༄༅། །གྲོང་ཡུལ་སྡོད་དམངས་ཀྱི་གཞི་རྩ་རྒན་གསོའི་ཉེན་འགོག་འགན་སྲུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



གཅིག  ཅི་ཞིག་ལ་གྲོང་ཡུལ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་སྲུང་ལམ་ལུགས་ཟེར། 
གྲོང་ཡུལ་སྡོད་དམངས་ཀྱི་ཉེན་འགོག་འགན་སྲུང་ལམ་ལུགས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་སྐོར་གྱི་དཔྱ་ཁྲལ་མེད་པར་བཏང་བ་དང་། ཞིང་ལས་སྐོར་གྱི་ཁ་གསབ་དངུལ་ཐད་སྤྲོད། གྲོང་སྡེ་གསར་པའི་མཉམ་འབྲེལ་སྨན་བཅོས་སོགས་ཀྱི་སྲིད་ཇུས་ལག་ཏུ་བསྟར་རྗེས་ཀྱི་འགངས་ཆེ་བའི་ཞིང་ཕན་གྱི་སྲིད་ཇུས་ཤིག་ཡིན། མི་སྒེར་གྱིས་གྲོན་དངུལ་འཇལ་བ་དང་སྤྱི་ཡིས་རོགས་བཅོལ། ནོར་སྲིད་ཀྱིས་ཁ་གསབ་བྱེད་པ་བཅས་ཟུང་དུ་འབྲེལ་བའི་མ་དངུལ་བསྡུ་བའི་བྱེད་ཐབས་ཤིག་ཡིན་ལ་མི་སྒེར་གྱི་རྩིས་ཐོ་དང་གཞི་རྩའི་རྒན་གསོ་མ་དངུལ་གཉིས་མཉམ་འབྲེལ་ལག་བསྟར་བྱེད་པའི་རྒན་གསོའི་ཉེན་འགོག་འགན་སྲུང་ལམ་ལུགས་ཤིག་ཡིན།། 

གཉིས། གྲོང་ཡུལ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་སྲུང་ལ་ལེགས་པའི་ཆ་ཅི་ཡོད།
གཅིག་ནི་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྤྲོད་པ་དེ་མཐོ་རུ་བཏང་ཡོད། སྔོན་ཆད་ཡིན་ན་དངུལ་སྤྲོད་པ་དེ་གཙོ་བོ་ཞིང་པ་རང་ཉིད་ཡིན་པ་དང་དོན་དངོས་སུ་རང་ཉིད་སྒེར་གྱིས་དངུལ་གསོག་འཇོག་བྱེད་པའི་རྣམ་པ་ཞིག་ཡིན། རེད་དེ་གྲོང་ཡུལ་སྡོད་དམངས་ཀྱི་ཉེན་འགོག་འགན་སྲུང་ལམ་ལུགས་ནི་མི་སྒེར་རང་ཉིད་ཀྱིས་གྲོན་དངུལ་འཇལ་བ་དང་སྤྱི་ཡིས་རོགས་བཅོལ། སྲིད་གཞུང་གིས་ཁ་གསབ་བྱེད་པ་བཅས་ཟུང་དུ་འབྲེལ་བའི་མ་དངུལ་བསྡུ་བའི་བྱེད་ཐབས་ཤིག་ཡིན། སྲིད་གཞུང་གིས་སྤྱི་པའི་ནོར་སྲིད་མ་དངུལ་གྱི་གཏོང་འཇོག་མང་དུ་བཏང་བས་སྔོན་གྱི་གྲོང་ཡུལ་སྡོད་དམངས་ཀྱི་ཉེན་འགོག་འགན་སྲུང་ལམ་ལུགས་དེ་གཙོ་བོ་ནི་མི་སྒེར་རང་ཉིད་ཀྱིས་དངུལ་སྤྲོད་པ་དེ་གསོག་འཇོག་བྱེད་པའི་མ་དངུལ་བསྡུ་བའི་རྣམ་པ་ཞིག་ཡིན་ཞིང་། ལྷག་པར་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་སུ་དངུལ་བཅོལ་རོགས་བྱས་པ་དང་། བཅོལ་རོགས་བྱས་པའི་དངུལ་འདི་དག་ཐད་ཀར་ཞིང་པར་ཁ་གསབ་རོགས་དངུལ་སྤྲོད་བཞིན་ཡོད་པ་རེད།
