༄༄།། བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་བྱུང་འཕེལ་ལོ་རྒྱུས་དང་ལོ་ཐོའི་ནང་དོན་བཅས་ངོ་སྤྲོད་མདོ་ཙམ་ཞུ་བ།
མི་གསལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་རིག་གནས་དྲ་བ། སྤེལ་དུས། 04-26
ཆོས་ཚུལ་མདོ་སྔགས་རིག་གནས་བསྒྱུར་བཤད་ཀྱིས།། ཆོས་ལྡན་བོད་ཡུལ་ཁ་བ་ཅན་ལྗོངས་འདི།། ཆོས་བཞིན་སྐྱོང་མཛད་རྒྱལ་བློན་ལོ་པཎ་གྱིས།། ཆོས་ཕྱིར་དཀའ་སྤྱད་ངོ་མཚར་རྣམ་ཐར་དྲན།། ཁྱད་པར་དུས་དབྱངས་སྤོར་ཐང་རྩིས་རིག་གཞུང་།། ལྗོངས་འདིར་བསྒྱུར་དང་སྤེལ་མཛད་འཇིག་རྟེན་མིག། རྭ་འབྲོ་ཤོང་གློ་དུ་ཧར་ཁམ་ཁྲ་སོགས།། ཚད་མེད་བཀའ་དྲིན་དྲན་བཞིན་སྤྱི་བོས་མཆོད།། ཟབ་ཅིང་རྒྱ་ཆེ་རྩིས་རིག་རྟོགས་དཀའི་གཞུང་།། གཞུང་བཞིན་འགྲེལ་ལ་རྣམ་པར་དཔྱོད་པའི་བློ།། དཔལ་ལྡན་གཞན་གྱིས་འགྲན་མེད་ལེགས་བཤད་བསྟན།། བསྟན་འཛིན་ཕུག་པ་ཡབ་སྲས་དུས་ཀུན་རྒྱལ།།
དེ་ཡང་ལས་ལ་བརྩོན་ཞིང་དཔའ་ངར་བློ་གྲོས་དང་ལྡན་པའི་བོད་རིགས་མི་དམངས་ཚོས་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཡས་མས་སུ་ཉི་མའི་བགྲོད་གཉིས་དང་། ཟླ་བའི་འཕེལ་འགྲིབ་ལ་སོགས་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ད་ལྟའི་སྐར་རྩིས་རིག་པ་འདི་མ་དར་བའི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ནས་གནམ་གྱི་སྐར་མར་བརྟག་པའི་རྩིས་དང་། བར་སྣང་རླུང་དང་སྤྲིན་ལ་བརྟག་པ། བྱ་དང་ཤིང་ལ་བརྟག་པ། མཚོ་དང་ཆབ་རོམ་ལ་བརྟག་པ་སོགས་དུས་བརྟག་གི་རྩིས་རིག་སྣ་ཚོགས་ཉམས་མྱོང་གི་སྒོ་ནས་འཚོལ་སྡུད་བྱས་པ་དང་། དེ་ནས་རིམ་གྱིས་འཕེལ་ཏེ་ཉི་ཟླ་སྐར་གསུམ་གྱི་འཁོར་བགྲོད་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ནང་ཉི་མའི་འགྲོ་ཕྱོགས་དང་། ཟླ་བའི་འཕེལ་འགྲིབ། ལོ་ཟླ་ཞག་གསུམ་གྱི་བརྩི་སྲོལ་གྱི་སྒྲོམ་གཞི་ཆགས་པ་རེད། སྤྱི་ལོ་624སྟེ་ ཤིང་སྤྲེལ་ལོར་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པའི་ལོ་དེ་ལ་ཀླ་ཀློའི་སྟོན་པ་བདུན་པ་སྦྲང་རྩིའི་བློ་གྲོས་ཀྱིས་བྱེད་པའི་རྩིས་འགོ་བཟུང་བ་དང་། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་གྱིས་སྤྱི་ལོ་182ལོར་ཁྲིར་བཞུགས་ནས་ཆོས་བསྟན་པ་དང་། སྤྱི་ལོ་802ལོར་རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་ཁྲིར་ཕེབས་ནས་སྤྱི་ལོ ་1026 བར་ཆོས་བསྟན་ནས་ལོ་221 བཅས་ཁྱོན་བསྡོམས་ལོ་403ལ་མེ་མཁའ་རྒྱ་མཚོའི་འདས་ལོ་ཞེས་སུ་གྲགས། སྤྱི་ལོ་1027ལོར་བོད་ལ་རབ་བྱུང་དང་པོའི་འགོ་ཚུགས་པ་དང་། དུས་འཁོར་རྒྱུད་འགྲེལ་བོད་དུ་བསྒྱུར། བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་དང་ཁྲི་ལྡེ་གཙུག་བརྟན་ནས་མེས་ཨག་ཚོམ་ཞེས་སུ་གྲགས་པའི་སྐུ་དུས་སུ་རྒྱ་བཟའ་སྔ་ཕྱི་གཉིས་བཙུན་མོར་བསུས་པའི་སྐབས་སྨན་རྩིས་ཀྱི་གཞུང་འགའ་ཞིག་བོད་ཡུལ་དུ་དར། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་སུ་ལོ་ཆེན་བེེ་རོ་ཙ་ནས་སྨན་རྩིས་ཀྱི་གཞུང་འགའ་ཞིག་བསྒྱུར་གནང་མཛད། མདོར་ན་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་སྐར་རྩིས་དང་། ལེགས་ཉེས་བླང་དོར་སྟོན་པའི་དབྱངས་འཆར། མ་ཧཱ་ཙི་ནའི་ཡུལ་ནས་དར་བའི་ཧྭང་ལེ་དང་། སྤར་སྨེ་བརྩི་ཚུལ་སོགས་འབྱུང་རྩིས་དར་བ་རྣམས་ལས་རང་གི་ཡུལ་བབས་ལ་མཁོ་བ་རྣམས་བསྡུ་ལེན་བྱས་པ་དང་། བོད་རང་གི་མེས་པོ་གོང་མ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་རིང་གསོག་འཇོག་གནང་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་རྣམས་བསྡུ་ལེན་གནང་བས་རིམ་བཞིན་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་བྱ་གཞག་ལ་འཕེལ་རྒྱས་གོང་འཕེལ་བྱུང་།
