དང་པོ་ནི། གུ་རཱུ་མཚོ་སྐྱེས་ཞབས་སོགས་ལམ་སྐོར་དགུ། །བླ་ཆེན་འབྲོག་མིར་བཀའ་བབས་གདམས་པའི་བཅུད། །སྒོ་དྲུག་ཆོས་འབྲེལ་རྩ་བ་མེད་པ་དང་། །ཉེ་བརྒྱུད་ལམ་སྦས་བརྡ་དོན་གསལ་རྣམས་ཀྱི། །གཙོ་བོར་གསུང་ངག་ལམ་དང་འབྲས་བུར་བཅས། །རྣལ་འབྱོར་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་ངམ་གྲུབ་ཆེན་བིར་ཝ་པ་(1)ཞེས་གྲགས་པ་དེ་ཉིད་རྡོ་རྗེ་བདག་མེད་མས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། ས་དྲུག་པའི་རྟོགས་པ་ཐོབ་ནས་ཀྱེེ་རྡོ་རྗེའི་རྒྱུད་གསུམ་ལ་བརྟེན་ནས་ཤར་ཕྱོགས་ནག་པོ་བའི་དོན་ཏུ་རྡོ་རྗེའི་ཚིག་རྐང་བསྩལ་ཞིང་ལམ་འབྲས་བུ་དང་བཅས་པའི་གདམས་སྐོར་མཛད། གྲུབ་ཆེན་མཚོ་སྐྱེས་ཞབས་ཀྱིས་རྩ་རྒྱུད་བརྟག་གཉིས་ལ་བརྟེན་ནས་བསྐྱེད་རིམ་ཟབ་པའི་ཚུལ་དགུ། རྫོགས་རིམ་མང་པོའི་རྩེ་མོ་ལྟ་བུའི་ལམ་སྐོར་མཛད། སོགས་ཁོངས་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་འདུས་པ་ལ་བརྟེན་ནས་བྱང་ཆུབ་སེམས་འགྲེལ་གྱི་ལམ་སྐོར་མཛད། ཌོ་མྦི་པས་བརྟག་གཉིས་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་ཀྱི་ལམ་སྐོར་མཛད། ཨིནྡྲ་བོ་དྷིས་རྒྱུད་ཡེ་ཤེས་ཐིག་ལེ་ལ་བརྟེན་ནས་ཕྱག་རྒྱའི་ལམ་ཡོངས་སུ་རྫོགས་པའི་ལམ་སྐོར་མཛད། ཏོག་རྩེ་པས་རྒྱུད་ཁ་སྦྱོར་ལ་བརྟེན་ནས་བསམ་མི་ཁྱབ་ཀྱི་ལམ་སྐོར་མཛད། ནག་པོ་པས་བདེ་མཆོག་ལ་བརྟེན་ནས་ཡོལ་པ་ཏིའི་ལམ་སྐོར་མཛད། ངག་གི་དབང་ཕྱུག་གིས་གསང་འདུས་ལ་བརྟེན་ནས་ཕྱག་ཆེན་ཡི་གེ་མེད་པའི་ལམ་སྐོར་མཛད། ནག་པོ་འཆི་བ་མེད་པས་མ་རྒྱུད་མཐའ་དག་ལ་བརྟེན་ནས་ཡོན་པོ་སྲོང་བའི་ལམ་སྐོར་མཛད། དེ་ལྟར་ལམ་སྐོར་དགུ་པོ་བླ་ཆེན་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་(2)ལ་བཀའ་བབས་ཏེ། འབྲོག་གིས་ཐོག་མར་སློབ་དཔོན་ཤཱནྟི་པ་ལས་འདུལ་བ། ཕར་ཕྱིན། གསང་སྔགས་ཀྱི་ཆོས་ཐམས་ཅད་མཁས་པར་བསླབས། ལམ་སྐོར་སོགས་གདམས་ངག་རྣམས་ག་ཡ་དྷ་ར་དང་དཔའ་བོ་རྡོ་རྗེ་ལས་ཞུས་ཏེ་དེའང་བི་རྺ་པས་རྒྱུད་ཀྱི་བཤད་པ་ཤིན་ཏུ་བསྡུས་པ་དང་། མན་ངག་སྙན་བརྒྱུད་ཉམས་ལེན་ཤིན་ཏུ་རྒྱས་བ་ཤར་ཕྱོགས་ནག་པོ་བ་ལ་གནང་། དེས་ཌཱ་མ་རུ་པ། དེས་ཨ་ཝ་དྷཱུ་ཏི་པ། དེས་ག