འབྲོང་ནི་རྨིག་པ་ཁ་དབྲག་གི་སྲོག་ཆགས་ཀྱི་སྡེ་རུ་གཏོགས་ལ་བོད་པ་ཚོས་འབྲོང་བྲེ་སེར་དང་རུ་ཐུར་འབྲོང་སོགས་ཀྱི་མིང་གི་འབོད་ལུགས་ཁ་ཤས་ཡོད། གྲང་ངར་ཐུབ་པའི་སྲོག་ཆགས་དང་མདོ་དབུས་མཐོ་སྒང་གཅིག་པུ་ན་མ་གཏོགས་མེད་པའི་ནོར་གྱི་རིགས་ཤིག་ཡིན། ད་ལྟ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་ཡིན་ལ་ཕལ་ཆེར་རྒྱ་མཚོའི་ངོས་ལས་སྨི་3000ནས་སྨི་6000གིས་མཐོ་བའི་རི་མཐོའི་རྩྭ་ཐང་གི་གནས་ཀྱི་མི་མེད་ལུང་སྟོང་གི་རྫ་ལུང་རི་ལུང་དུ་འཚོ། འབྲོང་ལ་དཀའ་སྤྱད་ཁྱེར་ནུས་པ་དང་གྲང་ངར་བསྲན་ཐུབ་པ། ལྟོགས་སྐོམ་བཟོད་ཐུབ་པའི་རང་གཤིས་མངའ་བས་རི་མཐོའི་རྩྭ་ཐང་གི་ཁོར་ཡུག་གི་ཆ་རྐྱེན་ལ་ཤིན་ཏུ་འཕྲོད་པ་དང་། རི་སྐྱེས་རྨིག་པ་ཅན་གྱི་སྲོག་ཆགས་དང་སྒོ་ཕྱུགས་རྣམས་བགྲོད་མི་ཐུབ་པའི་ས་རུ་སོང་ནས་རྩྭ་ཆུ་ལོངས་སུ་སྤྱོད་ཐུབ།
འབྲོང་ནི་སྒོ་ཟོག་འབྲི་གཡག་གི་ཡབ་མེས་ཡིན་ཏེ་གནའ་རབས་ལོ་རྒྱུས་སུའང་འབྲོང་ཕོ་མོ་གཡག་དང་འབྲིར་བཏུལ་ཞེས་བཤད་སྲོལ་ཡོད་པ་དང་། སྔོན་ཆད་གནས་ཡུལ་གྱི་ཁྱབ་རྒྱ་ཆེ་ནའང་ད་ལྟ་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད།
འབྲོང་གི་གཟུགས་པོའི་ལྗིད་ཚད་ལ་སྤྱི་རྒྱ་1000ཡན་ལ་འབུད་ཅིང་མདོག་ཕལ་ཆེར་ནག་རྐྱང་ཡིན། ལྟོ་བའི་སྨད་དང་རྐང་བའི་ཐོག་ཏུ་རྩིད་པ་རིང་བོ་སྐྱེས་ཡོད་པས་གྲང་ངར་གྱི་ཁོར་ཡུག་ཏུ་འཚོ་བར་འོས་ཤིང་འཚམ། དབྱར་དགུན་མེད་པར་རི་མགོ་རི་ཐང་དུ་འཚོ་ཞིང་དབྱར་ཁར་སྤང་རྩྭ་ཟ་ཞིང་དགུན་ལ་རྩྭ་སྐྱ་ལྕེ་ཡིས་ལྡག་པ་དང་དེའི་ལྕེ་དང་ཀོ་བ་ནི་སྲ་ཞིང་མཁྲེགས།
འབྲོང་ནི་སྤྱིར་བཏང་དུ་ཉི་ཤུ་ནས་སུམ་ཅུ་ཁྱུ་བསྒྲིགས་ནས་བསྐྱོད་ཅིང་ཁ་ཟས་འཚོལ་བ་དང་མཚམས་ལན་རེར་ཉིས་བརྒྱ་ནས་སུམ་བརྒྱ་ཁྱུ་ཆེན་བསྒྲིགས་ཏེ་འགྲོ་ལ་བཤད་རྒྱུན་དུ་དེ་ནི་བེའུ་ལ་སྲུང་སྐྱོབ་བྱ་ཆེད་ཡིན་རབས། འབྲོང་གིས་སྤྱིར་བཏང་དུ་མི་ལ་འཚེ་བ་མི་བྱེད། འབྲོང་གི་སྣ་དབང་གི་ཚོར་བ་ཤིན་ཏུ་སྐྱེན་པོ་ཡོད་ཅིང་དགྲ་བོར་ཐུག་དུས་ཕོ་རྣམས་གདོང་ལ་བུད་ཅིང་བེའུ་དང་ལོ་ན་མཐོ་གྲས་རྣམས་ལ་སྲུང་སྐྱོབ་བྱེད་པ་ཡིན། འབྲོང་སྦྱིག་པའི་དུས་སྐབས་ནི་ཟླ་དགུ་བ་ནས་བཅུ་གཅིག་པའི་བར་ཡིན་པ་དང་མངལ་སྦྲུམ་པའི་དུས་ཚོད་ཕལ་ཆེར་ཟླ་བ་བརྒྱད་ནས་དགུ་བར་ཡིན་ཞིང་ལོ་རྗེས་མའི་ཟླ་བ་དྲུག་པ་དང་བདུན་པར་བེའུ་བཙའ། བེའུ་གཅིག་རེ་ལས་མི་བཙའ་ལ་བཙས་ནས་ཟླ་ཕྱེད་ཙམ་འགོར་ན་ཁྱུ་ཚོགས་དང་འགྲོགས་ནས་འགྲོ་ཐུབ། ལོ་གསུམ་ལ་བུད་ན་སྐྱེ་འཕེལ་ཐུབ་ཅིང་ཚེ་ཚད་ཕལ་ཆེར་ལོ་ཉེར་གསུམ་ནས་ཉེར་ལྔ་ཡིན། འབྲོང་གི་ཀོ་བ་ཧ་ཅང་སྲ་མོ་ཡིན།
ཚོད་དཔག་བྱས་པ་ལྟར་ན། ད་ལྟ་རང་རྒྱལ་དུ་འབྲོང་ཁྲི་གསུམ་ནས་ལྔ་མ་གཏོགས་མེད་པ་དང་དེར་སྲུང་སྐྱོབ་གང་ལེགས་བྱ་དགོས་ཏེ། འབྲོང་དང་སྒོ་ཕྱུགས་ནོར་ནག་བསྡེབས་ན་ནོར་རྒྱུད་ཇེ་ལེགས་སུ་འགྲོ་བ་དང་འབྲོང་གི་ཤ་དང་ལྕེ། སྙིང་། མཁྲིས་པ། ཁྲག་བཅས་ནི་བོད་སྨན་དུ་འགྲོ་བས་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། དེ་བས་ང་ཚོས་རང་ཉིད་ཀྱི་ཕ་ཡུལ་ན་ཡོད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་འདིའི་རྒྱུད་ཆད་དུ་འཇུག་མི་རུང་ངོ་།
སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།