༄༅།། ཞང་ཞུང་རྒྱལ་རབས་ཀྱི་བང་སོ།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ཝེ་ཁེ་རིག་མཛོད་དྲ་བ། སྤེལ་དུས། 04-26


  2012ལོའི་ཟླ་6པ་ནས་ཟླ་8པའི་བར་དུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ཏེ། བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་གི་མོན་འཚེར་ཤང་ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་དགོན་་བང་སོར་ཐིག་ལེན་རིས་འབྲི་དང་བསྔོག་འདོན་ཚོད་ལྟ་བྱས།ཞང་ཞུང་བར་པ་ཁྱུང་ལུང་དངུལ་མཁར། ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བསྔོག་འདོན་ཁྲོད་ཁྱོན་སྡོམ་བང་སོ་ཆེན་མོ་བཞི་རྙེད་པ་དང་། ཚང་མ་མངའ་རིས་སྒར་རྫོང་མོན་འཚེར་ཤང་གླང་ཆེན་ཁ་འབབ་བྱང་ངོགས་སུ་ཆགས་པའི་བོན་པོའི་དགོན་པ་ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་དགོན་གྱི་མདུན་དུ་ཡོད་པ་རེད། བང་སོ་དེ་དག་ཕལ་ཆེར་ཀྲུང་གོའི་དབུས་རྒྱུད་ཧན་ཅིན་(中原汉晋)དུས་སྐབས་དང་མཉམ་ལ། གྲུ་བཞི་ནར་མོའི་དབྱིབས་ཀྱི་རྡོ་ཤུར་བང་སོ་ལྟར་བརྩེགས་ཡོད་པས་བོད་ཀྱི་སྔ་རབས་ཀྱི་རྡོ་རྩེག་གྲུ་བཞིའི་དབྱིབས་ཀྱི་བང་སོ་བརྩེགས་སྲོལ་རྒྱུན་འཛིན་བྱས་ཡོད།  ཚད་གཞི་ཆེས་མཐོ་བའི་བང་སོ་ནི་ས་ངོས་ནས་ཧ་ལམ་སྨི་བཞི་ཙམ་གྱི་གཏིང་སར་ཡོད་པ་དང་། བང་སོའི་སྟེང་ཐོག་ཏུ་ཤིང་རྐང་བཅུ་ཕྲག་འཕྲེད་དུ་བཞག་པའི་སྟེང་རྡོ་ལེབ་ཀྱིས་ཁ་བཅད་ཡོད། བང་སོའི་བེམ་པོ་དེ་གྲུ་བཞིའི་དབྱིབས་ཅན་གྱི་ཤིང་སྒམ་ནང་དུ་བཅུག་ཡོད་པ་དང་། བེམ་རོ་ལ་མིས་གཏོར་བརླག་ཅི་ཡང་ཐེབས་མེད། བང་སོ་དང་པོ་དེའི་ཉེ་འཁོར་དུ་སྔོག་བཤེར་ཞིབ་ཕྲ་བྱས་རྗེས་གནའ་རྫས་རྟོག་ཞིབ་ཚོགས་པས་བར་ཐག་སྨི་༢༠ཙམ་གྱི་ཁྱབ་ཁོངས་སུ་སྔ་གཞུག་ཏུ་བང་སོ་ཆེན་མོ་གསུམ་རྙེད་སོན་བྱུང་བ་དང་། བང་སོ་དེ་དག་གི་གཏིང་ཚད་ལ་སྨི་5ནས་6ཡོད་ཅིང་། མངའ་རིས་ས་ཁུལ་དུ་གཏིང་རིམ་ཆེས་ཟབ་ལ་མང་འདུས་བང་སོ་ཞིག་ཡིན་ཁར། བོད་ལྗོངས་ཡོངས་ནས་ཀྱང་དེ་ལྟ་བུ་བང་སོ་མཐོང་དཀོན་ནོ། །