གཉིས་ནི་གཞི་རྩའི་རྒན་གསོའི་མ་དངུལ་མཐོ་རུ་བཏང་ཡོད། གྲོང་ཡུལ་སྡོད་དམངས་ཀྱིས་དངུལ་སྤྲོད་པའི་གྲུབ་ཆར་ཇུས་འགོད་རིམ་པ་གཉིས་བྱས་ཡོད་པ་ཏེ། གཅིག་ནི་གཞི་རྩའི་རྒན་གསོའི་མ་དངུལ་ཡིན།  གཞན་ཞིག་ནི་མི་སྒེར་རང་ཉིད་ཀྱི་རྩིས་ཐོ་ཡི་རྒན་གསོའི་མ་དངུལ་རེད། གཞི་རྩའི་རྒན་གསོའི་མ་དངུལ་ནི་རྒྱལ་ཁབ་ནོར་སྲིད་ཀྱིས་ཡོད་ཚད་ཁག་ཐེག་བྱས་ཏེ་སྤྲོད་བཞིན་ཡོད།  བརྗོད་ཚུལ་གཞན་པ་ཞིག་གི་ངོས་ནས་བཤད་ན་ཀྲུང་གོའི་ལོ་དྲུག་ཅུ་ཡན་གྱི་རོང་འབྲོག་པ་ཡོད་ཚད་ཀྱི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་སུ་ཕན་པའི་རྒན་གསོའི་མ་དངུལ་དེ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད།།

གསུམ། གྲོང་ཡུལ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་སྲུང་ནང་ཞུགས་ཆོག་མི་གང་དག་ཡོད།
ཁྱིམ་ཐོ་རང་རྫོང་དུ་ཡོད་པ་དང་ལོ་16ལ་སོན་པ(སློབ་གྲྭར་ཡོད་པའི་སློབ་མ་མི་གཏོགས)། གྲོང་རྡལ་ལས་མི་གཞི་རྩའི་རྒན་གསོའི་ཉེན་འགོག་འགན་སྲུང་ནང་ཞུགས་མེད་པའི་གྲོང་ཡུལ་སྡོད་དམངས་སུ་ཡིན་རུང་གྲོང་ཡུལ་སྡོད་དམངས་ཀྱི་ཉེན་འགོག་འགན་སྲུང་ནང་ཞུགས་ཆོག

བཞི། ཉེན་འགོག་འགན་སྲུང་ནང་ཞུགས་པའི་འགྲོ་ལུགས་ཅི་
ལྟར་བསྒྲུབ་དགོས།
ཉེན་འགོག་འགན་སྲུང་ནང་ཞུགས་པར་ཆ་རྐྱེན་འཚམ་པའི་གྲོང་ཡུལ་སྡོད་དམངས་ཀྱིས་ཁྱིམ་ཐོའམ་ཐོབ་ཐང་དཔང་འཁྱེར་བཟུང་ནས་ཁྱིམ་ཐོ་ཡོད་སའི་ས་གནས་ཀྱི་གྲོང་ཚོ་ཨུ་ལྷན་ལ་གྲོང་ཡུལ་སྡོད་དམངས་ཉེན་འགོག་འགན་སྲུང་ནང་ཞུགས་པའི་རེ་ཞུ་ཕུལ་དགོས། 《གྲོང་ཡུལ་སྡོད་དམངས་ཉེན་འགོག་འགན་སྲུང་ནང་ཞུགས་པའི་ཐོ་འགོད་རེའུ་མིག》ཁ་སྐོང་སྟེ་ཉེན་འགོག་འགན་སྲུང་ནང་ཞུགས་པའི་འགྲོ་ལུགས་བསྒྲུབ་དགོས། གལ་ཏེ་རང་ཉིད་ཀྱིས་འབྲི་མི་ཤེས་ན་གཞན་པས་ཁ་སྐོང་རོགས་བྱས་རྗེས་རང་ཉིད་ཀྱིས་མིང་ཐོ་འགོད་ནས་མཛུབ་ཐེལ་རྒྱག་སྟེ་ངོས་ལེན་བྱེད་དགོས།
ལས་སྒྲུབ་པས་ཉེན་འགོག་འགན་སྲུང་ནང་ཞུགས་པའི་ཐོ་འགོད་ཡིག་ཆ་རིམ་པ་བཞིན་ཡར་ཞུ་རྩིས་འབུལ་བྱེད་རྗེས་གྲོང་ཡུལ་སྡོད་དམངས་ཉེན་འགོག་འགན་སྲུང་ནང་ཞུགས་པའི་འབྲེལ་བ་དེ་ལམ་ལུགས་ལྟར་དུ་བསྒྲུབ་དགོས།། 
 ལྔ།  མིང་དང་སྐྱེས་དུས། སྡོད་གནས་སོགས་བསྒྱུར་དགོས་ན་འགྲོ་ལུགས་ཅི་ལྟར་བསྒྲུབ་དགོས།
ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་མཁན་གྱིས་རང་གི་མིང་དང་ཕོ་མོ། ཐོབ་ཐང་དཔང་འཁྱེར་གྱི་ཨང་གྲངས། སྐྱེས་དུས་ཀྱི་ཟླ་ཚེས། སྡོད་གནས། ཁྱིམ་ཐོ་ཡོད་སའི་ས་གནས། དངུལ་སྤྲོད་པའི་རིམ་པ་སོགས་བསྒྱུར་དགོས་དུས་འབྲེལ་ཡོད་ཀྱི་དཔང་ཡིག་དང་ཡིག་ཆ་རྣམས་བཟུང་ནས་གྲོང་སྡེ་ཨུ་ལྷན་ལ་བསྒྱུར་དགོས་པའི་ནང་དོན་རྣམས་རེ་ཞུ་ཕུལ་དགོས་པ་དང་། 《གྲོང་ཡུལ་སྡོད་དམངས་ཉེན་འགོག་འགན་སྲུང་ནང་དོན་བསྒྱུར་བའི་ཐོ་འགོད་རེའུ་མིག》ཁ་སྐོང་དགོས། གྲོང་སྡེའི་ལས་རོགས་པས་ཡུལ་གྲོང་ངལ་རྩོལ་འགན་ལེན་ཁང་ལ་ཡར་ཞུ་ཕུལ་རྗེས་ཞིབ་བཤེར་གཏན་འབེབས་གནང་བ་བརྒྱུད་བསྒྱུར་དགོས་པའི་ནང་དོན་རྣམས་དུས་ཐོག་ཏུ་གྲོང་ཡུལ་གསར་པའི་རྒན་གསོའི་ཉེན་འགོག་འགན་སྲུང་ཆ་འཕྲིན་མ་ལག་ཏུ་ནང་འཇུག་བྱེད་དེ་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་བསྐྱར་དུ་ཞིབ་བཤེར་གཏན་འབེབས་གནང་དགོས་པ་དང་སྐྱོན་མེད་ཡང་དག་ཡིན་པར་ངོས་འཛིན་གནང་རྗེས་ཡིག་ཚགས་སུ་ཉར་དགོས།།

དྲུག  ཉེན་འགོག་འགན་སྲུང་ནང་ཞུགས་མཁན་དེ་ཕྱི་རྒྱལ་དུ་གཏན་སྡོད་བྱེད་པ་དང་།  ཁྱིམ་ཐོའི་ངོ་བོ་ལ་འགྱུར་བ་བྱུང་བ། སྤྱིར་འཚག་ས་ཁུལ་ནས་གནས་སྤོས་པ། འཆིི་བ་སོགས་ཀྱི་གནས་ཚུལ་བྱུང་ན་འགྲོ་ལུགས་ཅི་ལྟར་བསྒྲུབ་དགོས་སམ།
ཉེན་འགོག་འགན་སྲུང་ནང་ཞུགས་མཁན་དེ་ཕྱི་རྒྱལ་དུ་གཏན་སྡོད་བྱས་པ་དང་།  ཁྱིམ་ཐོའི་ངོ་བོ་ལ་འགྱུར་བ་བྱུང་བ། སྤྱིར་འཚག་ས་ཁུལ་ནས་གནས་སྤོས་བ། ཤི་བ་སོགས་ཀྱི་གནས་ཚུལ་བྱུང་དུས་རང་ཉིད་དམ་ཕན་པ་ཐོབ་ཡུལ་གྱི་མིའམ་ཁྲིམས་བཀོད་ཤུལ་འཛིན་པས་འབྲེལ་ཡོད་ཀྱི་དཔང་ཡིག་དང་ཡིག་ཆ་རྣམས་བཟུང་ནས་ཐོ་གསུབ་ཐོ་འགོད་ཀྱི་རེ་ཞུ་ཕུལ་དགོས་པ་དང་། 《གྲོང་ཡུལ་སྡོད་དམངས་ཉེན་འགོག་འགན་སྲུང་ཐོ་གསུབ་བའི་ཐོ་འགོད་རེའུ་མིག》ཁ་སྐོང་ནས་ཐོ་གསུབ་ཐོ་འགོད་བྱེད་དེ་གྲོང་ཡུལ་སྡོད་དམངས་ཉེན་འགོག་འགན་སྲུང་བར་གྱི་འབྲེལ་བ་མེད་པར་བྱེད་དགོས། 
ཐོ་གསུབ་པའི་ཐོ་འགོད་བྱེད་སྐབས་གཤམ་གྱི་ཡིག་ཆ་རྣམས་མཁོ་འདོན་བྱེད་དགོས་པ་སྟེ།
(1)རང་ཉིད་ཀྱི་སྤྱོད་ནུས་ཐོན་པའི་ཐོབ་ཐང་དཔང་འཁྱེར།
(2)ཕྱི་རྒྱལ་དུ་གཏན་སྡོད་བྱས་པ་ཡིན་ན་གཏན་སྡོད་བྱས་པའི་དཔང་ཡིག་ཡོད་དགོས།
(3)གྲོང་རྡལ་གྱི་ཁྱིམ་ཐོ་རུ་བསྒྱུར་བ་ཡིན་ན་ཁྱིམ་ཐོ་བསྒྱུར་བའི་དཔང་ཡིག་ཡོད་དགོས།
(4)སྤྱིར་འཚག་ས་ཁུལ་ནས་གནས་སྤོས་བ་ཡིན་ན་ཁྱིམ་ཐོའི་འབྲེལ་བ་སྤོས་ཟིན་པའི་དཔང་ཡིག་ཡོད་དགོས།
(5)ཉེན་འགོག་འགན་སྲུང་ནང་ཞུགས་པའི་མི་སྣ་དེ་འཆི་སོང་ན་འབྲེལ་ཡོད་སྡེ་ཁག་གི་དཔང་ཡིག་ཡོད་དགོས་པ་དང་ཕན་པ་ཐོབ་ཡུལ་གྱི་མིའམ་ཁྲིམས་བཀོད་ཤུལ་འཛིན་པའི་སྤྱོད་ནུས་ཡོད་པའི་ཐོབ་ཐང་དཔང་འཁྱེར་ཡོད་དགོས། ད་དུང་ཤུལ་འཛིན་གྱི་དབང་ཆ་ཡོད་པར་གཏན་འཁེལ་བྱེད་ཆོག་པའི་ཁྲིམས་ལུགས་ཡི་གེའམ་གཞུང་དཔང་ཡིག་ཆ་ཡོད་དགོས།  མི་སྣ་དེ་ཉིད་བོར་ནས་འཆི་ཟིན་པ་བསྒྲགས་ན་ཁྲིམས་འཛིན་ལས་ཁུངས་ཀྱི་གནང་བའི་དཔང་ཡིག་ཡོད་དགོས་པ་བཅས་སོ།།

 བདུན།  གྲོང་ཡུལ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་སྲུང་ནང་ཞུགས་ན་ལོ་རེ་ལ་དངུལ་སྤྲོད་པའི་ཚད་གཞི་ཅི་ཙམ་ཡིན།
གྲོང་ཡུལ་སྡོད་དམངས་ཀྱི་ཡོང་སྒོ་ཅུང་དམའ་བ་དང་། ཧེ་བག་ཆེ་བ། བརྟན་པོ་མིན་པ་བཅས་ལ་གཞིགས་ཏེ་ད་སྔོན་ལོ་གཅིག་གི་ནང་དུ་སྒོར་100དང་། སྒོར་200  སྒོར་300  སྒོར་400  སྒོར་500  སྒོར་600  སྒོར་700  སྒོར་800  སྒོར་900  སྒོར་1000བཅས་རང་ཉིད་ཀྱིས་སྤྲོད་དགོས་པའི་དངུལ་དེ་རིམ་པ་བཅུ་རུ་དབྱེ་ཡོད། གྲོང་ཡུལ་སྡོད་དམངས་རྣམས་ཀྱིས་རང་མོས་སྒོས་རིམ་པ་ལྟར་གདམ་གསེས་བྱེད་དེ་དངུལ་སྤྲོད་ཆོག  དངུལ་སྤྲོད་རྒྱུའི་རིམ་པ་དེ་རང་ཉིད་ཀྱི་ཡོང་འབབ་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ལོ་རྗེས་མར་བསྒྱུར་ནའང་ཆོག  མི་དབང་པོ་སྐྱོན་ཅན་རིམ་པ་དང་པོ་དང་གཉིས་པ་གཉིས་ལ་ལོ་འཁོར་རེ་རེར་སྒོར་500ཡི་རིམ་པ་ལྟར་སྲིད་གཞུང་གིས་དངུལ་སྤྲོད་རོགས་བྱེད་པ་རེད།།

བརྒྱད། སྲིད་གཞུང་གིས་ཉེན་འགོག་འགན་སྲུང་ནང་ཞུགས་པར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ག་ཚོད་ཡིན།
རང་ཉིད་ཀྱིས་སྒོར་100དང་200ཡར་སྤྲོད་རྒྱུའི་རིམ་པ་གདམ་གསེས་བྱེད་མཁན་ལ་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྒོར་30སྟེར་རྒྱུ་དང་སྒོར་300ཡར་སྤྲོད་མཁན་ལ་ཁ་གསབ་རོགས་དངུལ་སྒོར་35  སྒོར་400ཡར་སྤྲོད་མཁན་ལ་ཁ་གསབ་རོགས་དངུལ་སྒོར་40བཅས་རིམ་བཞིན་དུ་ཆེས་མཐོ་བའི་ཁ་གསབ་རོགས་དངུལ་སྒོར་70ཡིན། སྲིད་གཞུང་གིས་གཞི་རྩའི་རྒན་གསོའི་མ་དངུལ་ཁ་གསབ་རོགས་དངུལ་ཆ་ཚང་སྤྲད་བཞིན་ཡོད། དེའི་ནང་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་ཀྲུང་དབྱང་གིས་གཞི་རྩའི་རྒན་གསོའི་ཚད་གཞི་སྒོར་55གཏན་འབེབས་གནང་བ་ལྟར་ཁ་གསབ་རོགས་དངུལ་ཆ་ཚང་སྤྲོད་བཞིན་ཡོད།། 

