་ཁྱབ་གདལ་དུ་གཏོང་བ།རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་བཅས་བྱས་ནས་འཕྲོད་བསྟེན་ཐད་ཀྱི་ཆ་རྐྱེན་ཇེ་བཟང་ལ་གཏོང་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་གཉེར་སྨན་པ་ནང་ཞུགས་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཁྲིམས་འགལ་སྨན་གཉེར་བྱེད་པ་གཏན་འགོག་བྱེད་དགོས།
    དོན་ཚན་རེ་དགུ་བ། རང་སྐྱོང་ཁུལ་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་གཞི་རྩའི་རྒྱལ་ཇུས་དེ་ལག་བསྟར་བྱེད་དགོས་པ་དང་། འདུག་གནས་གཏན་འཁེལ་མེད་པའི་མི་གྲངས་ཀྱི་འཆར་ལྡན་བུ་སྐྱེ་ཐད་ཀྱི་དོ་དམ་དང་ཞབས་ཞུའི་བྱ་བར་ཤུགས་བསྣན་ནས། མི་རིགས་སོ་སོའི་མི་གྲངས་ཀྱི་སྤུས་ཚད་ཇེ་བཟང་ལ་
གཏོང་དགོས།
    ལེའུ་བདུན་པ། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་མི་སྣ་དང་། ལས་བཟོ་བ། ཆེད་ལས་ཤེས་ལྡན་པ་བཅས་ཀྱི་སྐྱེད་བསྲིང་དང་དོ་དམ། 
    དོན་ཚན་བདུན་ཅུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྱད་པར་ཅན་གྱི་སྲིད་ཇུས་དང་བྱེད་ཐབས་སྤྱད་ནས། ལས་རིགས་མི་འདྲ་བའི་ཆེད་ལས་ལག་རྩལ་མི་སྣ་རང་སྐྱོང་ཁུལ་ནང་དུ་ཡོང་སྟེ་འཛུགས་བསྐྲུན་སྣ་ཚོགས་ནང་ཞུགས་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས་པ་དང་ཆབས་ཅིག་ཏུ། རང་སྐྱོང་ཁུལ་གྱི་འཛུགས་བསྐྲུན་སྣ་ཚོགས་ཀྱི་ནང་དུ་བྱས་རྗེས་མངོན་གསལ་ཅན་འཇོག་མཁན་གྱི་སྤྱི་དམངས་ལ་གཟེངས་བསྟོད་དང་བྱ་དགའ་གནང་དགོས། 
   དོན་ཚན་དོན་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་མི་སྣའི་སྐྱེད་བསིང་དང་དཔྱད་ཞིབ་ལམ་ལུགས་བཙུགས་ཤིང་དེ་འཐུས་ཚང་དུ་བཏང་ནས། རྒྱུན་མ་ཆད་པར་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་སྤུས་ཚད་དང་བྱ་བའི་ཕན་འབྲས་ཇེ་བཟང་ལ་བཏོང་དགོས།
   དོན་ཚན་དོན་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ནས། བྱེད་ཐབས་སྣ་ཚོགས་སྤྱད་དེ། བོད་རིགས་སྤྱི་དམངས་ཀྱི་ཁྲོད་ནས་རིམ་པ་སོ་སོའི་ལས་བྱེད་པ་དང་ལས་རིགས་མི་འདྲ་བའི་ཚན་རིག་ལག་རྩལ་པ། བདག་གཉེར་དོ་དམ་བྱེད་མཁན་སོགས་ཆེད་ལས་ཤེས་ལྡན་པ་འབོར་ཆེན་ཞིག་སྐྱེད་བསྲིང་དང་། བདམས་འཇོགབཀོལ་སྤྱོད་བཅས་བྱེད་དགོས་ལ། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པ་དག་གི་བུད་མེད་ཀྱི་ཁྲོད་དུ་རིམ་པ་སོ་སོའི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་སྐྱེད་བསྲིང་དང་བདམས་འཇོགས་བྱེད་དགོས། 
    རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་བྱེད་པ་དང་ལས་བཟོ་བའི་གསོ་སྦྱོང་ལ་ཤུགས་སྣོན་གཏོང་དགོས་ལ། གཙོ་བོ་ཕུལ་དུ་བྱུང་བའི་བོད་རིགས་ལས་བྱེད་པ་དང་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་རྣམས་ཞིང་ཆེན་ཕྱི་ནང་ལ་གསོ་སྦྱོང་དང་གཟབ་སྦྱོང་། ལས་བརྟེན་སྦྱོང་བརྡར་བཅས་བྱེད་རྒྱུར་
བདམས་མངགས་བྱས་ནས། ཁོང་ཚོའི་བྱེད་སྒོའི་བྱང་ཚད་དང་བྱ་བའི་ནུས་པ་དེ་རྒྱུན་མ་ཆད་པར་མཐོང་འདེགས་གཏོང་དགོས།
   དོན་ཚན་དོན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་གཏན་འབེབ་ལྟར་དུ། སྒྲིག་འགོད་དང་ལས་གནས། མི་སྣ་སོགས་ལྟར་ན་བཀོད་སྒྲིག་ཆོག་པའི་གནས་ཚུལ་གྱི་འོག་ཏུ། རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་མི་སྣ་བསྡུ་ལེན་དང་གདན་དྲངས་ནས་བཀོལ་བའི་བྱེད་ཐབས་གཏན་ལ་འབེབ་དགོས།
    རང་སྐྱོང་ཁུལ་གྱི་སྲིད་འཛིན་དང་ས་ཁོངས་ནང་གི་རྒྱལ་ཁབ་གྱི་ལས་ཁུངས་དང་ཁེ་ལས་དང་དོན་ལས་ལས་ཁུངས་ཀྱིས་བྱ་བའི་མི་སྣ་བསྡུ་ལེན་བྱེད་སྐབས་སུ།བོད་རིགས་སྤྱི་དམངས་དང་དུས་ཡུན་རིང་བོར་རང་ཁུལ་ནས་བྱ་བ་བསྒྲུབས་པའི་མི་རིགས་གཞན་བའི་སྤྱི་དམངས་ཀྱི་བུ་རྒྱུད་རྣམས་དམིགས་སུ་བཀར་ནས་སྔོན་མ་བྱས་ཏེ་བསྡུ་ལེན་བྱེད་དགོས།
   དོན་ཚན་དོན་བཞི་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གཞི་རིམ་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྤེལ་བྱེད་རྒྱུ་གཙིགས་འཛིན་བྱས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཞང་རིམ་པའི་ལས་བྱེད་པ་གསོ་སྦྱོང་དང་། ཞང་དང་གྲོང་བརྡལ་ལས་ཁུངས་ཀྱི་བྱ་བའི་མི་སྣའི་ཐོབ་ཐང་ཇེ་བཟང་ལ་
གཏོང་དགོས།
ལེའུ་བརྒྱད་པ།    ཞར་བྱུང་།
    དོན་ཚན་དོན་ལྔ་བ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་རྒྱལ་ཁབ་ལས་ཁུངས་ཡོད་ཚད་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་དང་སྤྱི་ཚོགས་པ་སོ་སོ། ཁེ་ལས། དོན་ལས་བཅས་ཀྱི་ལས་ཁུངས་དང་མི་རིགས་སོ་སོའི་སྤྱི་དམངས་བཅས་ཚང་མས་ངེས་པར་དུ་སྲོལ་ཡིག་འདི་བརྩི་སྲུང་བྱེད་དགོས།
   དོན་ཚན་དོན་དྲུག་པ། ལོ་རེའི་ཟླ་བརྒྱད་པའི་ཚེས་བཞིའི་ཉིན་ནི་རང་སྐྱོང་ཁུལ་གྱི་ཁུལ་ཚུགས་པར་དྲན་གསོ་བྱེད་པའི་ཉི་མ་ཡིན།
   དོན་ཚན་དོན་བདུན་པ། སྲོལ་ཡིག་འདི་རང་སྐྱོང་ཁུལ་གྱི་མི་དམས་འཐུས་མིའི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནང་རྗེས། 1991ལོའི་ཟླ1ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན།
  དོན་ཚན་དོན་བརྒྱད་པ། སྲོལ་ཡིག་འདིར་འགྲེལ་བཤད་བྱེད་རྒྱུའི་ལས་འགན་ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཞེས་ཡོད།
 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1