༄༅།། ལས་ལ་ཞུགས་པའི་ལམ་གྱི་སྣང་ཚུལ།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-27


  ཨེ་མ་ཧོ། །འདི་ནས་ཉི་མ་ཤར་རིའི་རྩེ་མོ་ནས། །ལྷོ་ནས་ནུབ་ཏུ་བགྲོད་པའི་ཉིན་མཚན་བར།  །ཉི་ཤུ་རྩ་བཞིའི་དུས་ཀྱི་ཡོ་ལངས་སུ། །གློག་རྟ་འཕྲུལ་རྟ་རླངས་འཁོར་རྐང་འཁོར་སོགས། །འགྱོགས་པའི་བང་ཁ་འགྲན་པའི་གནས་འདི་རུ། །གཅིག་སེམས་གཅིག་ལསས་བྲེལ་བའི་འདུ་འཕྲོའི་ངང། །ལུས་སེམས་སྒོར་མོའི་དཀྲུག་པའི་འདེགས་མགྱོགས་སུ། །རེ་བའི་བསམ་པར་སྙིང་ལ་མནག་པ་ཡིས། །འདོད་པ་རྒྱབ་ཏུ་སྐྱུར་བའི་ལམ་བར་ནས། །མི་འདོད་ཐོག་ཏུ་བབས་པའི་ལས་སྣང་གི། །གསོན་པའི་འཇིག་རྟེན་འདི་རུ་བྱས་ཉེས་ཀྱིས། །ང་དང་ཁྱོད་ཀྱི་དལ་བའི་རྟེན་འདི་བརླགས། །ལུས་ཀྱི་ཤ་ཐང་ཆད་པའི་སྡོང་སྐམ་ལ། །དབུགས་ཀྱི་འབྱིན་རྔུབ་རླུང་གིས་སྐུལ་བ་ཡི། །སེམས་སུ་སྒོར་མོ་སྒོམ་པའི་ཏིང་འཛིན་གྱིས། །ལས་དང་ཉོན་མོངས་ཉམས་རྟོག་ངང་གིས་འཕེལ། །ཆོས་ཀུན་སེམས་སུ་མེད་པར་ཐག་ཆོད་ཀྱང་། །མངོན་སུམ་མིག་གིས་ཡོད་པར་མཐོང་བའི་ཚེ། །རང་གི་དམ་བཅའ་རང་གིས་འཇིག་གྱུར་ཏེ། །ཡོད་མེད་བརྩོད་པའི་བདེན་ཁ་སུ་ལ་སྦྱིན། །ཨ་མ་མངོན་སུམ་མཐོང་བའི་བདེན་པ་དང་། །ཨ་མས་ལུས་འདི་སྐྱེད་པའི་དྲིན་ཆེན་སོགས། །མེད་དང་མ་ཡིན་སུས་ཀྱང་མི་སྨྲ་བས། །དྲང་སྲོང་ཆེ་མཆོག་ཁྱེད་ཀྱིའང་ཡོད་པར་བཞེད། །བདེན་གཉིས་རང་སར་བདེན་པའི་དོན་འདི་ལ། །ཐུགས་ཀྱི་དགོངས་པ་གཏད་པའི་གཟུར་བོའི་གཏམ། །ཀུན་རྫོབ་ཆོས་ལ་བཀུར་བར་མི་གདབ་པར། །ཡང་དག་རིགས་པའི་གཞུང་ལ་བརྩོན་པར་གཅེས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1