དགུ།  གྲོང་ཡུལ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་སྲུང་གི་མི་སྒེར་རང་ཉིད་ཀྱི་རྩིས་ཐོ་ཞེས་པ་དེ་ཅི་ཡིན།
རྫོང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་གྲོང་ཡུལ་སྡོད་དམངས་རྒན་གསོའི་ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་པ་རྣམས་རེ་རེ་བཞིན་ཚེ་གང་བོར་ཐོ་འགོད་བྱེད་ཡོད་པའི་རྒན་གསོའི་ཉེན་འགོག་འགན་སྲུང་ལ་མི་སྒེར་རང་ཉིད་ཀྱི་རྩིས་ཐོ་འཛུགས་པ་དང་། མི་སྒེར་རང་ཉིད་ཀྱི་རྩིས་ཐོ་ཞེས་པ་ནི་རང་ཉིད་ཀྱིས་དངུལ་སྤྲོད་པ་དང་། སྤྱི་ཡིས་རོགས་རམ། ས་གནས་སྲིད་གཞུང་གི་ཁ་གསབ་རོགས་དངུལ། གཞན་པའི་རོགས་དངུལ་དང་སྐྱེད་ཀ་སོགས་ཐོ་འགོད་བྱེད་དེ་ཡིན།
ཉེན་འགོག་འགན་སྲུང་ནང་ཞུགས་པའི་མི་སྒེར་གྱིས་རང་ཉིད་ཀྱིས་སྤྲོད་དགོས་པའི་དངུལ་དེ་རྩིས་སྤྲོད་བྱས་རྗེས། སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་མི་སྒེར་གྱིས་སྤྲོད་པའི་དངུལ་དང་ས་གནས་ནོར་སྲིད་ཀྱིས་ཁ་གསབ་བྱེད་པའི་རོགས་དངུལ་གཉིས་མཉམ་དུ་མི་སྒེར་གྱི་རྩིས་ཐོ་རུ་ཐོ་འགོད་བྱེད་པ་རེད།  ཉེན་འགོག་འགན་སྲུང་ནང་ཞུགས་པའི་མི་སྣའི་རང་ཉིད་ཀྱི་རྩིས་ཐོའི་མ་དངུལ་གསོག་འཇོག་བྱེད་པའི་སྐྱེད་ཀ་དེ་མི་དམངས་དངུལ་ཁང་གི་དུས་བསྟུན་ཁྱབ་བསྒྲགས་བྱས་པར་གཞིར་བཟུང་སྟེ་ལོ་གཅིག་གི་དུས་བཅད་མ་དངུལ་གསོག་འཇོག་བྱེད་པའི་སྐྱེད་ཀ་ལྟར་གཏན་འཁེལ་བྱེད་རྒྱུ་ཡིན་པ་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ལོ་རེར་ཉེན་འགོག་འགན་སྲུང་ནང་ཞུགས་པའི་མི་སྒེར་གྱི་རྩིས་ཐོའི་ནང་གི་མ་དངུལ་གསོག་འཇོག་བྱེད་པར་སྐྱེད་ཀ་རྩིས་སྤྲོད་ཐེངས་རེ་བྱེད་རྒྱུ་རེད། ཉེན་འགོག་འགན་སྲུང་ནང་ཞུགས་མཁན་མི་སྒེར་གྱིས་ལག་བརྒྱུད་ལས་ཁུངས་སམ་ལས་ཚབ་དངུལ་ཁང་ནས་རང་ཉིད་ཀྱི་རྩིས་ཐོའི་ཆ་འཕྲིན་ལ་འདྲི་བཤེར་བྱེད་ཆོག

བཅུ། གྲོང་ཡུལ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་སྲུང་ལོངས་སུ་སྤྱོད་པར་ཆ་རྐྱེན་ཅི་དགོས།

