སྤྱི་ཟླ་4པའི་ཚེས་22ཉིན་ནས་ཚེས་23ཉིན་བར། རྒྱལ་ཡོངས་ཆོས་ལུགས་ལས་ཀའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་གནས་བབ་གསར་པའི་འོག ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ་ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་རང་རྒྱལ་གྱི་ཆོས་ལུགས་ལས་ཀའི་གནས་བབ་ལ་དབྱེ་ཞིབ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ལས་ཀའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་བྱེད་པ། ཆོས་ལུགས་ལས་ཀའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏང་བ། སྔར་ལས་ལེགས་པའི་སྒོ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་རྩ་འཛུགས་དང་གཅིག་སྡུད་བྱས་ཏེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བརྒྱ་ལོ་གཉིས་ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱ་དགོས་ཞེས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་སྤྱི་སྡོམ་གཏམ་བཤད་གནང་།
ཞི་ཅིན་ཕིང་གིས་ཆོས་ལུགས་གནད་དོན་ནི་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་ཁྲོད་དུ་ངེས་པར་དུ་ཐག་གཅོད་ལེགས་པོ་བྱ་དགོས་པའི་གནད་དོན་གལ་ཆེན་ཡིན་པ་དང་། ཆོས་ལུགས་ལས་ཀར་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྲོད་དུ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཕེལ་རྒྱས་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གྱི་གཅིག་གྱུར་བཅས་དང་འབྲེལ་བ་དམ་པོ་ཡོད་པ་རེད། སྤྱིའི་ཆ་ནས་རང་རྒྱལ་གྱི་ཆོས་ལུགས་ལས་ཀའི་གནས་བབ་བཟང་བ་དང་ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་དོན་ཐོག་ཏུ་འཁྱོལ་ཡོད། ཏང་དང་ཆོས་ལུགས་ལས་རིགས་བར་གྱི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་འགྲོ་བཞིན་ཡོད་པ་དང་། ཆོས་ལུགས་ལས་ཀ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་བྱེད་བཞིན་ཡོད། སྤྱིའི་ཆ་ནས་ཆོས་ལུགས་བྱེད་སྒོ་གཏན་འཇགས་ཡིན་ཞིང་གོ་རིམ་ལྡན་པ་དང་། ལག་ལེན་ལས་ང་ཚོའི་ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཡང་དག་ཡིན་པ་ར་སྤྲོད་བྱས།
ཞི་ཅིན་ཕིང་གིས་ཆོས་ལུགས་ལས་ཀ་ལེགས་པོར་བསྒྲུབ་པར་ངེས་པར་དུ་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། རང་ཚུགས་ཐུབ་པའི་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་འཚམ་མཐུན་ལ་སྣེ་ཁྲིད་བྱ་དགོས། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩིའི་བྱེད་ཕྱོགས་ནི་ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་དང་ཆོས་ལུགས་ཀྱི་བྱེ་བྲག་དོན་དངོས་ལ་དམིགས་ནས། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཐད་ཀྱི་ཉམས་མྱོང་བསྡུ་ལེན་བྱས་པ་ལས་གཏན་འབེབ་བྱས་པ་ཡིན། ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ལག་བསྟར་བྱེད་པའི་རྐང་ཚུགས་ས་དང་གཞི་འབབ་ས་ནི་ཚད་ཆེས་མཐོ་བའི་སྒོ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་རྣམས་མཐུན་སྒྲིལ་ཡོང་བར་བྱེད་པ་དེ་རེད། ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྣེ་ཁྲིད་བྱེད་པར། དད་ལྡན་མང་ཚོགས་ཀྱིས་མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་འགན་སྲུང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་འགན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་ལ་བརྩི་བཀུར་བྱེད་པ་དང་ཞབས་འདེགས་ཞུ་དགོས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། ཀྲུང་ཧྭའི་རིག་གནས་དར་སྤེལ་བཏང་ནས་ཆོས་ལུགས་ཀྱི་ལྟ་གྲུབ་དང་ཀྲུང་ཧྭའི་རིག་གནས་མཐུན་སྦྱོར་བྱེད་དགོས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ་རང་འགུལ་གྱིས་རྒྱལ་ཁབ་ཀྱི་ཁྲིམས་མཐུན་དོ་དམ་དང་ལེན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བར་སྟོབས་ཤུགས་འདོན་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཏང་གི་ཆོས་ལུགས་ལས་ཀ་བཟང་བོར་བསྒྲུབས་ནས། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་ལེགས་པོ་བྱེད་པའི་གནད་འགག་ནི་ཁྲིད་སྟོན་གྱི་ཐད་ནས་བསམ་བློ་ཞིབ་མོ་གཏོང་བ་དང་ལྟ་བས་མཐིལ་བརྟོལ་བ། རྟོགས་པས་གནད་ཕིགས་པ་བཅས་བྱ་དགོས་པར་མ་ཟད། ཁྲིད་སྟོན་ལ་ཐབས་ཡོད་པ་དང་ཤུགས་ལྡན་པ། ཕྱོད་ཕན་ཡོད་པ་བཅས་བྱས་ཏེ་ཆོས་ལུགས་ལས་ཀའི་རང་འགུལ་དབང་ཆ་དམ་འཛིན་བྱ་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་གནས་བབ་གསར་པའི་འོག་གི་ཆོས་ལུགས་ལས་ཀ་ལེགས་པོར་བསྒྲུབ་པར་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ལམ་བཅས་བཀོལ་ནས་ཆོས་ལུགས་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་པ་དང་། ཆོས་ལུགས་དང་ཆོས་ལུགས་ལས་ཀའི་ཆོས་ཉིད་བརྩི་སྲུང་བྱེད་པ། གཏིང་ཟབ་པའི་སྒོ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་ལ་ཞིབ་འཇུག་དང་དེ་དག་འོས་མཐུན་གྱིས་ཐག་གཅོད་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཆོས་ལུགས་ལས་ཀའི་དོན་དངོས་དང་འབྲེལ་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་བཏང་ནས་སྔར་ལས་ལེགས་པའི་སྒོ་ནས་རང་རྒྱལ་གྱི་ཆོས་ལུགས་ལས་ཀའི་ལག་ལེན་ལ་མཛུབ་སྟོན་བྱ་དགོས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་བྱེད་པར་ཆེས་གལ་ཆེ་བའི་ལས་འགན་ཞིག་ནི་རང་རྒྱལ་གྱི་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན་པས། སྤྱི་ཚོགས་རང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་སྤྱད་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་དམངས་ཚོགས་ལ་སྣེ་ཁྲིད་དང་སློབ་གསོ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གོམས་སྲོལ་བཟང་པོ་དར་སྤེལ་གཏང་དགོས་པར་མ་ཟད། མཐུན་སྒྲིལ་ཡར་ཐོན་དང་ཞི་བདེ་དཀྱིལ་ཡངས་སོགས་ཀྱི་ལྟ་བས་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱ་དགོས། ཆོས་ལུགས་སོ་སོའི་གཞི་རྩའི་དད་མོས་དང་ལྟ་གྲུབ། འདུམ་ཁྲིམས་བཅས་རྒྱུན་འཁྱོངས་བྱས་པའི་ཞོར་དུ་ལྟ་གྲུབ་དང་འདུམ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་ཡར་ཐོན། བདེ་ཐང་དཔལ་ཡོན་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་བྱས་ཏེ་ཆོས་ཀྱི་འདུལ་ཁྲིམས་དང་ལྟ་གྲུབ་དེ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་ཕུགས་འདུན་དང་མཐུན་ཞིང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འགྲེལ་བཤད་བྱ་དགོས།
