༄༅། སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པའི་ངོ་སྤྲོད།

མར་ནང་འཇིགས་མེད་ཐོས་པ་ཀུན་དགའ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-15


  སྙན་གྲགས་ཀྱི་བ་དན་དཀར་པོ་ཕྱོགས་བཅུར་གཡོ་བའི་ཞྭ་སེར་བསྟན་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཏེ། མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་སྒྱུ་རྩལ་རྣམ་གསུམ་སྟེ། མེ་ཏོག་མཆོད་པ་དང་ལྡེབས་རིས། གཙགས་དྲུབ་བཅས་ནི་སྒྱུ་རྩལ་གྱི་རིན་ཐང་གཞལ་དུ་མེད་པ་ཞིག་རེད། དེ་ཡང་སྐུ་འབུམ་བྱམས་པ་གླིང་ནི་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་གི་ཁོངས་གཏོགས་སུ་ཡོད་ལ། ཟི་ལིང་ནས་སྐུ་འབུམ་བར་སྤྱི་ལེ་ཉེར་ལྔ་ཡོད། དེར་སྐུ་འབུམ་ཟེར་དོན་ནི་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པའི་ལྟེ་ཁྲག་འཕོས་ས་ནས་ཤིང་ཙན་དན་གྱི་ལྗོན་པ་ཞིག་སྐྱེས་པར་བཤད་ལ། ལྗོན་པ་དེའི་ལོ་མ་རེ་རེའི་སྟེང་ན་རྒྱལ་བ་སེང་གེ་ང་རོའི་སྐུ་བཪྙན་རེ་ཡོད་པས་སྐུ་འབུམ་ཞེས་མིང་དུ་ཐོགས་པ་རེད། དེ་ནས་དེང་སང་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དུ་བགྲང་བཞིན་ཡོད།

  རྗེ་བདག་ཉིད་ཆེན་པོ་ཁོང་དགུང་ལོ་ང་གསུམ་བཞེས་པ་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་1409ལོར་ལྷ་དང་བླ་མའི་ལུང་བསྟན་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བ་དང་། དེའི་མཚན་མོ་ཞིག་ལ་ཁོང་གི་མནལ་ལམ་དུ་ས་གཞིའི་སྟེང་གི་རྩྭ་དང་རྩི་ཤིང་ཐམས་ཅད་སྒྲོན་མེ་དང་། ཚེར་མ་དང་རྡོ་ཟེགས་ཐམས་ཅད་མེ་ཏོག་ཏུ་གྱུར་པའི་རྨི་ལམ་ངོ་མཚར་བ་ཞིག་རྨིས། ཕྱི་ཉིན། ཁོང་གིས་མནལ་ལམ་དུ་བྱུང་བ་ཇི་བཞིན་འཁོར་རྣམས་ལ་གསོལ་མར་གྱིས་མེ་ཏོག་བཟོ་བར་བསྐུལ་ནས། བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ཇོ་བོ་ཤཱཀྱ་མུ་ནེ་གཙོ་བྱས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མེ་ཏོག་གི་མཆོད་པ་ཕུལ་ཏེ་སངས་རྒྱས་བསྟན་པ་ཡུན་རིང་རྒྱས་པའི་སྨོན་ལམ་རྒྱ་ཆེར་བཏབ། དེ་ནས་བཟུང་སྟེ་རི་བོ་དགེ་ལྡན་པའི་དགོན་པ་ཁག་ལ་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར་བ་རེད། སྐུ་འབུམ་བྱམས་པ་གླིང་ལ་རབ་བྱུང་བཅུ་པའི་ཤིང་རྟ་སྤྱི་ལོ་1594ལོར་ཟི་ན་བླ་མ་དཔལ་འབྱོར་རྒྱལ་མཚན་དང་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