སྨན་བླ་གཉིས་པར་ཡོངས་སུ་གྲགས་པའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་སྨན་གྱི་ཕྱག་ལེན་རྒྱ་ཆེར་སྤེལ་བ་དང་ཆབས་ཅིག་སྐར་རྩིས་རི་བོ་རྡུལ་འབེབས། ནག་རྩིས་འཁོར་འདས་གཏན་འབེབས། འབྲས་རྩིས་ཤིང་རྟའི་སྲོལ་འབྱེད་སོགས་མཛད་ཅིང་ཀོང་པོ་སྨན་ལུང་དུ་སྨན་རྩིས་ཀྱི་སློབ་གྲྭ་བཙུགས་ནས་སློབ་མ་སྟོང་ཚོ་བརྒལ་བ་གསོ་སྐྱོང་གནང་། དེ་རྗེས་དུས་རབས་བཅུ་གསུམ་པའི་ནང་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྲིད་དབང་བཟུང་སྟེ་བོད་གཅིག་གྱུར་བྱུང་བའི་སྐབས་དེར། གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་ཀུན་དགའ་དཔལ་བ་སོགས་གནམ་རིག་རྩིས་ལ་མཁས་པ་རྣམས་ཀྱིས་བོད་རང་གི་གནས་གཤིས་དང་ས་ཆའི་དུས་བབ་ལ་ཞིབ་ཏུ་དཔྱད། མ་ཧཱ་ཙི་ནའི་ཧྭང་ལེར་དཔེ་མཛད་པ་དང་བོད་ཀྱི་ལོ་ཟླ་ཞག་དུས་ཀྱི་བབ་དང་སྦྱར་ནས་ས་སྐྱའི་ལོ་ཐོ་ཞེས་པ་ཐོག་མར་རྩོམ་འབྲི་གནང་བས་བོད་ཀྱི་ལོ་ཐོའི་སྲོལ་བྱུང་ནས་བོད་ཀྱི་གནམ་རིག་སྐར་རྩིས་ཡར་རྒྱས་གོང་འཕེལ་ཆེན་པོ་བྱུང་། དེ་རྗེས་དཔལ་སྤུངས་ལོ་ཐོ་དང་སྣར་ཐང་ལོ་ཐོ། མཚུར་ཕུའི་ལོ་ཐོ། སྨིན་གྲོལ་གླིང་གི་ལོ་ཐོ་བཅས་སྔ་ཕྱིར་བཏོན། རབ་བྱུང་བཅུ་དྲུག་པའི་མེ་འབྲུག་ལོ་སྟེ་སྤྱི་ལོ ་1916 ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་མངའ་རིས་ཀྱི་བདེ་བའི་རྩ་བར་དགོངས་བཞེས་ཀྱིས་སྨན་རྩིས་ཀྱི་སློབ་གྲྭ་འཛུགས་གནང་མཛད་པ་དང་། སྨན་རྩིས་ཁང་དང་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གཉིས་ཀྱི་དབུ་འཛིན་གཅིག་ལྕོགས་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་མཛད་དེ་སྨན་རྩིས་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང་། ད་ལྟ་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་ནི་ཞིང་འབྲོག་མི་དམངས་ལ་མི་ཐབས་མེད་པའི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་ཞིག་ཡིན་པས། ལོ་ལྟར་ལོ་ཐོ་ཁྲི་བཅུ་གྲངས་བརྒལ་བ་བཏོན་ཀྱང་ད་དུང་དམངས་ཀྱི་འདོད་པ་ཁེངས་ཐུབ་པ་ཞིག་ཡོང་གི་མེད། བོད་ཀྱི་ལོ་ཐོའི་ནང་ཐོག་མར་བསྟན་པའི་རྩིས་ཀྱི་རྣམ་གཞག་དང་། དེ་རྗེས་གཟའ་དགུས་སྐར་ཁྱིམ་གོ་ལའི་འཁོར་བགྲོད་ལ་བསྟེན་པའི་ལོ་བཤད་དང་། ཟླ་བཤད། ས་ཞིང་འདེབས་བཀོལ། བྱ་ཞག་གནམ་དཔྱད། ས་གླང་བརྟག་པ། རྟ་བོང་སྒ་རྒྱག་དང་ཅོ་འབྲེག་པ། ཉི་ཟླ་གཟའ་འཛིན། ཀེག་རྩིས་ཀྱི་རྡེའུ། གཟའ་ལྔ་ཉིན་ཚེས་ཁྱིམ་གསུམ། གཟའ་ལྔའི་འཕོ་ཚེས། ཉིན་རེའི་ཚེས་ཁོངས། དབུགས་སྒང་ཁྱིམ་སླེབས། ཟླ་བ་སོ་སོའི་རྒྱ་དབུགས་དང་རྒྱ་སྒང་བཅས་དུས་གཟེར་ཉེར་བཞི། བོད་ཀྱི་ས་བབ་ལ་གཞིགས་པའི་དུས་གཟེར་ཁག་དུ་མེ་སོལ་གསུམ་ལ་སོགས་པའི་ནང་དོན་བཀོད་ཡོད།
དེས་ན་ཡིག་འབྲུ་ཁྲི་དྲུག་ཙམ་ཡོད་པའི་ལྗོངས་སྨན་རྩིས་ཁང་གི་ལོ་ཐོའི་ནང་དོན་ངོ་སྤྲོད་མདོ་ཙམ་ཞུས་ན། དང་པོ་བསྟན་པའི་རྩིས་ཀྱི་རྣམ་གཞག་ཅེས་པ་བསྟན་པ་དང་འགྲོ་བ་ལ་ཕན་པ་ཤིན་ཏུ་ཆེ་བའི་སྐྱེས་བུ་དམ་པ་དང་མཁས་པའི་དབང་པོ། འཇིག་རྟེན་ཐོག་ཏུ་བྱས་རྗེས་ཤིན་ཏུ་ཆེ་བའི་མི་སྣ་རྣམས་ཀྱི་འཁྲུངས་ལོ་དང་འདས་ལོ་བཀོད་པ། གཉིས་པ་སྐར་ཁྱིམ་གོ་ལོའི་འཁོར་བགྲོད་ལ་བསྟེན་ནས་ལོ་བཤད་བརྗོད་པ་དཔེར་ན། གཟའ་སོ་སོ་མེ་སྐར་ལ་སྤྱོད་ཆེ་ན་གནས་སའི་ཕྱོགས་དེར་ཐན་པ་ཆེ་བ་དང་། ས་སྐར་མང་ན་ནམ་འཁོར་ཆེ་ཞིང་འཐིབས་ཤས་ཆེ་བ། རླུང་སྐར་མང་ན་ཕྱོགས་དེར་རླུང་པོ་ལྡན་ཞིང་རྡུལ་རླུང་འཚུབ་ཆེ་བ་དང་། ཆུ་སྐར་མང་ན་ཕྱོགས་དེར་ཆར་ཆུ་བཟང་བ། ས་ཆུའི་སྐར་མར་སྤྱོད་ཆེ་ན་འཐིབས་དྭངས་རེས་མོས་ཀྱིས་ཆར་སིམ་བབས་པ་མང་བ། མེ་རླུང་སྐར་མར་སྤྱོད་ཆེ་ན་རྡུལ་རླུང་འཚུབ་ཅིང་ཁ་ཆར་འབབ་ཚད་ཆུང་བ། འབྱུང་བ་ས་མེའི་ཁམས་ཤས་ཆེ་ན་འཐིབས་དྭངས་རེས་མོས་ཀྱིས་ཁ་ཆར་འབབ་ཚད་ཞན་པ་བཅས་ལོ་ཧྲིལ་པོའི་གནམ་གཤིས་ཇི་ལྟར་འབྱུང་མིན་བརྗོད་པ། གསུམ་པ་ཟླ་བཤད་ནི་ཟླ་བ་སོ་སོའི་ནང་ཉི་མ་ཁྱིམ་གང་དུ་འབྱོར་མིན་དང་། གནམ་ལོའི་ཕྱོགས་གཙང་གང་དུ་འཁེལ་མིན། ཟླ་བ་འདིའི་དབུགས་ཚེས་གང་དུ་འཁེལ་མིན། སྒང་ཚེས་གང་དུ་འཁེལ་མིན་སོགས་དབུག་སྒང་ཁྱིམ་སླེབས་སོ་སོར་སོ་སོའི་འབྲས་བུ་རེ་བརྗོད་པ་ནི་ཟླ་བ་འདིའི་གནམ་གཤིས་དང་ཞིང་འབྲོག་སོ་སོས་བྱ་བ་གང་དང་གང་བྱ་དགོས་མིན་ལུང་དུ་སྟོན་པ་མ་ཟད། ཟླ་བ་འདིའི་ཆར་རྩིས་དང་འབབ་ཚེས་སོགས་ཚང་མ་ཟླ་བཤད་ནང་གསལ་བ་ཡིན། བཞི་པ་རྒྱ་དབུགས་དང་རྒྱ་སྒང་ཞེས་པ་ནི་རྒྱ་ཡི་དུས་གཟེར་ཉི་ཤུ་རྩ་བཞི་གསལ་བ་སྟེ། དཔེར་ན་རྒྱ་ཟླ་དང་པོའི་རྒྱ་དབུགས་ནི་དཔྱིད་ཀྱི་དབུགས་ཐོབ་པ་དང་། རང་བྱུང་ཁམས་ཀྱི་འབྱུང་བ་ཤིང་རྩི་ཁ་འབུས་པ་སོགས་ཀྱི་ཆོས་ཉིད་དང་མཐུན་པར་ནང་གི་འབྱུང་བ་ཤིང་ཁམས་མཆིན་རྩ་ཕྲ་ལ་གྲིམས་པར་འཕར་བ་དང་། བར་སྣང་དུ་རིམ་བཞིན་རྒྱུ་སྐར་མཆུ་དང་། དབོ། ནག་པས་ནམ་ཚོད་འཛིན་པར་བྱེད། རྒྱ་ཟླ་བཞི་པའི་རྒྱ་དབུགས་ཐོབ་པ་ནས་བཟུང་ཕྱིའི་འབྱུང་བ་འདབ་བརྒྱད་འཆར་དུས་ཀྱི་ཆོས་ཉིད་དང་མཐུན་པར་ནང་མེ་ཁམས་སྙིང་རྩ་སྦོམ་ལ་རིང་བར་འཕར་བ། བར་སྣང་དུ་རྒྱུ་སྐར་ས་ག་དང་། སྣྲོན། ཆུ་སྟོད་ཀྱིས་ནམ་ཚོད་འཛིན་པར་བྱེད། རྒྱ་ཟླ་བདུན་པའི་དབུགས་ཐོབ་པ་ནས་བཟུང་ཕྱིའི་འབྱུང་བ་འབྲས་ལྡན་སྨིན་དུས་ཀྱི་ཆོས་ཉིད་དང་མཐུན་པར་ནང་གི་འབྱུང་བ་ལྕགས་ཁམས་གློ་རྩ་ཐུང་ལ་རྩུབ་པར་འཕར་བ། བར་སྣང་དུ་རྒྱུ་སྐར་གྲོ་བཞིན་དང་། ཁྲུམས་སྟོད། ཐ་སྐར་གྱིས་ནམ་ཚོད་འཛིན་པར་བྱེད། རྒྱ་ཟླ་བཅུ་པའི་དབུགས་ཐོབ་པ་ནས་བཟུང་ཕྱིའི་འབྱུང་བ་ས་ཆུ་འཁྱུགས་སྒང་གི་ཆོས་ཉིད་དང་མཐུན་པར་ནང་གི་འབྱུང་བ་ས་ཆུ་ཁམས་མཁལ་རྩ་འཇམ་ལ་དར་བར་འཕར་བ། བར་སྣང་དུ་རྒྱུ་སྐར་སྨིན་དྲུག་དང་། མགོ རྒྱལ་གྱིས་ནམ་ཚོད་འཛིན་པར་བྱེད། དུས་མཚམས་བཅོ་བརྒྱད་ཕྲག་བཞི་སྟེ་ཞག་བདུན་ཅུ་དོན་གཉིས་རིང་ལ་ས་ཁམས་མཆེར་རྩ་ཐུང་ལ་འཇམ་པར་འཕར་བ་བཅས་ཀྱི་ཚུལ་འདི་དག དུས་བཞི་སོ་སོའི་ཕྱིའི་འབྱུང་བའི་ཁམས་མི་འདྲ་བ་རེ་ཡོད་པ་བཞིན་དུ་ནང་གི་དོན་ལྔའི་རླུང་ཁྲག་གི་རྒྱུ་བའང་མི་འདྲ་བ་རེར་འགྱུར་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་རྩའི་འཕར་ཚུལ་ཀྱང་མི་འདྲ་བ་རེ་ཡོང་གི་ཡོད་པ་རེད། འདི་ནི་ཕྱི་ནང་གི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྟེན་འབྲེལ་ལས་བྱུང་བ་ཡིན་ཞིང་། གནས་འདི་ཞིབ་ཕྲ་ཤེས་པར་བྱེད་པ་ནི་སྐར་རྩིས་ཀྱི་གཞུང་ནས་བསྟན་པའི་ཟླ་བ་སོ་སོའི་དབུགས་སྒང་ཁྱིམ་སླེབས་སོགས་དུས་བཞི་མི་འགྱུར་བའི་གནད་ཀྱི་གཟེར་ལ་བརྟེན་ནས་དཔྱིད་དང་། དབྱར། སྟོན། དགུན་བཅས་ཀྱི་དུས་མཚམས་རྣམས་ལེགས་པར་ངོས་ཟིན་པར་རག་ལུས་པ་ཡིན། དཔྱིད་ཞག་46 དང་། སོས་ཞག་46 དབྱར་ཞག་86 སྟོན་ཞག་85 དགུན་སྟོད་ཞག་51 དགུན་སྨད་ཞག་51 ཁྱོན་བསྡོམས་ཉིན་ཞག་365 དེ་བཞིན་རྒྱ་དབུགས་དང་། རྒྱ་སྒང་ཚང་མར་དུས་ཀྱི་གཟེར་རེ་ཡོད་པ་ཡིན། ལྔ་པ་བྱ་ཞག་གནམ་དཔྱད་ཟེར་བ་ནི་དགུན་གྱི་ཉི་མ་ལྡོག་པའི་ཉིན་ཉེར་བཞིའི་ཐོག་བྱ་མ་ཞག་དྲུག་གི་འགོ་ཟིན་པ་རེད། དེའི་རིང་ནམ་མཁའ་དབྱེར་ན་སྔ་སད་འོང་། གཤོག་ཟུང་ཞག་དྲུག་ཟིན་རིང་རླུང་དང་ཁ་ཆར་བྱུང་ན་དབྱར་སྨད་ཞོད་ཆེ། དཔུང་ཞག་གསུམ་རིང་ཁ་བ་བྱུང་ན་ཐན་པ་རེད། མཇིང་ཁུང་ཞག་བདུན་ཟིན་རིང་ཁ་བ་བབས་ན་འབྲུ་འོང་ཆེ། ཁ་གདོང་ཞག་གསུམ་རིང་ཁ་བ་བྱུང་ན་ཐན་པ་མེད། གཤོག་རྩེ་ཞག་ལྔ་ཟིན་རིང་ནམ་མཁའ་དྭངས་ཤིང་རླུང་ངར་བྱུང་ན་སད་སེར་མེད། ཆར་ཡང་སྙོམས། བྱ་བུ་ཞག་བཅུ་གཉིས་ཟིན་རིང་གནམ་གཤིས་དྲོ་ན་སོས་འཕར་སྔ། ཁྲུམས་ཞག་བཅུ་གཉིས་རིང་གནམ་གཤིས་གྲང་ན་ཡུར་མའི་བར་གྲང་། ཤོལ་པོ་ཟླ་ཕྱེད་རིང་ཁ་བ་དང་བཅས་གྲང་ན་སྔར་གྱི་དྲུག་ཚད་འཕྱུགས། སྐྱུང་ཞག་དགུ་ཟིན་རིང་ནམ་མཁའ་དྭངས་ན་སོས་ཐན་མེད། ཤེ་མོ་ཞག་བདུན་རིང་ཁ་ཆར་བབས་ན་དགུང་ཐན་ངེས་པར་འོང་། ཞེས་བྱ་ཞག་85རྫོགས་པ་ཡིན། དྲུག་པ་ས་ཞིང་འདེབས་བཀོལ་ནི་ས་ཞིང་སྔ་འདེབས་དང་། བར་འདེབས། ཕྱི་འདེབས་བཅས་གང་ལ་བཟང་མིན་དཔེར་ན་རྒྱ་བོད་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བདུན་གོང་ལ་དཔྱིད་དབུགས་ཟིན་ན་སྔ་འདེབས་བཟང་བ་དང་། དཔྱིད་ཀྱི་དབུགས་ཐོབ་ཚེས་ཉེར་བདུན་ནས་རྒྱ་བོད་ཟླ་བ་དང་པོའི་ཚེས་ལྔ་བར་ཟིན་ན་བར་འདེབས་བཟང་བ། དང་པོའི་ཚེས་ལྔའི་རྗེས་ལ་དཔྱིད་དབུགས་ཐོབ་ན་ཕྱི་འདེབས་བཟང་བ་བཅས་སོ། དེ་བཞིན་གཉའ་སྤྲོ་བྱ་ཚེས་དང་། ས་ལུད་འདོན་སྐྱེལ་དང་། འདེབས་ཆུ་གཏོང་སྔ་ཕྱི། ཞིང་འདེབས་དངོས་གཞིའི་ཚེས་ཆ་དང་། རྟ་བོང་སྒ་རྒྱག་དང་ཅོ་འབྲེག་པའི་དུས་ཚོད་བསྟན་པ་བཅས་ཡིན། བདུན་པ་ས་གླང་བརྟག་པ་ནི་གླང་གི་མགོ་བོའི་མདོག་དང་། ལུས་ཀྱི་མདོག རྭ་རྣ་མཇུག་གསུམ་གྱི་མདོག་སུག་བཞིའི་མདོག ལྟག་སྐྲར་བརྟག་པ། ལྕག་ཚད་དེ་དར་སྐུད་དང་། སོ་མ་ར་ཙ། རས་བལ་བཅས་གང་ཡིན་ལ་བརྟག་པ། གོང་གསལ་འབྱུང་བའི་ཁ་དོག་ལ་བལྟས་ནས་ཆར་ཆུའི་བཟང་ཞན་དང་། ལུང་པའི་ཕུ་དང་། བར། མདའ་བཅས་ལ་སད་སེར་བཙའ་ཐན་ཡོད་མེད་བརྟག་པ། གླང་གྲངས་དང་འབྲུག་གྲངས་ལ་བརྟག་པ། གླང་གྲངས་ལ་བལྟས་ནས་སོས་འཕར་སྔ་ཕྱི་དང་། འབྲུག་གྲངས་ལ་བལྟས་ནས་ཆར་ཞོད་ཆེ་ཆུང་བརྟག་པ། གླང་རྫི་རྒན་གཞོན་ལ་བལྟས་ནས་རྒན་པོ་དང་། དར་མ། བྱིས་པ་བཅས་གང་ལ་འཚུབ་མིན་བརྟག་པ་བཅས་ཡིན། བརྒྱད་པ་ཉི་ཟླ་གཟའ་འཛིན་ལ་སྒྲ་གཅན་འཇུག་ཚུལ་བརྟག་པ། དཔེར་ན་ཟླ་འཛིན་སྐབས་བོད་ཚེས་བཅོ་ལྔ་ཉིད་ཉི་མ་དང་ཟླ་བ་རྡུའུ་360འཁོར་ལོ་ཡི་འཁོར་ཕྱེད་རྡུའུ་ 180 