བོད་བཙན་པོའི་དུས་ཀྱི་ཁྲིམས་སྲོལ་ཁོད་སུམ་ཅུ་སོ་དྲུག་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


  ཁོད་སུམ་ཅུ་སོ་དྲུག་ལས་དང་པོ་བཀའ་ཡི་ཁྲིམས་ཡིག་དྲུག་ལ་ས་ཁུལ་གྱི་ས་མཚམས་  དང་། དམག་དོན་གྱི་སྒྲིག་གཞི། དཔོན་རིགས་ཀྱི་གོ་གནས་དང་ལས་འགན། ཞིང་འབྲོག་གི་ དབང་རིས།མིའི་སྤྱོད་བཟང་།འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི།རྗེ་བློན་གྱི་བླང་དོར་བྱ་བ་སོགས་འདུས་ཏེ།དེ་དག་ནི། 
1.ས་ཁུལ་ཁག་དང་དམག་དོན་གྱི་སྒྲིག་གཞི་ལམ་ལུགས་གཙོ་བོར་མཚོན་པའི་ཁྲི་རྩེ་འབུམ་གཞེར་གྱི་ཁྲིམས། 2.འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཙོ་བོར་མཚོན་པའི་འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། 
3.བྱ་བར་འོས་དང་མི་འོས་པ་སྟོན་པའི་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས།
4.ཁ་དྲག་ཞན་གཉིས་རྩོད་ན་བདེན་རྫུན་བརྟགས་པའི་མཐར་ཁ་དྲག་པ་མ་སྐྱེངས་ཤིང་ཞན་པ་ཡི་མ་ཆད་པར་གཅོད་པ་མདོ་ལོན་ཞུ་བཅད་ཀྱི་ཁྲིམས།
5.གཉིས་ཀ་ལན་པ་ལ་ཆད་པ་གཉིས་མཉམ་དུ་གཅོད་པ་དབང་ཆེན་བཅད་ཀྱི་ཁྲིམས།
6.གཉིས་ཀ་བདེན་པ་ལ་གཉིས་བདེན་དང་དགའ་གསུམ་དུ་གཅོད་པ་ཁབ་སོ་ནང་བའི་ཁྲིམས་དང་དྲུག་ཡིན།
དེ་དག་ལའང་དབྱེ་ན་མང་དུ་འགྱུར་ཏེ། དང་པོ་ཁྲི་རྩེ་འབུམ་གཞེར་གྱི་ཁྲིམས་ལའང་།    1.བོད་རུ་ཆེན་ལྔར་ཕྱེ་བ། 2.ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་བཅད་པ། 3.རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ། 4.གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད་པ། 5.ཞང་གསུམ་བློན་བཅས་ཀྱིས་དབུས་ཀྱི་འདུན་ས་འཛིན་པ། 6.དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་སོགས་ཡོད་པ་དང་། 
 གསུམ་པ་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ལ།  1.རྒྱལ་ཁྲིམས་བཅོ་ལྔ།  2.ཁྲིམས་ཆེན་བདུན།  3.མི་ཆོས་གཙང་མ་བཅུ་དྲུག་སོགས་བསྡོམས་ན་སོ་ བརྒྱད་དང་། དབྱེ་བ་ཞིབ་ཏུ་ཕྱེ་ན་ཡིག་ཚོགས་མང་བར་འགྱུར་བས་གཞན་ལས་ཤེས་པར་བྱ། 