་ཡ་དྷ་ར་ལ་གདམས། དེ་ཉིད་བོད་དུ་ལན་གསུམ་བྱོན་པའི་དང་པོའི་སྐབས་འབྲོག་མི་ལ་གདམས་ངག་ཡོངས་སུ་རྫོགས་པ་བྱིན་ཅིང་འདི་ནི་དགྱེས་རྡོར་མན་ངག་ལུགས་སུ་གྲགས་སོ། །འདི་ལ་དེང་སང་ལམ་འབྲས་ཞེས་ཡོངས་སུ་གྲགས་ཤིང་། གོང་སྨོས་ཕྱི་མ་བརྒྱད་ལ་ལམ་འབྲས་ཕྱི་མ་ཞེས་གྲགས་སོ། །སྤྱིར་མར་འགོས་འབྲོག་གསུམ་ཞེས་ཕྱི་དར་གསང་སྔགས་རྡོ་རྗེ་ཐེག་པའི་འབྱུང་ཁུངས་ཡིན་ཅིང་ཁྱད་པར་མར་འགོས་གཉིས་ཀྱིས་ཀྱང་ཐོག་མར་འབྲོག་མི་ལས་སྦྱངས་པ་མཛད་པ་དང་། བར་དོར་ཕྱག་རྒྱ་ཆེན་པོའི་མཆོག་བརྙེས་པར་གྲགས་པ་སོགས་ཁྱད་པར་འཕགས་པ་དེ་ལ་གདམས་ངག་རྒྱ་མཚོ་ལྟ་བུ་བཞུགས་པའི་ཟབ་བཅུད་ལམ་སྐོར་དགུ་པོ་དེ་རྣམས་དང་། རྒྱ་གར་ནས་བོད་དུ་བྱོན་པར་མཁས་པ་སྒོ་དྲུག་ལ་ཆོས་འབྲེལ་རེ་ཞུས་པའི་གདམས་ངག མདོ་རྒྱུད་བསྲི་བ། ཕྱི་རོལ་གདོན། འབྱུང་བ་ལུས་འཁྲུགས། ཏིང་འཛིན་སེམས་ཀྱི་བར་ཆད་སེལ་བ་གསུམ། ཕྱག་ཆེན་སྡུག་བསྔལ་གསུམ་སེལ། གཉུག་མ་དྲན་གསལ་རྣམས་དང་། ཡང་མཐུ་སྟོབས་དབང་ཕྱུག་བིར་ཝ་པས་ཌོམྦི་པ་ལ་རྒྱུད་ཀྱི་བཤད་པ་ཤིན་ཏུ་རྒྱས་པ་དང་། མན་ངག་ཤིན་ཏུ་བསྡུས་པ་གནང་། དེས་ཨ་ལ་ལ་བཛྲ། དེས་ནགས་ཁྲོད་པ། དེས་གངྡྷ་རི་པ། དེས་ཛ་ཡ་ཤྲཱི། དེས་མི་ཐུབ་ཟླ་བ། དེས་དཔའ་བོ་རྡོ་རྗེ། དེ་ལ་འབྲོག་མིས་རྒྱ་གར་ཤར་ཕྱོགས་སུ་ཞུས་པ་ལ་རྩ་བ་མེད་པའི་ལམ་འབྲས་ཞིག་གནང་ཞེས་དྲགས་པ་དེའི་དོན་སྔ་མ་ལ་རྩ་བ་རྡོ་རྗེའི་ཚིག་རྐང་ཡོད་ཅིང་། འདི་ལ་མེད་པའི་དོན་ཡིན་ཅེས་དགྱེས་རྡོར་འགྲེལ་པ་ལུགས་སུ་གྲགས་སོ། །རྡོ་རྗེ་ཚིག་རྐང་ལ། འབྲོག་མི། གྱི་ཇོ། འབྲོམ་གསུམ་གྱིས་རྒྱ་དཔེ་དང་བསྟུན་ནས་བསྒྱུར། ཆ་གན་དང་ཇོ་ནང་ཀུན་སྤངས་པས་རྒྱ་དཔེ་ལ་མ་གཏུགས་པར་གོ་རིམ་དཀྲུགས་པའི་འགྱུར་བཅོས་མཛད་པ་དང་། གཟུངས་ཀྱི་དཔལ་བའི་ཡིག་ཆར་པཎྜི་ཏ་རཱ་ཧུ་ལའི་འགྱུར་ཡང་ཡོད་པར་གསུངས་པས་འགྱུར་འགོ་དྲུག་བྱུང་། གཞན་ཡང་ཕྱིས་སུ་ས་ཆེན་ལ་ཉེ་བརྒྱུད་བྱུང་བའི་ལམ་སྦས་བཤད་དང་གྲགས་རྒྱལ་གྱི་བརྡ་དོན་གསལ་བ་སོགས་གདམས་ངག་ཐམས་ཅད་ཀྱི་གཙོ་བོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཡི་གེ་དྲུག་ཅུ་མན་ངག་ཕྲ་མོ་དང་བཅས་པ་ཉིད་དོ། །
ཤིང་རྟ་བརྒྱད་ཀྱི་བསྡུས་འགྲེལ་ལས་བཏུས།