ལོ་60ལོན་པ་དང་གྲོང་རྡལ་ལས་མི་གཞི་རྩའི་རྒན་གསོའི་ཉེན་འགོག་འགན་སྲུང་ནང་ཞུགས་མེད་པའི་གྲོང་ཡུལ་གྱི་མི་རྒན་པ་རྣམས་ཀྱིས་ཟླ་རེ་བཞིན་རྒན་གསོའི་དངུལ་བླངས་ཆོག
གྲོང་ཡུལ་སྡོད་དམངས་རྒན་གསོའི་ཉེན་འགོག་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་དུས།  ལོ་60ལོན་པ་དང་གྲོང་རྡལ་ལས་མི་གཞི་རྩའི་རྒན་གསོའི་ཉེན་འགོག་འགན་སྲུང་ལོངས་སུ་སྤྱོད་མེད་མཁན་རྣམས་ཀྱི་རང་ཉིད་ཀྱིས་དངུལ་སྤྲོད་མི་དགོས་པར་ཐད་ཀར་ཟླ་རེ་བཞིན་རྒན་གསོའི་དངུལ་བླངས་ཆོག   རེད་དེ་ཆ་རྐྱེན་དང་འཚམ་པའི་བུ་རྒྱུད་རྣམས་རང་ཉིད་ཀྱིས་སྤྲོད་དགོས་པའི་དངུལ་ཡར་སྤྲོད་དེ་ཉེན་འགོག་འགན་སྲུང་ནང་ཞུགས་དགོས།  ལོ་45ལོན་ཟིན་པ་དང་ལོ་60ལོན་མེད་མཁན་རྣམས་ཀྱིས་ལོ་ལྟར་དངུལ་སྤྲོད་དགོས། ད་དུང་དངུལ་སྤྲོད་དགོས་པའི་ཆ་དེ་ཁ་གསབ་བྱེད་ཆོག  ཁ་གསབ་བྱེད་པའི་དུས་ཚོད་ལོ་15ཡན་བརྒལ་མི་རུང་། དཔེར་ན་གྲོང་ཡུལ་སྡོད་དམངས་རྒན་གསོའི་ཉེན་འགོག་འགན་སྲུང་ལག་བསྟར་བྱེད་དུས་ལོ་58ལ་ལོན་པ་ཡིན་ན། ལོ་རེ་བཞིན་རང་ཉིད་ཀྱིས་དངུལ་སྤྲོད་པ་ཕར་ཕུད། ད་དུང་རང་ཉིད་ཀྱིས་སྤྲོད་དགོས་པའི་དངུལ་གྱི་ཆ་དེ་ཁ་གསབ་བྱེད་ཆོག འོན་ཀྱང་ཁ་གསབ་བྱེད་པར་ཆེས་མང་བའི་ལོ་དེ་13ཡིན།  ལོ་16ལོན་པ་དང་ལོ་45ལ་མ་སོན་པ་རྣམས་ཀྱིས་ལོ་ལྟར་སྒོར་མོ་སྤྲད་དེ་ལོ་15ལས་མི་ཉུང་བར་སྤྲོད་དགོས། གྲོང་ཡུལ་སྡོད་དམངས་རྒན་གསོའི་ཉེན་འགོག་འགན་སྲུང་ལག་བསྟར་བྱེད་དུས་ལོ་60ལོན་པར་ད་དུང་ལོ་15ཡི་ཧེ་བག་ཡོད་པའི་ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་མཁན་ཀྱིས་(ལོ་45ལོན་ཟིན་པ་དང་ལོ་60ལ་མ་ཟིན་པ།)རང་ཉིད་ཀྱིས་སྤྲོད་དགོས་པའི་དངུལ་དེ་ཁ་གསབ་བྱེད་ཆོག། ཉེན་འགོག་འགན་སྲུང་ལམ་ལུགས་ལག་བསྟར་བྱས་པའི་ཉིན་མོ་ནས་བཟུང་སྟེ་ལོ་གཉིས་ཀྱི་ནང་ཚུད་ལ་ཁ་གསབ་དངུལ་སྤྲོད་ན་དེ་དང་འཚམ་པའི་དངུལ་སྤྲོད་པའི་གསབ་དངུལ་བླངས་ཆོག  ད་དུང་ལོ་60ལོན་པར་ལོ་15ཡན་གྱི་ཧེ་བག་ཡོད་མཁན་རྣམས་ཀྱིས་གཏན་འབེབས་ལྟར་ལོ་རེ་བཞིན་དངུལ་སྤྲོད་དགོས། དངུལ་སྤྲོད་པའི་དུས་ཚོད་ལོ་15མ་ལོན་མཁན་རྣམས་ཀྱིས་ཁ་གསབ་བྱེད་ཀྱང་ཆོག(ཁ་གསབ་བྱེད་པའི་ཆ་དེ་ལ་གསབ་དངུལ་ལོངས་སུ་སྤྱོད་མི་ཐུབ)
