༄༅།། ཤའི་སྐོར།

མི་གསལ། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 03-07


  བོད་མིས་ཤ་ཡི་རིགས་བཟའ་ཆས་སུ་བྱེད་པ་མང་ནའང་ཕལ་ཆེ་བས་རྨིག་པ་ཁ་དབྲག་ཅན་གྱི་ཤ་ལས་རྨིག་གཅིག་ཅན་དང་སྡེར་ཆགས། འདབ་ཆགས། ཆུར་ཉལ་སོགས་ཀྱི་ཤ་མི་བཟའ། རྨིག་གཉིས་ཅན་གྱི་ཤ་ནི་དཔེར་ན་སྒོ་ཕྱུགས་ཀྱི་ཤ་སྟེ་ར་ལུག་གི་ཤ་དང༌། ཚག་ཤའམ་ནོར་ཤ་སོགས་ལས་གཞན་ད་དུང་རི་དྭགས་རིགས་ཀྱི་ཤ་སྟེ་གནའ་བ་དང་དགོ་བ། གཉན། འབྲོང་སོགས་ཀྱི་ཤ་ལྟ་བུའོ། ། བོད་མིས་ཤ་བཟའ་བའི་ཐབས་ཀྱང་ཧ་ཅང་མང་སྟེ། བཙོས་ནས་ཚོས་པོར་བཟའ་བ་དང༌། ཤ་རྗེན་དུ་བཟའ་བ། ཤ་སྐམ་དུ་བཟའ་བ། ཤ་སླ་ངའི་ནང་རྔོད་པའམ་རྡོ་བསྲེག་བརྒྱབ་ནས་བཟའ་བ་སོགས་གང་ལ་གང་འཚམ་དུ་བཟའ།  
  དེ་ཡང་ཤ་བཙོ་བའི་ཐབས་ཀྱང་གཞན་དང་ཁྱད་ཆེ་སྟེ། སྤྱིར་བཏང་སླ་ངའི་ནང་དུ་ཆུ་འཁྱག་བཙོ་བྱའི་ཤ་བྱིང་བ་ཞིག་བླུགས་རྗེས་བཟའ་ཚྭ་དང་གཡེར་མ། བཅའ་སྒ་སོགས་འོས་འཚམ་ཞིག་བཏབ་སྟེ་བཙོ་བྱའི་ཤ་རན་པར་གཏུབས་ནས་སླ་ངའི་ཆུ་ནང་དུ་འཕངས་ཏེ། མེ་ཆུང་བ་ནས་རིམ་པར་ཆེ་བར་བཏང་སྟེ་ཆུ་འཁོལ་ནས་ལྷོག་ཉུང་ཙམ་ཞིག་བརྒྱབ་རྗེས་ཚོས་མ་རློན་གྱི་ཚོད་དུ་བཟའ་བ་ལས་ཚོས་ཐག་ཆོད་པར་མི་བྱེད། དེ་མིན་བཙོ་བྱའི་ཤ་མི་འདྲ་བས་བབ་བསྟུན་གྱིས་ཡུན་དུ་བཙོ་བ་དང་ཡུན་དུ་གདུ་བ་སོགས་གང་ལ་གང་འཚམ་བྱེད།    ཤ་རྗེན་དུ་བཟའ་ཞེས་པ་ནི་གཙོ་བོ་དགུན་འཁྱག་གྲང་ངར་ཆེ་བའི་དུས་སུ་ཤ་འཁེངས་ནས་རེངས་པོར་གྱུར་རྗེས། ལྷེབ་ལྷེབ་གཏུབ་སྟེ་ཚྭ་སོགས་བྲོ་སྨན་དང་མཉམ་དུ་བསྒྲེས་ནས་བཟའ་བ་ཞིག་ཡིན་ཞིང༌། དེ་འདྲ་བྱས་ན་ཤའི་བྲོ་བ་ཇི་བཞིན་ལོངས་སུ་སྤྱོད་ཐུབ།
  ཤ་སྐམ་དུ་བཟའ་ཞེས་པ་ནི་དགུན་དུས་སུ་ཤ་རྗེན་ཤ་ལྕུག་ཏུ་བཅོས་ཏེ་བསིལ་སྐམ་བཏང་སྟེ་ཟོས་ན་བྲོ་བ་ཞིམ་པར་མ་ཟད་ཡུན་རིང་དུ་ཉར་ཚགས་བྱེད་བདེ། ཤ་སྐམ་བཟོ་སྟངས་ནི་བོད་ཀྱི་ཡུལ་གྲུ་རེ་རེར་ཐབས་མི་འདྲ་བ་རེ་ཡོད་ཅིང༌། གཙོ་བོ་ནི་རླུང་སྐེམ་དང༌། བསིལ་སྐེམ་གཉིས་ཡིན། ཤ་བརྔོས་ནས་བཟའ་ཐབས་ནི་རིགས་གཉིས་ཏེ་ཚོད་མ་དང་མཉམ་དུ་རྔོད་པའམ་ཤ་རྐྱང་ཁོ་ན་རྔོད་པའོ། །རྡོ་བསྲེག་རྒྱག་པའི་ཐབས་ནི་ཐོག་མར་ལུག་ཤའམ་རི་དྭགས་ཀྱི་ཤ་གསར་པ་ལྕུག་པོར་གཏུབས་ཏེ་གྲོད་པུའམ་རླིད་བུའི་ནང་དུ་བསྡུས་ནས། བཟའ་ཚྭ་དང་བཅའ་སྒ། གཡེར་མ། གོ་སྙོད་སོགས་ཚད་དང་རན་པ་ཞིག་བཏབ་ཐོག ཆུ་རྡོ་སྒོང་གཟུགས་ཅན་ནམ་རྡོ་དཀར་གོང་མང་པོ་མེ་འཚོད་བརྒྱབ་སྟེ། དྲོད་ཚད་ཧ་ཅང་རྒྱས་པའི་སྐབས་སུ་མྱུར་དུ་ཤ་རྗེན་ཅན་གྱི་གྲོད་པུའམ་རླིད་བུའི་ནང་ལ་འཕངས་ནས་བསྲེགས་རྗེས་བླངས་ཏེ་ཤ་ཟ་བ་དང་ཤ་ཁུ་འཐུང་བ་ན། བྲོ་བ་ཧ་ཅང་ཆེ་ཞིང་རོ་བཅུད་ཕུན་སུམ་ཚོགས་པས་ཕོ་ཚད་དང་རླུང་ཚད་ལ་ཕན་ཞིང་མཆིན་ཚད་དང་མཁལ་དྲོད་ཉམས་པའང་གས།
  གཞན་ད་རུང་བོད་མིའི་སྲོལ་རྒྱུན་ལ་ལུག་དང་སྐམ་བཤས་རྗེས་ནང་ལྡུག་པ་སྟེ་རྒྱུ་མ་ལྡུག་པའི་སྲོལ་ཐུན་མིན་ཞིག་ཡོད་ལ། ནང་ལྡུག་པའི་རིགས་ལ་གཡོས་རྒྱུ་ལྡུག་པ་དང༌། ཁྲག་རྒྱུ་ལྡུག་པ། ཕྱེ་རྒྱུའམ་ཁྱམ་ཕྲ་ལྡུག་པ། སེ་ར་ལྡུག་པ་བཅས་ཡོད། དེ་དག་ལྡུག་པའི་ཐབས་ཏེ་གཡོས་རྒྱུ་ལྡུག་སྟངས་ནི། ཐོག་མར་ཤ་སྣག་དང་གློ་བ་ཟུང་ཞིབ་མོར་འཐག་སྟེ། ཙོང་སྒོག་དང་བཟའ་ཚྭ་འཚམ་པོ་ཞིག་བཏབ་ནས་རྩམ་པ་གང་རུང་དང་ལྷན་དུ་བསྲེས་ཏེ་གཡོས་རྒྱུའི་ནང་དུ་བླུགས་ཏེ་བཙོས་ནས་བཟའ། ཁྲག་རྒྱུ་ལྡུག་པར་ཡང་ཤ་སྣག་དང་ལྟོ་ཚིལ་འོས་འཚམ་ཞིག་ཞིབ་མོར་འཐག་སྟེ་གཡེར་མ་དང་བཟའ་ཚྭ་བཏབ་རྗེས་ཁྲག་ནང་དུ་ལེགས་པོར་དཀྲུགས་ནས་རྒྱུ་ནག་ནང་དུ་བླུགས་ཏེ་ཚོས་མ་རློན་དུ་བཟའ། ཕྱེ་རྒྱུའམ་ཁྱམ་ཕྲ་ལྡུག་པར་ཚིལ་མང་ཙམ་འཐག་ནས་ཕྱེ་ཉུང་ཙམ་དང་བཟའ་ཚྭ་བཏབ་སྟེ་ཆུ་འཁྱག་ནང་དཀྲུགས་རྗེས་རྒྱུ་ཁྲ་ཕྲ་མོའི་ནང་ལྡུག སེ་ར་ལྡུག་སྟངས་ནི་ཚིལ་ཞིབ་ཙམ་འཐག་པའི་ནང་དུ་མཆིན་པ་འཐག་སྟེ་བཟའ་ཚྭ་བཏབ། དེ་ནས་ལུག་གི་ལྟོ་ཚིལ་སྲབ་མོའི་ཁུག་ཏུ་བསྒྲིལ་ཏེ་སྐུད་པས་བསྡམས་རྗེས་ཅུང་ཚོས་པོར་གྱུར་ཚེ་བཟའ།།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1