་ཀྱིས་མགོན་ཁང་ཆེན་མོ་གསར་བཞེངས་བྱས་ནས་རབ་གནས་མཛད་རྗེས། བོད་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོར་མེ་ཏོག་མཆོད་པ་འབུལ་བའི་སྲོལ་བཙུགས། ལོ་དེ་ནས་བཟུང་སྟེ་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་གནམ་ལོ་མ་སར་གོང་གི་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔའི་ཉིན་ནས་མགོ་བརྩམས་ཏེ། ཕྱི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་བར་དཀའ་ཁག་རབས་དང་རིམ་པ་བརྒྱུད་ནས་མི་རིགས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་འགྱུར་རྨད་དུ་བྱུང་བའི་མར་རྒྱན་མཆོད་པ་བཞེངས་ཤིང་། ཉིན་དེའི་དགོང་མོར་ཧ་ཅང་གཟབ་རྒྱས་ཆེན་པོའི་སྒོ་ནས་མེ་ཏོག་མཆོད་པ་བཤམ་བཞིན་ཡོད། རྗེས་སུ། ཆུ་བཟང་བ་རྣམ་རྒྱལ་དཔལ་འབྱོར་གྱིས་གཞུང་རྙིང་པའི་འཛིན་གྲྭ་ལ་སྒོ་མང་སྐབས་དང་པོ་དང་། རྗེ་བཙུན་སྐབས་དང་པོ་གཉིས་སུ་ཕྱེ་བ་ནས་བཟུང་སྟེ། སྒོ་མང་འཛིན་གྲྭའི་དགེ་འདུན་པ་བཅོ་ལྔ་ལྷག་ཙམ་གྱིས་བཞེངས་པའི་མེ་ཏོག་མཆོད་པ་ཞིག་དང་། རྗེ་བཙུན་འཛིན་གྲྭའི་དགེ་འདུན་པ་བཅོ་ལྔ་ལྷག་ཙམ་གྱིས་བཞེངས་པའི་མེ་ཏོག་མཆོད་པ་ཞིག་སྟེ། བཞེངས་སྲོལ་གཉིས་ཡོད་པ་རེད། སྒོ་མང་འཛིན་གྲྭའི་མེ་ཏོག་མཆོད་པ་འདུ་ཁང་ཆེན་མོའི་གཡས་ལོགས་དང་། རྗེ་བཙུན་འཛིན་གྲྭའི་མེ་ཏོག་མཆོད་པ་ཐམས་ཅད་མཁྱེན་པའི་ལྷ་ཁང་གི་རྒྱབ་ལོགས་སུ་མཆོད་མཇལ་བ་དང་ལྗོངས་རྒྱུ་བ་ཁྲི་ཕྲག་མང་པོའི་སྤྱན་ལམ་དུ་བསྟར་བ་དང་། ལོ་རེ་རེར་འཛིན་གྲྭ་འདི་གཉིས་ཀྱིས་གསང་རྒྱ་ཡོད་པའི་སྒོ་ནས་བཞེངས་ཏེ། མེ་ཏོག་མཆོད་པའི་བཟོ་རྩལ་འགྲན་བསྡུར་བྱེད་སྲོལ་ཡོད། ཁོ་ཚོས་མེ་ཏོག་མཆོད་པ་འདི་ལ་ཐོག་མར་བཟོ་དབྱིབས་ཆེ་ཆུང་གང་དགོས་ཀྱི་ཤིང་རུས་སྣ་ཚོགས་བཟོས་ནས། འབྲི་མར་མང་ཤོས་ཀྱི་ནང་དུ་དུས་ཡུན་རིང་པོར་བཞག་ཀྱང་མདོག་མི་ཡལ་བའི་རྡོ་ཚོན་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ། ལི་ཁྲི་སོགས་གང་མཁོའི་ཚོན་སྣ་མང་པོ་བསྲེས་ནས་བཞེངས་དགོས། མེ་ཏོག་མཆོད་པའི་བརྗོད་བྱའི་ཆ་ནས་བཤད་ན། གཙོ་སྐུ་ལ། སྤྱན་རས་གཟིགས་དང་འཇམ་པའི་དབྱངས། གསང་བདག རྗེ་བཙུན་བྱམས་པ་སོགས་ལོ་རེ་བཞིན་དུ་རེས་མོས་ཀྱི་སྒོ་ནས་བཞེངས་ཀྱིན་ཡོད་ལ། ཟུར་རྒྱན་གྱི་རྣམ་ཐར་ལའང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་། ཙོང་ཁ་བརྒྱད་ཅུ། མི་ལ་རས་པའི་མཛད་རྣམ། ཇོ་བོ་ཨ་ཏི་ཤ་བོད་དུ་ཕེབས་ཚུལ། སྟག་མོ་ལུས་སྦྱིན། དྲི་མིད་ཀུན་ལྡན། འགྲོ་བ་བཟང་མོ། ཐང་སྟོང་རྒྱལ་པོ།དོན་ཡོད་དོན་གྲུབ། རྒྱ་བཟའ་བོད་དུ་བསུ་བ་སོགས་ལས་གཞན། ལོགས་དང་གྲུ་གར་བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད། ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི། རྒྱལ་སྲིད་སྣ་བདུན །འདོད་ཡོན་སྣ་ལྔ། སྟག་སེང་ཁྱུང་འབྲུག་སོགས་བཞེངས་སྲོལ་ཡོད། སྐབས་ལ་ལར་རིགས་ལྡན་རྒྱལ་པོ་མ་འགགས་པ་དང་།རྣམ་ཐར་ལ་རིགས་ལྡན་ཞིང་བཀོད་སོགས་བཞེངས་པའི་སྐབས་ཀྱང་ཡོད།
  མར་གྱིས་བཟོས་པའི་རི་མོ་དག་གི་ཞལ་གྱི་དཀྱིལ་འཁོར་ལ་དཀར་ལ་དམར་བའི་མདངས་ཆགས་ཤིང་ཅུང་ཟད་འཛུམ་པའི་ཉམས་དང་ལྡན་ལ། སྐུའི་ན་བཟའ་དང་ལྷམ་སོགས་ལ་རང་རང་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་པར་མ་ཟད། ན་བཟའི་སྟེང་གི་རི་མོར་ཞིབ་ཚགས་ལྡན་ཞིང་པང་ཁེབས་ལ་དེ་ལས་ལྷག་པའི་ཟ་འོག་གོས་ཆེན་གྱི་རྣམ་པ་འབུར་དུ་བཏོན་ནས་བཞེངས་ཡོད་པས། དེའི་སྟེང་གི་མེ་ཏོག་དང་ལོ་མ། རི་མོ་སྣ་ཚོགས་ཀུ་ཤའི་རྩེ་མོ་ལྟར་ཕན་ཚུན་མ་འདྲེས་པར་རང་རང་གི་མཛེས་ཉམས་ཤིག་མངོན་ཡོད་པས་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཞིག་རེད་ཅེས་བརྗོད་ཆོག་ལ། དེ་བཞིན་དུ། དགོན་པ་དང་ལྷ་ཁང་། མཆོད་རྟེན། བླ་མ། གྲྭ་པ་སོགས་ཆོས་ལུགས་ཀྱི་སྐོར་དང་། རྒྱལ་པོ་དང་བློན་པོ་བཙུན་མོ། འཁོར་གཡོག སྒོ་ཕྱུགས། དམག་འཁྲུག་བྱེད་པ་སོགས་ལ་ཞི་རྒྱས་དབང་དྲག་གི་ཉམས་དང་ལྡན་ལ། རི་བྲག་དང་གཅན་གཟན། ལྗོན་ཤིང་། བྱ་བྱེའུ། མེ་ཏོག་སོགས་ཧ་ཅང་ཞིབ་ཚགས་དང་གསོན་ཉམས་ལྡན་པའི་སྒོ་ནས་བཞེངས་ཡོད་པས། མཇལ་སྐོར་པ་དང་ལྗོངས་རྒྱུ་པ་རྣམས་ཀྱིས་མཐོང་མ་ཉིད་ནས་འདི་ནི་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཞིག་རེད་ཅེས་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད་དོ།།
  མེ་ཏོག་མཆོད་པའི་གྲུབ་ཆ་གཙོ་བོ་མར་ནི་མདོ་དབུས་མཐོ་སྒང་གི་བོད་མིའི་འཚོ་བའི་རྟེན་གཞི་གཙོ་བོ་སྟེ་འབྲིའི་འོ་མའི་སྙིང་བཅུད་ལས་བྱུང་བའི་ཟས་རིགས་ཤིག་ཡིན། འབྲི་མར་མང་ཤོས་ཀྱི་ནང་དུ་དུས་ཡུན་རིང་པོར་བཞག་ཀྱང་མདོག་མི་ཡལ་བའི་རྡོ་ཚོན་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ་སོགས་ཚོན་མང་པོ་བསྲེས་ནས་བཞེངས་དགོས་པ་ཡིན། གནའ་བོའི་སྟབས་བདེའི་ལག་ཆ་དང་ལག་པ་ཟུང་ལ་བརྟེན་ནས་ཆེས་གསོན་ཉམས་ལྡན་པར་བཞེངས་པའི་ལྷ་སྐུ་དང་མི་སྣ། རྩྭ་ཐང་། ནོར་ལུག ལྗོན་ཤིང་། བྱ་བྱེའུ། རི་བྲག གཅན་གཟན། ལྡིང་ཁང་། མེ་ཏོག་སོགས་ཀྱི་མཛེས་རིས་གང་མང་བཀོད་པའི་མི་ཏོག་མཆོད་པ་ལ་རྣམ་པ་མང་ཞིང་ནང་དོན་རྒྱ་ཆེན་པོ་ལྡན།