གཉིས་པ་བཀའ་གྲོས་ཆེན་པོ་དྲུག་ལ་རྒྱལ་པོར་སྲི་ཞུ་ཇི་ལྟར་བྱ་བ་ལ་སོགས་པའི་རྒྱལ་ སྲིད་སྐྱོང་ལུགས་སྐོར་འདུས་པ་ཡིན་ཏེ། དེ་དག་ནི།  1.རྒྱལ་པོ་སྐུ་འཚོ་བའི་སྲི་ཞུར་བློན་པོ་ རྣམས་ཀྱིས་འབད་བརྩོན་བྱེད་དགོས་པ་དང་འབངས་རྣམས་ཀྱིས་ས་ཞིང་ཕྱུགས་རིགས་ སོགས་ལ་འཁྲི་བའི་དཔྱ་ཁྲལ་དུས་ཐོག་ཏུ་བླར་དབུལ་བ་སྟེ་རྒྱལ་པོར་འབུལ་དགོས་པ་རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་དབུལ་བ། 2.མི་དབང་ཤེས་ཅན་རྣམས་ཀྱི་གཉའ་ནས་གནོན་ཞིང་ འབངས་ཀྱི་ཐ་མ་ཉམ་ཆུང་རྣམས་ཀྱི་རྒྱབ་རྟེན་བྱས་ཏེ་སུས་ཀྱང་བརྙས་བཅོས་བྱེད་མི་ཆོག་པ་འཁོས་སུ་ཕབ་པར་གནས་འཇུག་པ་རྒོད་ཀྱི་གཉའ་མནན་ཞིང་ཡང་ཁེང་གི་རྒྱབ་བརྟེན་པ། 3.བྲན་གཡོག་དམག་ཏུ་མི་བཀོལ་ཞིང་བུད་མེད་ཀྱིས་སྲིད་དབང་ལ་ཐེ་ཇུས་མི་བྱེད་པ་ ཁེང་རྒོད་དུ་མི་གཏོང་ཞིང་མོ་བཙུན་བཀའ་ལ་མི་གདགས་པ། 4.མཐའ་བཞིའི་ས་མཚམས་སྲུང་བ་དང་འབངས་ཀྱི་ཞིང་ལས་ཐོན་སྐྱེད་ལ་མི་འཚེ་བར་བྱེད་པའི་ས་མཚམས་སྲུང་ཞིང་འབངས་ཀྱི་ཚལ་ཞིང་རྟ་དཀྱུས་ཀྱིས་མི་གཅོད་པ། 5.ཕྱིའི་དགྲ་བོ་རྣམས་མ་ལུས་པར་འདུལ་དགོས་པ་དང་ནང་དུ་འབངས་ཀྱི་འཚོ་ཚིས་ལ་ལྟ་སྐྱོང་སོགས་འབངས་རྣམས་བདེ་བར་སྐྱོང་དགོས་པ་ཕྱིའི་དགྲ་འདུལ་ཞིང་འབངས་སྐྱོང་བ།  6.འབངས་རྣམས་ཀྱིས་དུས་རྟག་ཏུ་དགེ་ བ་ལས་མི་དགེ་བ་མི་བྱེད་པར་དགེ་བཅུ་སྒྲུབ་ཅིང་མི་དགེ་བ་བཅུ་སྤོང་གི་ཁྲིམས་དང་དྲུག་གོ ། 
གསུམ་པ་ཡིག་ཚངས་དྲུག་ལ་སྐབས་དེའི་བློན་པོ་སོགས་ཀྱི་གོ་གནས་ཆེ་ཆུང་དང་བྱས་རྗེས་ཅན་ལ་གཟེངས་སུ་བསྟོད་པ་སོགས་འདུས་པ་ཡིན་ཏེ།  དེ་དག་ནི།  རབ་གསེར་གཡུ་ གཉིས།  འབྲིང་དངུལ་ཕྲ་མེན།  ཐ་མ་ཟངས་ཡིག་དང་ལྕགས་ཏེ་དྲུག་པོ་འདི་ཡིན་ལ།  《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས། དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་
པོ།  དགུང་བློན་འབྲིང་དང་ནང་བློན་ཆེན་པོར་གཡུ་ཡིག་ཆུང་ངུ་། དགུང་བློན་ཐ་ཆུང་དང་ནང་བློན་འབྲིང་།     བཀའ་བློན་ཆེན་པོ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་ བློན་འབྲིང་ལ་གསེར་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་ལ་ཕྲ་མེན། ཆོས་གྲྭའི་སློབ་དཔོན་དང་      སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ ཡི་གེ་ཆེན་པོ། སྐུ་འཚོ་བའི་བོན་པོ།  གཟིམ་མལ་རྩིག་མཁན།  བྱང་ཐང་གི་ས་མཁན།  མཐའི་སོ་ཁ་སྲུང་བ། སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ།  ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ་ སྟོང་དཔོན་རུ་དཔོན་སོགས་ཟངས་ཡིག གཡུལ་དུ་དཔའ་བ་ལ་ལྕགས་ཡིག ཡང་ཐ་ཤིང་སྐྱ་ ཆུ་རིས་ཀྱི་ཡི་གེ་ལ་བྲིས་ཏེ་འབངས་ཕལ་བ་རྣམས་ལ་གནང་སྐད་དོ་ཞེས་པ་ལྟར་ཡིན་ནོ།  ། 
   བཞི་བ་བཀའ་ཡི་ཕྱག་རྒྱ་དྲུག་ལ་རྒྱལ་པོས་ཆབ་སྲིད་སྐྱོང་སྐབས་མཛད་རྗེས་བསུབ་ཏུ་ མེད་པ་རྣམས་ཀྱི་ནང་ནས་ཀྱང་གཙོ་བོ་མཚོན་པར་བྱེད་པ་སོགས་འདུས་པ་ཡིན་ཏེ། དེ་དག་ནི།  1.རྒྱལ་པོའི་བཀར་བཏགས་ཀྱི་ཕྱག་རྒྱ་སྟེ་བཀའ་ཡིག་མཚོན་པར་བྱེད་པ་བཀའ་ཤོག་གི་ སྒྲོམ་བུ། 2.བཙན་པོའི་དམག་དཔོན་ཆེན་པོ་མཚོན་པར་བྱེད་པར་རུ་མཚོན་མཐོན་པོར་སྒྲེང་བ་སྟེ་ཁྲོམ་རྟགས་ཀྱི་ཕྱག་རྒྱ་རུ་མཚོན།  3.བཙན་པོ་གང་དུ་བཞུགས་པ་མཚོན་བྱེད་དུ་སྐུ་ མཁར་སོགས་བརྩིགས་པ་ཡུལ་རྟགས་ཀྱི་ཕྱག་རྒྱ་སྐུ་མཁར།  4.དམ་པའི་ཆོས་སྤེལ་བར་ མཛད་པ་ལ་གཙུག་ལག་ཁང་སོགས་བཞེངས་དགོས་པ་ཆོས་རྟགས་ཀྱི་ཕྱག་རྒྱ་ལྷ་ཁང་།  5.གཡུལ་དུ་བྱས་རྗེས་བཞག་པར་སྟག་ལྤགས་ཀྱིས་གཟེངས་སུ་བསྟོད་པ་དཔའ་རྟགས་ཀྱི་ ཕྱག་རྒྱ་སྟག་སློག6.རྒྱལ་སྲིད་སྐྱོང་བར་མཁས་ཤིང་མཛངས་པ་ལ་གཡུ་དང་གསེར་གྱི་ཡིག་ཚངས་ཀྱིས་ གཟེངས་སུ་བསྟོད་པ་མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚངས་དང་དྲུག་གོ ། 
