ཀ་གདུང་ཤིང་གིས་བྱས་པའི་བོད་ཁྱིམ་དུ།།
ཁ་དོག་སྣ་མང་ཟས་ཀྱིས་སྡེར་ཁ་བཤམས།།
ག་ལེའི་ལོངས་སུ་སྤྱད་དེ་སྤྲོ་འཛུམ་ཁེངས།།
ང་ཅག་སྐྱིད་པའི་གནམ་ལོ་གསར་པ་རོལ།།
ཅ་ནེའི་ཆང་སྐྱེམས་བཏུང་བས་ངག་སྒོ་ཕྱེ།།
ཆ་ལུགས་བོད་ཆས་དག་མའི་སྲོལ་དུ་འཛིན།།
ཇ་མར་རྩམ་དྲི་འཐུལ་བའི་ཁ་བ་ཅན།།
ཉ་གང་ཡར་ཚེས་གནམ་ལོ་གསར་པ་རོལ།།
ཏ་ལའི་ལྗོན་བཞིན་དུས་རབས་ཉེར་གཅིག་ནང་།།
ཐ་ཆུང་མི་ཚེ་སྐྱིད་སྡུག་རེས་མོ་བརྒལ།།
ད་ལོ་མེས་པོ་སྤྲེལ་གྱི་རང་ལོ་ཚེས།།
ན་རྒས་ཕོ་མོས་གནམ་ལོ་གསར་པ་རོལ།།
པ་ཊ་རི་མོ་མཛེས་པའི་གདན་ཐོག་ཏུ།།
ཕ་ཁུ་རི་རྒྱལ་ལྷུན་པོ་གྲལ་ལ་བཞུགས།།
བ་འབྲིའི་འོ་ཞོ་མར་ལོ་ལྷོད་ཀྱིས་བཞེས།།
མ་སྲུ་མིང་སྲིང་གནམ་ལོ་གསར་པ་རོལ།།
ཙ་རི་གནས་ཀྱི་ལྷ་ལ་ལྷ་བསང་གཏོང་།
ཚ་བུ་ཞང་པོའི་སྲོལ་གྱིས་གཉེན་སྟོན་སྤེལ།།
ཛ་དྲག་སྟོབས་ཀྱིས་འདོ་བའི་བང་ཁ་འགྲན།།
ཝ་ལེའི་སྐྱིད་པའི་གནམ་ལོ་གསར་པ་རོལ།།
ཞྭ་ལྟར་གཙུག་ན་བཀུར་བའི་སྐུ་གསུང་ཐུགས།།
ཟ་འོག་དར་གྱིས་གསོལ་ཞིང་བླ་ན་གུས།།
འ་འུར་དབེན་ཞིང་ཁ་དགེ་རླང་རྟ་བསྒྲོན།།
ཡ་རབས་ལུགས་ཀྱི་གནམ་ལོ་གསར་པ་རོལ།།
ར་བ་གངས་ཀྱིས་བསྐོར་བའི་གོ་ལའི་རྩེའི།།
ལ་ཐང་ལུང་པར་གནས་པའི་རང་ཅག་པ།།
ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་སྟེ།།
ས་ཡ་དྲུག་གིས་གནམ་ལོ་གསར་པ་རོལ།།
ཧ་ལས་མགུ་བའི་སྙན་ཚིག་མ་ིཤེས་ཀྱང་།
ཨ་མྱེས་བྱིན་པའི་རང་སྐད་གཙང་མ་དེས།།
ཧ་ཅང་དགའ་བའི་གནམ་ལོ་གསར་བའི་ནང་།།
ཨ་མ་གངས་རིའི་ལྗོངས་ལ་སྐྱེས་སུ་བྲིས།།