ཞི་ཅིན་ཕིང་གིས་དགེ་མཚན་ལྡན་ཞིང་བདེ་ཐང་ཡིན་པའི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་དགོས་ཏེ། རང་རྒྱལ་གྱི་ཆོས་ལུགས་འབྲེལ་བར་ཏང་དང་སྲིད་གཞུང་དང་ཆོས་ལུགས་བར་གྱི་འབྲེལ་བ་དང་། སྤྱི་ཚོགས་དང་ཆོས་ལུགས་བར་གྱི་འབྲེལ་བ། རྒྱལ་ནང་གི་ཆོས་ལུགས་མི་འདྲ་བའི་བར་གྱི་འབྲེལ་བ། རང་རྒྱལ་གྱི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས་བར་གྱི་འབྲེལ་བ། དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་བར་གྱི་འབྲེལ་བ་བཅས་འདུས་པས། ཆོས་ལུགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས་འབྲེལ་བ་འདི་དག་ལེགས་པོར་ཐག་གཅོད་བྱ་དགོས། རང་རྒྱལ་གྱི་ཆོས་ལུགས་འབྲེལ་བ་ཐག་གཅོད་བྱེད་པར། ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ། ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་གཞི་རྩ་འདི་དམ་འཛིན་ལེགས་པོ་བྱ་དགོས། ངེས་པར་དུ་ཆོས་སྲིད་སོ་སོར་འབྱེད་པ་རྒྱུན་འཁྱོངས་དང་། ཆོས་ལུགས་ཀྱིས་སྲིད་འཛིན་དང་ཁྲིམས་འཛིན། སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་ལག་བསྟར་ལ་ཐེ་གཏོགས་བྱེད་མི་ཆོག་པ་རྒྱུན་འཁྱོངས། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱ་དགོས། ཆོས་ལུགས་ལས་ཀའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། བཅའ་ཁྲིམས་བཀོལ་ནས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏང་བ་དང་། བཅའ་ཁྲིམས་བཀོལ་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་འབྲེལ་བ་སྣ་ཚོགས་མཐུན་སྦྱོར་བྱ་དགོས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རྒྱལ་ཁྲིམས་དང་འདུལ་ཁྲིམས་ཀྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ་དང་དེ་ཐག་གཅོད་ཡང་དག་བྱེད་པར་སློབ་གསོ་གཏང་བ་དང་། ཁྲིད་སྟོན་བྱས་ནས་ཁྲིམས་སྐྱོང་གི་འདུ་ཤེས་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ཡིན་པས། ཁོ་ཚོས་ལས་ཀ་བསྒྲུབ་པར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་། ཁོ་ཚོའི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ཁྲོད་ཀྱི་ནུས་པར་བརྩི་བཀུར་བྱེད་པ་དང་འདོན་སྤེལ་བྱེད་དུ་བཅུག་ནས། ཧུར་ཐག་གིས་ཆབ་སྲིད་ཀྱི་ཐད་ནས་ཡིད་ཆེས་བྱེད་ཆོག་པ་དང་སྤྱོད་ལམ་གྱི་ཐད་ནས་དམངས་གཙོ་ཡིན་པ། ལས་ཀའི་ཐད་ནས་ཕན་འབྲས་མཐོ་བ་བཅས་ཀྱི་བྱང་ཚད་མཐོ་བའི་འགོ་ཁྲིད་ཚན་ཁག་འཛུགས་དགོས། ཆབ་སྲིད་ཀྱི་ཐད་ནས་བློ་གཏད་ཆོག་པ་དང་ཆོས་ལུགས་ཀྱི་ཐད་ནས་མཁྱེན་རྒྱ་ཡངས་པ། སྤྱོད་ལམ་གྱི་ཐད་ནས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱིས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བཟང་བོར་སྤེལ་བར་རྒྱབ་སྐྱོར་བྱ་དགོས། ཕྱི་ཕྱོགས་ཀྱིས་ཆོས་ལུགས་བཀོལ་ནས་ནང་འཛུལ་བྱེད་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ཆོས་ལུགས་ཀྱི་ཕྱོགས་ལྷུང་བསམ་བློའི་གནོད་པར་དོགས་ཟོན་བྱ་དགོས། མཉམ་སྦྲེལ་དྲ་བའི་ཆོས་ལུགས་གནད་དོན་ལ་མཐོང་ཆེན་བྱས་ཏེ། ཤུགས་ཆེན་པོས་མཉམ་སྦྲེལ་དྲ་བའི་སྟེང་ཏང་གི་ཆོས་ལུགས་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་དྲང་ཕྱོགས་ཀྱི་ལྟ་བ་སྒྲོག་སྤེལ་བྱ་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་གནས་བབ་གསར་པའི་འོག ཆོས་ལུགས་ལས་ཀའི་ཁྱབ་རྒྱ་ཆེ་བ་དང་ལས་འགན་ལྕི་བས། ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས་པར་མ་ཟད། གནད་ཆེ་སར་ཐོལ་བརྒལ་བྱུང་དགོས། ཆོས་ལུགས་སོ་སོའི་གནས་ཚུལ་དང་འབྲེལ་ནས། འགལ་བ་གཙོ་བོ་དམ་འཛིན་དང་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། ལས་ཀ་གལ་ཆེན་ལེགས་པོར་བསྒྲུབ་པར་དམིགས་ནས་ཁྱོན་ཡོངས་ནས་ལས་ཀར་སྐུལ་འདེད་གཏང་དགོས། རིམ་པ་སོ་སོའི་ཏང་ཨུས་ཆོས་ལུགས་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཆོས་ལུགས་ལས་ཀ་དེ་གྲོས་རིམ་གལ་ཆེན་དུ་བཀོད་དེ། ཆོས་ལུགས་ལས་ཀའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དུས་ལྟར་ཞིབ་འཇུག་བྱེད་པ་དང་། ཆོས་ལུགས་ལས་ཀའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབ་བྱེད་པར་སྐུལ་འདེད་གཏང་དགོས། ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་དང་། ཆོས་ལུགས་ཀྱི་གཞི་རྩའི་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་བྱ་དགོས། ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་ཁྲོད་བཀོད་དེ། རིམ་པ་སོ་སོའི་ལས་བྱེད་པར་དེ་དང་འབྲེལ་བའི་ཤེས་བྱ་མང་པོར་རྒྱུས་མངའ་ཡོད་པར་བྱ་དགོས། སྟོབས་ཤུགས་ཆེན་པོ་ལྡན་པའི་འགོ་ཁྲིད་སྡེ་ཁག་བཙུགས་ནས་ཆོས་ལུགས་ལས་ཀ་ལེགས་པོར་བསྒྲུབ་པར་ཁྲིད་སྟོན་དང་འཆར་འགོད། མཛུབ་སྟོན། ལྟ་སྐུལ་བཅས་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར་ལས་འགན་དང་དུ་ལེན་དགོས་པ་དང་། ཆོས་ལུགས་ལས་ཀའི་སྡེ་ཁག་གིས་ཁྲིམས་ལྟར་དོ་དམ་བྱེད་པའི་འགན་འཁྲི་ཁག་ཏུ་འཁུར་བ། འབྲེལ་ཡོད་སྡེ་ཁག་སོ་སོ་དང་བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཚན་རྩལ་མཐུན་ཚོགས་སོགས་མི་དམངས་ཚོགས་པས་མཉམ་དུ་དོ་དམ་བྱས་ཏེ། མཉམ་གྱིས་ཆོས་ལུགས་ལས་ཀ་ལེགས་པོར་སྒྲུབ་དགོས། ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཆེར་བྱེད་པ་དང་། ཆོས་ལུགས་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། ཆོས་ལུགས་ཕྱོགས་ཀྱི་དྲིལ་བསྒྲགས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱ་དགོས། ཏང་གི་གཞི་རིམ་རྩ་འཛུགས་དང་ལྷག་པར་དུ་ཆོས་ལུགས་ལས་ཀའི་ལས་འགན་ལྕི་བའི་ས་གནས་གཞི་རིམ་རྩ་འཛུགས་ཀྱིས་ཆོས་ལུགས་ལས་ཀ་ལེགས་པོར་བསྒྲུབས་ནས། དད་ལྡན་མང་ཚོགས་ཀྱི་ལས་ཀར་ཤུགས་སྣོན་བྱ་དགོས། གུང་ཁྲན་ཏང་མི་རྣམས་ནི་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་བརྟན་ཚུགས་ཅན་ཡིན་པས། ཏང་གི་སྒྲིག་ཡིག་གི་གཏན་ཁེལ་བརྩི་སྲུང་ནན་མོ་བྱེད་པ་དང་ཕུགས་བསམ་འགྱུར་བ་མེད་པ། ཏང་གི་དམིགས་ཡུལ་སེམས་ལ་དམ་པོར་འཛིན་པ་བཅས་བྱེད་པ་ལས། རང་གི་རིན་ཐང་དང་དད་མོས་དེ་ཆོས་ལུགས་ཁྲོད་ནས་གཏན་དུ་འཚོལ་མི་རུང་། ན་གཞོན་ལོ་ཆུང་གི་ཚན་རིག་གི་འཇིག་རྟེན་ལྟ་བའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བྱས་ཏེ་ཁོ་ཚོས་ཚན་རིག་ལ་ཡིད་ཆེས་དང་ཚན་རིག་ལ་སློབ་སྦྱོང་། ཚན་རིག་སྒྲོག་སྤེལ་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས་པར་མ་ཟད། ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཆགས་སུ་བཅུག་དགོས།
ཞི་ཅིན་ཕིང་གིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་འོག་ཏུ་ཆོས་ལུགས་ལས་རིགས་དང་འཐབ་ཕྱོགས་གཅིག་གྱུར་བྱེད་པ་ནི། ང་ཚོའི་ཏང་གིས་ཆོས་ལུགས་གནད་དོན་ཐག་གཅོད་པའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ཁྱད་ཆོས་ཡིན། ཆབ་སྲིད་ཐད་ནས་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། དད་མོས་ཐད་ནས་ཕན་ཚུན་བརྩི་བཀུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འབྲེལ་འདྲིས་མང་པོ་བྱེད་པ་དང་སེམས་གཏམ་མང་པོ་བཤད་པ། རོགས་འདེགས་མང་པོ་བྱེད་པ་བཅས་བྱས་ནས་གནས་ལུགས་ཀྱིས་མི་སེམས་འགུག་པ་དང་བྱམས་བརྩེ་ཡིས་མི་སེམས་དྲོ་བར་བྱེད་པ། དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ་བརྒྱུད་མི་སེམས་འགུག་པ་དང་མཐུན་སྒྲིལ་བྱ་དགོས་ཞེས་བསྟན།།