སྤྱི་ཟླ་3པའི་ཚེས་16ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་སྒྲིལ།
ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཡུས་ཀྲེན་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། དེ་མིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་འདུག་པ།
ཀྲང་ཏེ་ཅང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བཞིན་པ།
ཉིན་དེའི་ཚོགས་ཆེན་ལ་འཐུས་མི་2943ཞུགས་དགོས་པ་དང་འཐུས་མི་2859དངོས་སུ་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་ གིས་གྲོས་ཚོགས་མཇུག་སྒྲིལ་བའི་ཚོགས་འདུར་གཙོ་སྐྱོང་གནང་།
ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཀྲང་ཏེ་ཅང་གིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་མཛད།
ཚོགས་ཆེན་སྟེང་ཐག་བཅད་དེ་སྲིད་གཞུང་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
ཚོགས་ཆེན་སྟེང་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ལག་བསྟར་གནས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
ཚོགས་ཆེན་སྟེང་ཐག་བཅད་དེ་དགེ་སྒྲུབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་2016ལོའི་ཟླ་9པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
ཚོགས་ཆེན་སྟེང་ཐག་བཅད་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད། ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
ཚོགས་ཆེན་སྟེང་ད་དུང་ཐག་བཅད་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧོང་རུང་ཆིག་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་འཁུར་བའི་རེ་ཞུ་དང་ལེན་བྱས་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།
ཚོགས་ཆེན་གྱི་གྲོས་རིམ་ཁག་མཇུག་རྫོགས་རྗེས། ཀྲང་ཏེ་ཅང་གིས་འཐུས་མི་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ལས་འགན་སྣ་ཚོགས་བདེ་བླག་ངང་ལེགས་འགྲུབ་བྱུང་། གྲོས་ཚོགས་ཀྱིས་དམངས་གཙོ་དར་སྤེལ་དང་ཁྲིམས་ལྟར་ལས་དོན་་ནན་མོར་བསྒྲུབས་པ། ཚོགས་སྲོལ་བཟང་པོ་སྲུང་འཛིན་བྱས་ཏེ་ཚོགས་འདུར་རྒྱལ་ཁ་ཐོབ་ཅིང་འདི་ནི་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་སྐབས་སུ། འཐུས་མི་ཚོས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མངགས་བཅོལ་ཕྲག་ཏུ་ཁུར་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་ནུས་ལག་བསྟར་ནན་མོ་བྱས་ཤིང་། སྤྱི་གཞུང་ལ་དམིགས་པ་དང་དོན་ཆེན་བགྲོ་བ། དོན་དངོས་གཙིགས་སུ་འཛིན་པ། ཕན་འབྲས་གཉེར་བ། བསམ་ཕྱོགས་གཅིག་བསྡུ་དང་ལྟ་བ་གཅིག་བསྡུས་བཅས་བྱས་ཏེ། གྲོས་ཚོགས་ཀྱི་ཕན་འབྲས་སྣ་ཚོགས་ཀྱིས་ཏང་གི་དགོངས་པ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་སྒོས་མཚོན་པར་བྱས་ཞེས་བསྟན།
དུས་ཚོད་9དང་སྐར་མ་48སྟེང་ཀྲང་ཏེ་ཅང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་ཁྱབ་བསྒྲགས་མཛད་པ་དང་ཚོགས་ཆེན་རྔམ་བརྗིད་ཀྱི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ། །