  2006ལོར་ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་གྱི་གྲྭ་བས་ས་ངོས་སུ་བུད་པའི་བང་སོ་དང་པོའི་རིག་དངོས་ཁག་ལ་གཙང་བཤེར་བྱས་མྱོང་བ་དང་། དེའི་ནང་དུ་འདབ་ཆགས་ཀྱི་རི་མོ་ཕབ་ཡོད་པའི་གནའ་བོའི་གོས་ཆེན་དང་ཁམ་མདོག་གི་དར་གོས་རྙིང་རོ། ལིའི་ལྷུང་བཟེད། ཤིང་གཙུབས་མེ་ལེན་ཡོ་ཆས། རྩྭ་བཟོས་ཡོ་ཆས་ལ་སོགས་ཡོད་ཅིང་། དར་གོས་དང་། ཤིང་། ཇ་ལོ་སོགས་ཀྱི་མ་དཔེ་དག་ལ་ཆེད་ལས་སྡེ་ཚན་ནས་ཚད་མཇལ་གཏན་འབེབས་བྱས་རྗེས་དར་ གོས་ཆེན་ལ་ད་བར་དུ་ལོ་ངོ་1747ཡས་མས་དང་། ཤིང་ལ་ད་བར་དུ་ལོ་ངོ་1653ཡས་མས་དང་། ཇ་ལོ་ལ་ད་བར་དུ་ལོ་ངོ་2186ཡས་མས་བཅས་ཀྱི་ལོ་རྒྱུས་ཡོད་པ་བདེན་དཔང་བྱས། ཚད་མཇལ་གཏན་འབེབས་ལ་གཞིགས་ནས་རིག་འདེད་བྱས་ན་ཡིག་རིས་ཕབ་པའི་དར་གོས་ཆེན་ནི་ ཧན་ཝེ་(汉魏)ནས་ཡོང་བ་ཡིན་འདུག དུས་དེར་ནང་ལོགས་དབུས་རྒྱུད་ས་ཁུལ་དང་རྒྱང་ཐག་རིང་བའི་ཞང་ཞུང་བར་ལ་རིག་གནས་ ཀྱི་འབྲེལ་འདྲིས་དང་འབྲེལ་བ་ཡོད་པ་མཚོན་ཐུབ། ཆེད་མཁས་པས་(王侯)རྒྱལ་བློན་ཞེས་ཡི་གེ་འཁོད་ཅིང་འདབ་ཆགས་དང་དུད་འགྲོའི་གཟུགས་རིས་ཅན་གྱི་དར་གོས་ཧྲུལ་བོ་ནི་ད་བར་དུ་མདོ་དབུས་མཐོ་སྒང་དུ་རྙེད་པའི་ཆེས་སྔ་བའི་དར་གོས་རེད་ཟེར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འབུམ་ རམས་པ་(仝涛)ཐོང་ཐའོ་ཡིས་འདི་སྐད། བང་སོ་དང་པོའི་ནང་དུ་ལི་ཆས་དང་། ནང་དང་པོའི་ནང་དུ་ལི་ཆས་དང་། ནང་ལོག་ དབུས་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རལ་གྲི། དེ་མིན་སྲོག་ཆགས་ཀྱི་རུས་པ་སོགས་དུར་རྒྱགས་འབོར་ཆེན་འདུག་ལ། དེའི་ནང་དུ་ཚོན་རིས་ཀྱིས་བྲིས་པའི་གསེར་གྱི་ཞལ་འབག་ཆུང་ཆུང་ཞིག་ཡོད་པ་ནི་རྩ་མདའ་དང་རྒྱ་གར་བྱང་མའི་ས་ཁུལ་དུ་རྙེད་པའི་གསེར་གྱི་ཞལ་འབག་གི་རིག་གནས་མ་ལག་དང་གཅིག་ཏུ་གཏོགས་པ་རེད། ཡོ་ཆས་དེ་དག་ནི་ས་གནས་དེ་དང་ཉེ་བར་འབྲེལ་བའི་རྩ་མདའ་ས་ཁུལ་དང་། ཤན་ཅང་ལྷོ་རྒྱུད། རྒྱ་གར་བྱང་རྒྱུད། དེ་མིན་ནང་ལོགས་དབུས་རྒྱུད་ས་ཁུལ་བཅས་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་ཆེན་པོ་ཞིག་ཡོད་པ་མངོན་པར་མཚོན་ཐུབ་པ་དང་།
  མདོ་དབུས་མཐོ་སྒང་གི་ཆེས་སྔ་ཤོས་ཀྱི་རིག་གནས་ལྟེ་གནས་ནང་གི་གཅིག་ཡིན་པ་ར་ སྤྲོད་བྱུང་སྟེ། དེ་ནི་ཞང་ཞུང་མངའ་ཁོངས་ཀྱི་ལྟེ་གནས་སུ་གཏོགས་པས་ད་གཟོད་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་འདི་ལྟ་བུ་བྱུང་བ་ཡིན་སྲིད་ཅེས་ཟེར། ཐེངས་འདིའི་གནའ་རྫས་རྟོག་དཔྱོད་རུ་ཁག་གིས་བང་སོའི་ཉེ་འགྲམ་གྱི་རི་མགོའི་ མཁར་གདོང་གི་ཤར་ངོས་ལ་ས་ཐིག་རིས་བྲིས་དང་ཚོད་སློག་བྱས་ཤིང་། གནས་ཤུལ་འདི་ནི་ཕལ་ཆེར་ཞང་ཞུང་རྒྱལ་རབས་སྐབས་ཀྱི་མཁར་ཁྱུང་ལུང་དངུལ་མཁར་གྱི་མཁར་ཤུལ་ཁག་ཅིག་ཡིན་པར་བཞེད་པ་མ་ཟད་ད་ལྟའི་མཁར་ཤུལ་གི་བརྩེགས་འོག་ཏུ་དེ་ལས་སྔ་བའི་བརྩེགས་པ་ཞིག་ཡོད་པ་མཐོང་བས་མཁར་ཤུལ་ལ་དུས་རིམ་སྔ་རྗེས་གཉིས་སུ་ཡོད་པར་ཁ་ཚོན་བཅད་པ་རེད། གནའ་རྫས་རྟོག་དཔྱོད་པ་རྣམས་ཀྱི་བཞེད་པ་ལྟར་ན། མཁར་བརྩེགས་པའི་རྒྱུ་ཆ་དང་རིམ་པའི་སྟེང་ནས་བལྟས་ན་སྔ་མོའི་མཁར་གྲོང་མ་བརྩེགས་པའི་ཡར་སྔོན་དུ་འཚོ་སྡོད་བྱེད་པའི་དུས་ཡུན་ཤིན་ཏུ་རིང་བོ་ཞིག་འདུག་པས། མཁར་གདོང་གི་གནའ་ཤུལ་ནི་མིག་སྔའི་བར་དུ་བོད་ལྗོངས་སུ་རྙེད་པའི་མཁར་ཤུལ་ཆེས་སྔ་ཤོས་ཡིན་ཅིང་། བདག་ཉར་བྱས་པ་ཆེས་ལེགས་པ་དང་རིག་གནས་ཧ་ཅང་གྱ་ནོམ་པའི་མཁར་ཤུལ་ཞིག་ཀྱང་ཡིན་པ་རེད། ཞང་ཞུང་ནི་བོད་ལྗོངས་ཀྱི་གནའ་བོའི་ལོ་རྒྱུས་ཁྲོད་ཀྱི་རྒྱལ་རབས་ཞིག་ཡིན་ལ། ཧ་མ་སྤྱི་ལོའི་དུས་རབས༧སྐབས་སུ་ཐུ་བྷོད་རྒྱལ་རབས་ཀྱིས་དབང་སྒྱུར་བྱས་པ་ཞིག་རེད། མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་དང་གླང་ཆེན་ཁ་འབབ་འབབ་ཡུལ་ནི་ཞང་ཞུང་གི་དཀྱིལ་སྙིང་ས་ཁུལ་ཡིན་ལ་འདི་རུ་བོན་ལུགས་དང་ཡི་གེ གསོ་བ་རིག་པ་སོགས་གཏིང་ཟབ་པའི་ཞང་ཞུང་རིག་གནས་དར་ནས་བོད་ཀྱི་ཤེས་རིག་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་བཟུང་ཡོད་པ་རེད།
  བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ་ (李 林辉)ལིས་ལིན་ཧའེ་ཡིས།དེ་ལྟར་བང་སོའི་བདག་པོར་རྒྱུ་ནོར་ལོངས་སྤྱོད་ངེས་ཅན་དང་ སྤྱི་ཚོགས་ཀྱི་གོ་གནས་ངེས་ཅན་ཞིག་ཡོད་པ་རྟོགས་ཐུབ་པ་མ་ཟད།བོན་ལུགས་ཀྱི་འབྱུང་ཁུངས་དང་དཀྱིལ་སྙིང་ས་ཁུལ་ཡིན་པ་ཡང་རྟོགས་ཐུབ་པར་འདོད།ཐེངས་འདིའི་སྔོག་འདོན་གྲུབ་འབྲས་ནི་ཟུར་ཙམ་ཞིག་ཡིན་ལ། ལོ་རྗེས་མར་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་ཁུལ་འདི་རུ་སྲུང་སྐྱོབ་རང་བཞིན་གྱིས་གཞི་རྒྱ་སྔར་ལས་ཆེ་བ་དང་ཡོངས་ཁྱབ་ཀྱི་སྔོག་འདོན་བྱས་ནས་སྔར་ལས་ཁ་གསལ་པོའི་སྒོ་ནས་བང་སོ་འདི་དག་དང་འཐའ་འཁོར་གྱི་ཤེས་རིག་བར་གྱི་འབྲེལ་བ་གཏིང་ཟབ་པའི་སྒོ་ནས་འཚོལ་ཞིབ་བྱས་ཏེ་འདི་ལས་གལ་ཆེ་བའི་གནའ་རྫས་སྔོག་པར་རེ་སྒུག་བྱ་བཞིན་ཡོད་པ་རེད། ཅེས་ཞིབ་འཇུག་ཆེད་མཁས་འབུམ་རམ་པ་ཐོང་ཐའོ། ལིས་ལིན་ཧའི། དཔྱད་གཏམ་ཅུང་བསྡུས་ཏེ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་སྤེལ་བའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1