   ལྔ་བ་རྒྱལ་ཁབ་ཀྱི་བྱ་བར་བྱས་རྗེས་བཞག་པའམ་བྱ་ངན་བྱས་པ་རྣམས་ལ་སྤྱི་ཚོགས་ ཀྱིས་གདེང་འཇོག་བྱེད་པ་ལྟར་བཟང་བོའི་རྐྱེན་དང་ངན་པའི་རྐྱེན་དུ་དབྱེ་བ་རྐྱེན་དྲུག་སྟེ།  དེ་དག་ནི།  1.དཔའ་བའི་རྐྱེན་དུ་གུང་དང་སྟག་གི་སློག་པ།  2.ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས།  3.མཛངས་པའམ་ཤེས་ལྡན་མི་སྣའི་རྐྱེན་དུ་ཡིག་ཚངས།  4.སྡར་མའི་རྐྱེན་དུ་མགོ་ལ་ཝ་ཞུ།  5.མ་རབས་གཡུང་བོའི་རྐྱེན་དུ་ཐུགས་དང་བོན།  6.ངན་པའི་རྐྱེན་དུ་རྐན་མ་དང་དྲུག་གོ ། 
   དྲུག་པ་རྒྱལ་ཁམས་བདེ་འཇགས་དང་མཐའི་སོ་ཁ་སྲུང་བ་ལ་སོགས་པའི་བྱས་རྗེས་ཅན་གྱི་བློན་པོའམ་དཔའ་བོ་ལ་གཟེངས་བསྟོད་པ་དཔའ་མཚན་དྲུག་སྟེ།  དེ་དག་ནི། སྟག་སྟོད་ སྟག་སྨད་གཉིས།  ཟར་ཆེན་ཟར་ཆུང་གཉིས།  གོང་རས་སྟག་སློང་གཉིས་ཏེ་དྲུག་གོ །  དེ་དག་ ཀྱང་རིམ་བཞིན་བྱས་རྗེས་ཆེ་ཆུང་ལ་གཞིགས་ཏེ་དཔའ་མཚན་དྲུག་པོ་སྟེར་སྲོལ་ཡོད་པར་གསུངས་སོ།  ། 
  དེ་ལྟར་ཁོད་སུམ་ཅུ་སོ་དྲུག་པོ་འདི་དག་བཙན་པོའི་དུས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཅུང་འཐུས་ཚང་ཞིག་ཡིན་པར་མ་ཟད།    ཏུན་ཧོང་གི་གཏེར་ནས་ཐོན་པའི་རི་དྭགས་ རྒྱག་པའི་ཁྲིམས་དང་། ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས། བརྐུས་པ་འཇལ་གྱི་ཞལ་ལྕེ་སོགས་ཕལ་ཆེར་ཁོད་སོ་དྲུག་གི་ནང་གསེས་ཁྲིམས་ཆེན་བདུན་གྱི་ཁོངས་སུ་གཏོགས་ལ། དེར་མ་བསྡུས་པ་ད་དུང་གཉེན་བྱེད་ཚིས་ཀྱི་ཞལ་ལྕེ།    ཉེ་བུ་འདུམ་ཆོས་ཀྱི་ཞལ་ལྕེ་སོགས་ཀྱང་ བཙན་པོའི་དུས་སུ་གཏན་འབེབས་གནང་བའི་ཁྲིམས་ཡིག་གི་ནང་གསེས་ལྟ་བུར་ཡོད་པ་ ཤེས་དགོས་པར་མ་ཟད། ཁྲིམས་ཡིག་གཏན་འབེབས་གནང་བ་འདིའི་ཐོག་ནས་བོད་བཙན་པོའི་སྐབས་ཀྱི་ཆབ་སྲིད་དང་། དམག་དོན། ཐོན་སྐྱེད་འཕེལ་རྒྱས་སོགས་ཀྱི་ཐད་ལ་ནུས་པ་ག་འདྲ་ཐོན་ཡོད་པ་སོགས་ལོ་རྒྱུས་དེབ་ཐེར་གཞན་ལས་ཤེས་པར་བྱའོ།  །  