ཡི་སར་ཁ་སྤྲོད་དུ་གནས་པས་དེའི་བར་ས་གཞིའི་དཀྱིལ་འཁོར་འཛུལ་བས་ཉི་མའི་མདངས་ས་གཞིར་ཕོག་པ་དང་ས་གཞིའི་གྲིབ་ནག་ཟླ་བ་ལ་ཕོག་པས་ཟླ་འཛིན་འབྱུང་བ་དང་། ཉི་འཛིན་ནི་བོད་ཚེས་གནམ་གང་ཉིན་ཉི་མ་དང་ཟླ་བ་གཉིས་ཐིག་གཅིག་གི་སྒང་ལ་མཐོ་དམའི་ཚུལ་དུ་གནས་པས་ས་གཞིའི་གྲིབ་མ་ཟླ་བ་ལ་ཕོག་པ་དང་ཟླ་བའི་གྲིབ་མས་ཉི་མ་བཀག་པས་ཉི་འཛིན་འབྱུང་བའི་ངོས་འཛིན་བྱེད་བཞིན་ཡོད། དགུ་པ་ཀེག་རྩིས་ཀྱི་རྡེལ་ཁྲ་བཀོད་པ། ཀེག་རྩིས་ནང་རང་སོ་སོའི་ལོ་རྟགས་དང་ལོ་གྲངས། སྐྱེས་སྨེ། སོ་སོའི་སྲོག་ལུས་དབང་ཀླུང་བླ་བཅས་ཀྱི་རྡེལ་ཁྲ་བཀོད་དེ། རྡེལ་དཀར་བཟང་ཞིང་རྡེལ་ནག་ངན་པར་བརྩི། དེ་རྗེས་ཕོ་མོའི་ལོག་མེན་བཀོད་དེ་གནམ་སྒོ་དང་ས་སྒོ་གང་དུ་འཁེལ་མིན་བརྟག་པ། སྟེང་ཤོད་ཕོ་མོའི་སྤར་ཁ་དང་དབུས་བབ་སྨེ་བཀོད་པ། དགུ་མིག་དང་དུར་མིག་བཀོད་པ་བཅས་ཡིན། བཅུ་པ་ཚེས་ཀོང་བཀོད་པ། ཚེས་ཀོང་ནང་ཚེས་གྲངས་དང་། རེས་ལ་འཆར་བའི་གཟའ་བཀོད་པ། རེས་འགྲོགས་ཟླ་སྐར་བཀོད་པ། གཟའ་སྐར་གཉིས་ཀྱི་འབྱུང་ཁམས་ལ་བལྟས་ནས་འབྱུང་འཕྲོད། གཟའ་སྐར་གཉིས་ལ་བལྟས་ནས་འཕྲོད་ཆེན། དེ་མིན་འགྲུབ་སྦྱོར་དང་འཆི་སྦྱོར་ལ་སོགས་པ་འཕྲོད་བཅོ་ལྔ་གང་འཁེལ་བཀོད་པ། ཉི་ཟླ་མཉམ་བསྲེས་ཀྱི་སྦྱོར་བ་བཀོད་པ། རྟེན་འབྲེལ་བཀོད་པ། ཚེས་ཉི་བཀོད་པ། ཚེས་སྤར་དང་ཚེས་སྨེ་བཀོད་པ། གནམ་སྒོ་བཀོད་པ། རྒྱ་རྩིས་ཉི་མ་བཀོད་པ་སོགས་ཚེས་ཆ་ལེགས་ཉེས་ཀྱིས་བླང་དོར་སྟོན་པ་བཅས་སོ།
སླར་སྨྲས་པ། མཁས་པའི་གཅེས་ནོར་སྐར་རྩིས་རིག་པའི་གནས།། མཁས་གྲུབ་བརྒྱུད་པས་འཛིན་སྐྱོང་སྤེལ་བའི་ཚུལ།། མཁས་མཆོག་འཁྲུལ་བྲལ་གསུང་གི་རྗེས་འབྲང་ནས།། མཁས་པའི་རྗེས་འཛིན་སྐལ་ཕུན་མིང་གིས་བྲིས།། སྐར་རྩིས་རིག་པ་ཟབ་ཅིང་གཏིང་དཔོག་དཀའ།། བདག་ནི་སྐྱེས་སྦྱངས་བློ་གྲོས་ཤིན་ཏུ་དམན།། དེ་ཕྱིར་འདི་ལ་འགལ་འཁྲུལ་ཅི་མཆིས་པ།། མཁས་པའི་སྤྱན་སྔར་བཤགས་སོ་འཆོས་པར་མཛོད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1