1997ལོའི་ཟླ་5བའི་ཚེས25ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ་དང་། 1998ལོའི་ཟླ4བའི་ཚེས3ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཏུ་ཆོག་མཆན་བཀོད། )
དོན་ཚན་དང་པོ། རི་སྐྱེས་སྲོག་ཆགས་ཐོན་ཁོངས་སྲུང་སྐྱོང་དང་གོང་སྤེལ། ལུགས་མཐུན་བེད་སྤྱོད་བཅས་བྱས་ཏེ། སྐྱེ་དངོས་དོ་མཉམ་ཡོང་བ་སྲུང་སྐྱོང་བྱེད་ཆེན། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས»དང«མཚོ་སྔོན་ཞིང་ཆེན་གྱི་‹ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས›ལག་བསྟར་བྱེད་ཐབས» འབྲེལ་ཡོད་བཅའ་ཁྲིམས་སྲོལ་བཅས་ཀྱི་གཏན་འབེབས་གཞིར་བཟུང་ཐོག རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ཁུལ་ནང་རོལ་གྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོང་དང་བདག་དམ་བྱེད་པ་ནི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་འགན་འཁྲི་ཡིན། ཁུལ་དང་རྫོང་གི་ཞིང་ཕྱུགས་གཙོ་གཉེར་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ནང་རོལ་གྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོང་དང་བདག་དམ་བྱེད་པའི་བྱ་བ་གཙོ་གཉེར་བྱེད་དགོས། སྤྱི་བདེ་དང་བཟོ་ཚོང་།ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ། མི་རིགས་ཆོས་ལུགས་སོགས་སྡེ་ཁག་གིས་གཙོ་གཉེར་སྡེ་ཁག་ལ་རམ་འདེགས་བྱས་ནས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་སྲུང་སྐྱོང་བདག་དམ་བྱ་བ་ལེགས་སྒྲུབ་བྱེད་དགོས།
ནགས་༼ཕྱུགས་༽ར་དང་རང་བྱུང་སྲུང་སྐྱོང་ས་ཁུལ།རི་དྭགས་རྔོན་ར་བཅས་ཚང་མ་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་གཞི་རིམ་སྲུང་སྐྱོང་བདག་དམ་སྡེ་ཚན་ཡིན།
གཞི་རིམ་སྲུང་སྐྱོང་བདག་དམ་སྡེ་ཚན་དང་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་རང་བཞིན་གྱི་སྲུང་སྐྱོང་བདག་དམ་རྩ་འཛུགས་བཙུགས་ནས། རི་སྐྱེས་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོང་དང་བདག་དང་དམ་བྱེད་པར་ཞུགས་ཆོག་པ་ཡིན།
དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་བདག་དམ་བྱ་བའི་ཁྲོད་དུ་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་ཆོག་པ་ཡིན། རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་རོལ་གྱི་གཞི་རིམ་སྲུང་སྐྱོང་བྱེད་པའི་འགན་ཁུར་ཡི་གེ་འགོད་དགོས།
དོན་ཚན་བཞི་བ། གཞི་རིམ་སྲུང་སྐྱོང་བདག་དམ་སྡེ་ཚན་གྱི་འགན་འཁྲི་སྟེ།
༼1.༽རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་སྲོལ། འབྲེལ་ཡོད་ཚན་རིག་རྒྱུན་ཤེས་བཅའ་དྲིལ་བསྒྲགས་བྱེད་པ།
༼2.༽ཐོན་སྐྱེད་དང་བྱ་བ་སྒྲུབ་པ། སྡོད་གནས་བཅས་ས་ཁོངས་ནང་རོལ་གྱི་རི་སྐྱེས་སྲོལ་ཆགས་དང་བབ་སྡོད་ཁོར་ཡུག་སྲུང་སྐྱོང་བྱེད་པ།
༼3.༽རི་སྐྱེས་སྲོག་ཆགས་ཐོན་ཁུངས་བཙན་བཟུང་དང་གཏོར་བརླག་བྱེད་པའི་བྱ་སྤྱོད་འགོག་པ་དང་ཐེར་འདོན་ཡར་ཞུ་བྱེད་པ།
༼4.༽འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་ལ་རོགས་རམ་དང་རམ་འདེགས་བྱས་ནས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བཙན་བཟུང་དང་གཏོང་བརླག་བྱས་པའི་གྱོད་དོན་རྩད་ཞིབ་ཐག་གཅོད་བྱེད་པ།
༼5.༽འབྲེལ་ཡོད་བྱ་བ་གཞན་དག
དོན་ཚན་ལྔ་བ། གཤམ་གྱི་ཁུལ་ནས་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་ཡང་ན་འཚོ་གནས་རྒྱུད་སྤེལ་ལ་གནོད་སྐྱོན་གཏོང་བ་གཏན་འགོག་བྱས་པ་ཡིན།
༼1.༽ཞིང་ཆེན་རིམ་པའི་རྔོན་བཀག་ས་ཁུལ་ཏེ། རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཐའོ་སོའུ་མཚེའུ། རྨ་ཆེན་རྫོང་གི་ཨ་མྱེས་རྨ་ཆེན་སྦོམ་ར། པད་མ་རྫོང་གི་རྨར་ཁོག སྡེ་ཁོག་ནགས་ཁུལ་བཅས།