   ད་ལྟ་ང་ཚོས་བོད་གནའ་རབས་ཀྱི་ཁྲིམས་ཡིག་ཅུང་ཆ་ཚང་བ་ཞིག་མཐོང་ཐུབ་པ་ནི་ དུས་རབས་བདུན་པའི་སྐབས་ཏེ། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་གཏན་ལ་ཕབ་པའི་ཁོད་སུམ་ཅུ་སོ་དྲུག་ཅེས་པ་དེ་ཡི《བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས》ཞེས་པ་ལས། རྒྱལ་པོས་བོད་འབངས་ཀུན་བསྡུས་ཏེ་ལུགས་གཉིས་ཀའི་བཀའ་ཁྲིམས་ཆེན་པོ་བཅའ་བར་བཞེད། རྒྱལ་པོས་ལོ་བཞི་ལ་མཚམས་མཛད་ནས་ཡི་གེ་ལ་སོགས་པའི་རིག་གནས་སྦྱངས་པས་འབངས་རྣམས་ན་རེ། རྒྱལ་པོ་ལོ་བཞི་ལ་ཕོ་བྲང་ནས་ཕྱིར་མི་འབྱོན་པས་གླེན་པ་ཞིག་ཡིན་པར་འདུག བོད་བདེ་བ་བློན་པོ་རྣམས་ཀྱིས་བྱས་ཟེར་བ་གསན་པས། ང་གླེན་པར་ བརྩིས་ན་བོད་མི་ཐུལ་དགོངས་ཏེ་འབངས་རྣམས་བསྡུས་ནས།   ང་འཕོ་སྐྱས་མ་བྱས་པར་ཕོ་ བྲང་དུ་བསྡད་ན་འབངས་རྣམས་བདེ་བ་ཡིན་ཏེ།  རྒྱལ་པོ་གླེན་པར་འདུགརྒྱལ་ཁམས་བདེ་བ་བློན་པོས་བྱས་ཟེར་བ་དེ་མ་ཡིན། བློན་པོ་ངས་བསྒོ་བ་ཡིན། ད་ནི་ངས་རྒྱལ་ཁྲིམས་ཆེན་པོ་བཅའ་དགོས་ཞེས་གསུངས་ནས་བཀའ་ཡི་ཁྲིམས་ཡིག་དྲུག བཀའ་གྲོས་ཆེན་པོ་དྲུག ཡིག་ཚངས་དྲུག   བཀའི་ཕྱག་རྒྱ་དྲུག    རྐྱེན་དྲུག      དཔའ་མཚན་དྲུག་སྟེ་ཁོད་སུམ་ཅུ་སོ་དྲུག་གཏན་ལ་ཕབ་པར་གྲགས་སོ།  ། དེ་ལ་ཁོད་ཅེས་པ་ནི《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཞེས་པ་ལས། སྔར་གྱི་ལོ་རྒྱུས་དེབ་ཐེར་ནང་ཁོད་ཅེས་པའི་ཡི་གེའི་དག་ཆར་རྗེས་འཇུག་ད་དང་ས་བྱས་པ་གང་རུང་དུ་སྣང་བར་ད་ཕན་ངེས་པ་རྙེད་པའི་ཚིག་འགྲེལ་ཞིག་ མི་འདུག་པས།  སྐབས་འདིར་དཔྱད་གཞིའི་ཆེད་དུ་ཚིག་འགྲེལ་ཙམ་ཞུ་ན།  རྗེས་འདུག་ད་ ཡོད་པའི་ཁོད་ཅེས་པ་ནི་ཁོད་སྙོམས་པའམ།  ཆ་སྙོམས་པ་སྟེ་ཉེ་རིང་མེད་པར་ཁྲིམས་སྲོང་དྲང་བོར་བཅོས་པའི་དོན་ལ་གོ་དགོས། རྗེས་འཇུག་ས་སྦྱར་བའི་ཁོས་ཞེས་པ་ནི་དགས་བྱའི་དངོས་པོ་ཁོས་ཤིག་ཅེས་པ་ལྟར་བོད་ཧྲིལ་བོའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་། དབང་བའི་ས་ ཁུལ། ཁྲིམས་དང་ཀུན་སྤྱོད་སོགས་བྱ་གཞག་གི་རིམ་པ་མཐའ་དག་སོ་སོར་འབྱེད་དགོས་པའི་བཙན་པོས་བཀས་བསྐུལ་བའི་བརྡ་མཚོན་ཡིན་པར་གོ་དགོས་སྙམ་ཞེས་པ་ལྟར་གོ་བ་ལེན་དགོས། 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1