  ལོ་རེས་མོས་སུ་བཞེངས་པའི་ནང་ནས་རྗེ་བཙུན་འཛིན་གྲྭའི་མེ་ཏོག་མཆོད་པའི་གཙོ་སྐུ་གསང་བདག་ཕྱག་ན་རྡོ་རྗེ་དང་གཡས་གཡོན་དུ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མཛའ་བཤེས་ཆེན་པོ་རྒྱལ་བ་ཤཱཀྱ་ཐུབ་པ་དང་པོ་དགའ་ལྡན་གནས་ནས་འཕོ་བ་དང་། ཡུམ་སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས་པ་དང་། གནས་མཆོག་ལུམ་པའི་ཚལ་དུ་སྐུ་བལྟམས་པ་དང་། བཟོ་ཡི་གནས་ལ་སྦྱངས་པ། ངེས་འབྱུང་གིས་དཀའ་བ་སྤྱོད་པ། བྱང་ཆུབ་སྙིང་པོར་གཤེགས་པ། བདུད་སྡེ་བཅོམ་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ།ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ། སྐུ་མྱ་ངན་འདས་པ་སོགས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་ཆེན་བཅུ་གཉིས་སོགས་ཀྱི་རི་མོ་སྣ་ཚོགས་ནི་གསོན་ཉམས་ལྡན་པའི་སྒོ་ནས་བཞེངས་ཡོད། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་པས། མི་ཏོག་མཆོད་པ་ནི་ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་པ་དང་མཇལ་སྐོར་པ་རྣམས་ཀྱི་མིག་དབང་འདྲེན་པའི་ནོར་བུ་རྩ་ཆེན་དུ་གྱུར་ཡོད། འདིས་མཚོ་སྔོན་གྱི་དཔལ་འབྱོར་དང་ཆབ་སྲིད་། རིག་གནས། ཆོས་ལུགས། ཚན་རིག མི་རིགས་ཕན་ཚུན་བར་གྱི་འབྲེལ་བ་སོགས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱུ་ཆ་རྩ་ཆེན་འདོན་སྤྲོད་བྱས་ཡོད་པ་དང་ཕྱོགས་ཡོངས་ཀྱི་ཆ་ནས་ནུས་པ་ཆེན་པོ་ཐོན་ཡོད། མདོར་ན་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ནི། བོད་མི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ལ། མེ་ཏོག་མཆོད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྒྱུ་རྩལ་ཁྱད་ཆོས། གྲུབ་ཚུལ་དང་བརྗོད་བྱའི་སྙིང་པོ་སོགས་ལའང་གཞན་ལས་ལྷག་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས། འདི་ནི་རང་རེའི་མི་རིགས་ཀྱི་གཟི་བརྗིད་དང་ལ་རྒྱ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ངོམ་ཆོག་ཆོག་གི་རིག་གནས་ཤིག་ཀྱང་ཡིན་ནོ།།

      2016ལོའི་ཟླ་1པའི་ཚེས་22ཉིན་གྱི་《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1