༼2.༽ཁུལ་རིམ་པའི་རྔོན་བཀག་ས་ཁུལ་ནི། གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེ་དང་རྨ་ཆེན་རྫོང་གི་གཡོན་གཞུ།ཁྱེབ་ཆུ།བསྡུ་ཁོག་ནགས་ཁུལ་བཅས།
གནད་སར་བཞག་ནས་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་མིང་ཐོ་འགོད་པའི་གཏན་འབེབས་དང་ལེགས་སྒྲིག་བྱེད་པ་དེ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱེད་དགོས།
རང་སྐྱོང་ཁུལ་ནང་རོལ་གྱི་རྔོན་བཀག་ས་ཁུལ་བདག་དམ་བྱེད་པའི་བྱ་བ་དེ་རང་སྐྱོང་ཁུལ་དང་རྫོངམི་དམངས་སྲིད་གཞུང་གིས་རྔོན་བཀག་ས་ཁུལ་དུ་གནས་པའིགཞི་རིམ་སྲུང་སྐྱོང་བདག་དམ་སྡེ་ཚན་ལ་མངག་བཅོལ་སྒོས་འགན་ཁུར་དུ་འཇུག་དགོས།
དོན་ཚན་དྲུག་པ། ལོ་རེའེ་ཟླ3པའིཚེས1ཉིན་ནས་ཟླ10བའི་ཚེས31ཉིན་བར་ནི་རྔོན་བཀག་དུས་སྐབས་ཡིན། རྔོན་བཀག་དུས་སྐབས་སུ་རི་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་པར་གཏན་འགོག་བྱས་པ་ཡིན། ལོ་རེའི་ཟླ11པའི་ཚེས1ཉིན་ནས་ཕྱིར་ལོའིཟླ2པའི་ཟླ་འཇུག་བར་དུ། རྔོན་བཀག་ས་ཁུལ་མིན་པའི་ས་ཁུལ་ནས་རྔོན་བཀག་མ་བྱས་པའི་རི་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་ཆོག་པ་ཡིན། གལ་ཏེ་རྔོན་བཀག་ས་ཁུལ་ནས་གནད་སར་བཀོད་ནས་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་མ་ཡིན་པའི་རི་དྭགས་རྔོན་འཛིན་བྱེད་དགོས་ཚེ།ངེས་པར་དུ་རང་སྐྱོང་ཁུལ་ཀྱི་རི་སྐྱེས་སྲོག་ཆགས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུས་ནས་ཆོག་མཆན་འགོད་དགོས།
དོན་ཚན་བདུན་པ། མངག་བཅོལ་ཐོབ་པའི་སྡེ་ཁག་གིས་དགོས་མཁོ་ལྟར་ཆེན་འགན་དང་ཡང་ན་ཞོར་འགན་ཁུར་མཁན་བདག་སྐྱོང་མི་སྣ་བསྐོ་ཆོག བདག་སྐྱོང་མི་སྣ་ལ་གནས་སའི་རྫོང་ཞིང་ཕྱུགས་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་མངག་བཅོལ་ཐོབ་པའི་སྡེ་ཁག་ཐུན་མོང་གིས་གཏན་ཁེལ་བྱས་ཏེ། རྫོང་རིམ་པ་ཡན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བདག་དམ་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རི་དྭགས་རྔོན་པར་ཞིབ་བཤེར་བྱེད་པའི་འཛིན་ཡིག་དཔྱད་སྤྲོད་བྱེད་དགོས། རྔོན་བཀག་ས་ཁུལ་གྱི་བདག་སྐྱོང་མི་སྣའི་འགན་འཁྲིའི་ནི།
༼1.༽རྔོན་བཀག་ས་ཁུལ་དུ་འགྲོ་བའི་སྣར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་དང་ཁྲིམས་སྲོལ། དེ་མིན་འབྲེལ་ཡོད་གཏན་འབེབས་དྲིལ་བསྒྲགས་བྱེད་པ།
༼2.༽རྔོན་བཀག་ས་ཁུལ་གྱི་་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་རྒྱུད་སྤེལ་གནས་ཚུལ། བབ་སྡོད་ཁོར་ཡུག་གི་འགྱུར་ལྡོག་གནས་ཚུལ་བཅས་ལ་སྐོར་ཞིབ་བྱེད་པ་མ་ཟད་དུས་ཐོག་ཏུ་སྙན་སེང་ཞུ་བ།
༼3.༽རྔོན་བཀག་ས་ཁུལ་དུ་འགྲོ་བའི་མི་སྣའི་འཛིན་ཡིག་ལ་ཞིབ་བཤེར་བྱེད་པ་དང་། ཁྲིམས་དང་འགན་ནས་རི་དྭགས་རྔོན་པའི་བྱ་སྤྱོད་འགོག་པ།
༼4.༽རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་ཡང་ན་རྩ་འཛུགས་བྱས་པའི་ཚན་རིག་ཞིབ་འཇུག་བྱ་འགུལ་ལ་རམ་འདེགས་བྱེད་པ།
༼5.༽འབྲེལ་ཡོད་སྡེ་ཁག་དང་དེ་མིན་ཁྲིམས་འཛིན་མི་སྣར་རམ་འདེགས་བྱས་ནས་རི་སྐྱེས་སྲོག་ཆགས་དང་དེའི་བབ་སྡོད་ཁོར་ཡུག་བཙན་བཟུང་དང་གཏོང་བརླག་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་པ།
དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་ནང་རོལ་ནས་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་འདུལ་གསོ་རྒྱུད་སྤེལ། གསར་སྤེལ་བེད་སྤྱོད། ལས་གཉེར་བཅས་ཀྱི་བྱ་འགུལ་སྤེལ་བའི་སྡེ་ཁག་དང་མི་སྒེར་ཚོས་ངེས་པར་དུ་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་དུ་ཡིག་ཐོག་སྙན་ཞུ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་གཟབ་ནན་གྱིས་བསྒྲུབ་དགོས་པ་མ་ཟད། ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བདག་དམ་གྲོན་དངུལ་སྤྲོད་དགོས།