བཅུ་གཅིག ཁྱིམ་དུ་ལོ་60ལོན་པའི་རྒན་རྒོན་ཡོད་དུས་དེའི་བུ་རྒྱུད་ཆ་རྐྱེན་འཚམ་མཁན་རྣམས་ཉེན་འགོག་འགན་སྲུང་ནང་ཞུགས་
ནས་དངུལ་སྤྲོད་དགོས་པའི་རྒྱུ་མཚན་ཅི་ཡིན།
འདི་ནི་ཁྱིམ་པའི་རྒན་རྒོན་སྐྱོང་བའི་ལུགས་སྲོལ་དང་འབྲེལ་ཡོད་ཁྲིམས་ལུགས་ཀྱིས་གཏན་འབེབས་དེ་གྲོང་ཡུལ་སྡོད་དམངས་ཀྱི་སྲིད་ཇུས་ཁྲོད་ལག་ཏུ་བསྟར་བ་མཚོན། བུ་རྒྱུད་རྣམས་ཉེན་འགོག་འགན་སྲུང་ནང་ཞུགས་ནས་དངུལ་སྤྲོད་པར་ཁོ་རང་ཉིད་ཀྱི་རྩིས་ཐོ་ནང་དུ་འཇུག་ནས་མ་འོངས་པར་རང་ཉིད་རྒན་གསོ་བྱེད་པར་སྤྱོད་པ་ལས་ཕ་མ་རྒན་རྒོན་གྱིས་ཆེད་དུ་མིན།།

བཅུ་གཉིས། གྲོང་ཡུལ་སྡོད་དམངས་རྒན་གསོའི་ཉེན་འགོག་འགན་སྲུང་གི་རྒན་གསོའི་དངུལ་གྱི་ཐོབ་ཐང་གི་གྲུབ་ཆ་དང་
ཚད་གཞི་ག་ཚོད་ཡིན། 
རྒྱལ་ཁབ་ཀྱིས་གཏན་འབེབས་གནང་བ་བཞིན་གྲོང་ཡུལ་སྡོད་དམངས་རྒན་གསོའི་དངུལ་གྱི་ཐོབ་ཐང་དེ་གཞི་རྩའི་རྒན་གསོ་དངུལ་དང་རྩིས་ཐོའི་རྒན་གསོ་དངུལ་གྱིས་གྲུབ་པ་ཡིན་ཞིང་ཚེ་གང་བོར་སྤྲོད་རྒྱུ་ཡོད་པ་རེད།
གཞི་རྩའི་རྒན་གསོ་དངུལ་གྱི་ཚད་གཞི་དེ་མི་རེ་ལ་ཟླ་རེ་སྒོར་55ཡིན། 
མི་སྒེར་གྱི་རྩིས་ཐོ་རྒན་གསོ་དངུལ་དེ་ཟླ་རེ་རྩིས་བསྡོམས་བྱེད་དེ་སྤྲོད་པའི་ཚད་གཞི་དེ་མི་སྒེར་རྩིས་ཐོ་ཡི་གསོག་འཇོག་བྱས་ཡོད་པའི་མ་དངུལ་ཡོད་ཚད་ཀྱིས་139ལ་བགོ་དགོས། ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་མཁན་གྱིས་མི་སྒེར་གྱི་རྩིས་ཐོའི་མ་དངུལ་དེ་བླངས་ཟིན་པ་ཡིན་ན་ས་གནས་སྲིད་གཞུང་གིས་མུ་མཐུད་ནས་ཚེ་གང་བོར་མི་སྒེར་གྱི་རྩིས་ཐོའི་རྒན་གསོ་དངུལ་དེ་སྤྲོད་དགོས།།

བཅུ་གསུམ།   མི་སྒེར་གྱི་རྩིས་ཐོའི་མ་དངུལ་དེ་
ཤུལ་འཛིན་བྱེད་ཆོག་གམ།
ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་མཁན་དེ་དངུལ་སྤྲོད་པའི་དུས་སྐབས་སམ་ཡང་ན་ལོངས་སུ་སྤྱོད་བཞིན་ཡོད་པའི་དུས་སྐབས་སུ་འཆི་སོང་ན་མི་སྒེར་གྱི་རྩིས་ཐོ་ནང་གི་མ་དངུལ་དེ་སྲིད་གཞུང་གིས་གསབ་སྣོན་བྱེད་པའི་ཆ་དེ་ཕར་བཏོན་རྗེས་ཁྲིམས་ལྟར་ཤུལ་འཛིན་བྱེད་ཆོག   ཁྲིམས་བཀོལ་ཤུལ་འཛིན་པའམ་གཏན་འཁེལ་གྱི་ཕན་པ་ཐོབ་ཡུལ་དེས་ཡོད་ཚད་བླངས་ཆོག ཁྲིམས་བཀོལ་ཤུལ་འཛིན་པའམ་གཏན་འཁེལ་གྱི་ཕན་པ་ཐོབ་ཡུལ་མེད་ན་མི་སྒེར་གྱི་རྩིས་ཐོའི་མ་དངུལ་དེ་སྙོམ་སྒྲིག་མ་དངུལ་བྱེད་དེ་སྲིད་གཞུང་གིས་གསབ་དངུལ་ལྷག་མ་དེ་རྣམས་མུ་མཐུད་ནས་མི་གཞན་པར་རྒན་གསོའི་དངུལ་བྱེད་དེ་སྤྲོད་རྒྱུ་རེད།།

