སྨྱོ་ནད་ཅན་གྱི་མིས་ནག་ཉེས་བཟོས་ན་ཉེས་འགན་འཁུར་དགོས་སམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


  ནར་མ་སོན་པའི་མིས་ནག་ཉེས་བསགས་པ་ལ་<ཉེས་ཁྲིམས>ཀྱི་དོན་ཚན་བཅུ་བདུན་ཁྲོད་དུ་འདི་ལྟར་གཏན་འཁེལ་བྱས་ཡོད་དེ། ལོ་བཅུ་དྲུག་ལ་སོན་པའི་མིས་ནག་ཉེས་བསགས་ཚེ། ཉེས་དོན་འགན་འཁྲི་འཁུར་འོས་ཞེས་དང་། ལོ་བཅུ་བཞིར་སོན་ཞིང་བཅུ་དྲུག་ལ་སོན་མེད་པའི་མིས་བསམ་གཟས་ནས་མི་བསད་པ་དང་། བསམ་བཞིན་དུ་གནོད་འཚེ་བཟོས་ཏེ་མི་གཞན་ལ་རྨས་སྐྱོན་ལྕི་མོའམ་ཤི་སྐྱོན་བཟོས་པ། བཙན་གཡེམ་བྱས་པ། འཕྲོག་བཅོམ་བྱས་པ་། དུག་རྫས་ལྐོག་འཚོང་བྱས་པ། མེ་བཏང་བ། འགད་གཏོར་བྱས་པ། དུག་བཏང་བ་སོགས་ཀྱི་ནག་ཉེས་བཟོས་ཚེ། ཉེས་དོན་འགན་འཁྲི་འཁུར་འོས། ལོ་བཅུ་བཞིར་སོན་ཞིང་ལོ་བཅོ་བརྒྱད་ལ་སོན་མེད་པའི་མིས་ནག་ཉེས་བསགས་ན། ཆད་གཅོད་ཡང་མོའམ་ཇེ་ཡང་ལ་ལ་གཏོང་འོས། ལོ་བཅུ་དྲུག་ལ་མ་སོན་པས་ཉེས་དོན་ཆད་གཅོད་བྱས་མི་ཆོག་ཚེ། དེའི་ཁྱིམ་བདག་གམ་ལྟ་སྐུལ་ལྟ་རྟོག་ནན་མོ་དགོས་པར་བཀའ་ཕབ་དགོས།
  སྨྱོ་ནད་ཅན་གྱི་མིས་ནག་ཉེས་བསགས་པ་ལ་<ཉེས་ཁྲིམས>ཀྱི་གཏན་འཁེལ་ལྟར་ན། སྨྱོ་ནད་ཅན་གྱི་མིས་རང་ཉིད་ཀྱི་བྱ་སྤྱོད་ལ་ངོས་འཛིན་བྱེད་མི་ཐུབ་པའམ་ཚོད་འཛིན་བྱེད་མི་ཐུབ་པའི་དུས་སུ་གནོད་འཚེ་ཡི་མཇུག་འབྲས་བཟོས་ན། ཁྲིམས་བཀོད་གོ་རིམ་གྱི་གསལ་འབྱེད་བརྒྱུད་དེ་ངེས་གཏན་བྱས་ཚེ། ཉེས་དོན་འགན་འཁྲི་འཁུར་མི་དགོས། ཡིན་ཡང་དེའི་ཁྱིམ་མི་དང་ལྟ་སྐུལ་མི་སྣར་ལྟ་རྟོག་ནན་མོ་དང་སྨན་བཅོས་བྱེད་དགོས་པར་བཀའ་ཕབ་དགོས།
  མིག་ལོང་བ་དང་། འོན་པ། ལྐུགས་པ། ཆང་གིས་བཟི་བ་རྣམས་ཀྱིས་ནག་ཉེས་བསགས་པ་ལ་<ཉེས་ཁྲིམས>ཀྱིས་འདི་ལྟར་གཏན་འཁེལ་བྱས་ཡོད་དེ། མིག་ལོང་བ་ཅན་དང་འོན་ཞིང་ལྐུགས་པའི་མིས་ནག་ཉེས་བསགས་ཚེ། ཆད་པ་ཡང་མོའམ་ཇེ་ཡང་དུ་བཏང་ཆོག་ཅེས་བསྟན་ཡོད་ལ། ཡང་ཉེས་ཁྲིམས་ཀྱི་དོན་ཚན་བཅོ་བརྒྱད་པའི་ཁྲོད་དུ། ཆང་གིས་བཟི་བའི་མིས་ནག་ཉེས་བསགས་ཚེ། ཉེས་དོན་འགན་འཁྲི་འཁུར་འོས་ཞེས་བསྟན་ཡོད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1