བཅུ་བཞི། གནས་ཚུལ་ཅི་འདྲའི་འོག་ཏུ་རྒན་གསོའི་ཉེན་འགོག་འགན་སྲུང་གི་འབྲེལ་བ་
བརྗེ་སྤོ་བྱེད་དགོས།
ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་མཁན་རྣམས་ཀྱི་གཤམ་གྱི་གནས་ཚུལ་དང་འཕྲད་ན་ཉེན་འགོག་འགན་སྲུང་གི་འབྲེལ་བ་བརྗེ་སྤོ་བྱེད་ཆོག
(1)རང་ཉིད་ཀྱི་ཁྱིམ་ཐོ་བརྗེ་སྤོ་བྱེད་སྐབས་རྫོང་གི་ཁྱབ་ཁོངས་ལས་བརྒལ་བ།
(2)རང་ཉིད་ཀྱི་ཁྱིམ་ཐོ་རྫོང་ལས་ཕྱི་རོལ་དུ་བརྗེ་སྤོ་བྱེད་སྐབས་བརྗེ་སྤོ་བྱེད་སའི་ས་གནས་དེས་གྲོང་ཡུལ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་སྲུང་འབྲེལ་བ་དང་ལེན་བྱེད་ཐུབ་པ།
(3)སྤྱི་ཚོགས་རྒན་གསོའི་ཉེན་འགོག་འགན་སྲུང་གཞན་པར་ཞུགས་ཟིན་ནས་གྲོང་ཡུལ་སྡོད་དམངས་ཀྱི་འབྲེལ་བ་དང་ཕན་ཚུན་བརྗེ་སྤོ་བྱེད་ཆོག་པ།

བཅོ་ལྔ།   ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་མཁན་རྣམས་ཀྱིས་གནས་ཚུལ་ཅི་འདྲའི་འོག་ཏུ་ཉེན་འགོག་འགན་སྲུང་ལས་ཕྱིར་འཐེན་བྱེད་ཆོག
ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་མཁན་རྣམས་ཀྱི་གཤམ་གྱི་གནས་ཚུལ་དང་འཕྲད་ན་ཉེན་འགོག་འགན་སྲུང་ལས་ཕྱིར་འཐེན་བྱེད་ཆོག
(1)ཕྱི་རྒྱལ་དུ་གཏན་སྡོད་བྱས་པ།
(2)རང་ཉིད་ཀྱི་ཁྱིམ་ཐོ་བརྗེ་སྤོ་བྱེད་སྐབས་རྫོང་གི་ཁྱབ་ཁོངས་ལས་བརྒལ་ནས་ས་གནས་དེས་གྲོང་ཡུལ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་འགན་སྲུང་འབྲེལ་བ་དང་ལེན་བྱེད་མི་ཐུབ་པ།
(3)ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་མཁན་དེ་རྒན་གསོའི་དངུལ་ལོངས་སུ་སྤྱོད་བཞིན་ཡོད་པའི་དུས་སྐབས་སུ་འཆི་ཤོར་བ།
(4)ཉེན་འགོག་འགན་སྲུང་ནང་ཞུགས་ནས་རྒན་གསོའི་དངུལ་བླངས་ཆོག་པའི་ལོ་ཚོད་ལ་ཐོན་སྐབས་བཙོན་དུ་ཡོད་པའམ་ངལ་རྩོལ་སློབ་གཅུན་བྱེད་རིང་འཆི་ཤོར་བ།
(5)ཉེན་འགོག་འགན་སྲུང་ནང་ཞུགས་ཡོད་སྐབས་གཞུང་ཞབས་པའམ་ལས་རིགས་སྡེ་ཁག་གི་ལས་བྱེད་པར་འགྱུར་བ། ཡང་ན་གྲོང་རྡལ་ལས་མིའི་སྤྱི་ཚོགས་འགན་སྲུང་ནང་ཞུགས་ནས་ཉེན་འགོག་འགན་སྲུང་བརྗེ་སྤོ་བྱེད་ཐབས་མེད་པ།  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1