༄༅། རྣམ་དབྱེ་ཞེས་པའི་ཐ་སྙད་ཀྱི་ཁུངས་དང་གོ་དོན་ལ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-09


   
  སློབ་དཔོན་གྱིས་མཛད་པའི་སུམ་རྟགས་ཀྱི་རྩ་གཞུང་གཉི་གར་རྣམ་དབྱེ་ཞེས་པའི་ཐ་སྙད་མ་མཛད་པ་ལ་བརྟགས་ན། རྣམ་དབྱེ་ཞེས་པའི་ཐ་སྙད་འདི་ཕྱིས་ཀྱི་ལོ་ཙཱ་བ་དག་གིས་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བར་མངོན་ལ། ཡིན་ནའང་ཆེས་ཐོག་མར་སུས་བསྒྱུར་བ་ནི་ད་ལྟ་ད་དུང་གཅིག་གཅོད་བྱེད་མི་ནུས་མོད། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བའི་ལོ་ཙཱ་བ་ལྕེ་ཁྱི་འབྲུག་མཆོག་གིས་མཛད་པའམ་བསྒྱུར་བར་གྲགས་པའི་བསྟན་བཅོས་གནས་བརྒྱད་ཆེན་མོའི་རྩ་འགྲེལ་ལས། བིབྷཀྟ་ཞེས་བྱ་བ་ནི་རྣམ་པར་འབྱེད་པའི་དོན་ཡིན་ཞེས་འབྱུང་བས་བིབྷཀྟ་ནི་ལེགས་སྦྱར་ནཱ་ག་རའི་སྐད(vibhakti)ཞེས་པ་དེ་སྒྲ་བསྒྱུར་བྱས་པ་ཡིན་ལ། སྒྲ་དེ་ཉིད་དོན་བསྒྱུར་གྱིས་སྐབས་དེ་ཤེད་ནས་ང་ཚོ་བོད་ལ་རྣམ་དབྱེ་ཞེས་པའི་ཐ་སྙད་འདི་བྱུང་བར་སྙམ་མོད། ཡིན་ནའང་སྐབས་དེར་རྣམ་དབྱེ་ཞེས་པའི་ཐ་སྙད་འདི་ད་དུང་གཏན་ཆགས་དར་ཁྱབ་མིན་པ་ནི་དུས་རབས་དགུ་པའི་དུས་དཀྱིལ་ཙམ་ལ་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་སྐད་ལས་ཚུར་བསྒྱུར་བར་གྲགས་པའི་རྣམ་དབྱེ་བརྒྱད་ཀྱི་དཔེར་བརྗོད་ཀྱི་མགོར་རྣམ་དབྱེའི་ཚིག་ལེའུར་བྱས་པ་ཞེས་མ་བརྗོད་པར། འཇུག་པའྀ་སྒྲ་བརྒྱད་བསྟན་པ་ཚིག་ལེའུར་བྱས་པ་ཞེས་བཀོད་ཡོད་པ་ལས་རྟོགས་ནུས་ལ། དེར་མ་ཟད་དུས་རབས་བཅུ་གཉིས་པའི་མཇུག་ཙམ་ལ་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་མཛད་པའི་སྒྲ་བསྒྱུར་རྩ་གཞུང་ཉེ་བར་བསྒྱུར་བ་ཉི་ཤུའི་འགྲེལ་བ་དང་། ཡི་གེའི་མདོ། ཡི་གེའི་མདོའི་འགྲེལ་བ། རྒྱ་གར་གྱི་སློབ་དཔོན་ཆོས་སྐྱོང་གིས་མཛད་ལ་ཐར་ལོས་བསྒྱུར་བ་སོགས་སུའང་རྣམ་དབྱེ་ཞེས་པའི་ཐ་སྙད་མི་འབྱུང་བ་སོགས་ལས་ཤེས་ཐུབ་ལ། དེའི་རྗེས་ཙམ་ལ་བྱུང་བའི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རྣམ་དབྱེའི་ཚིག་ལེའུར་བྱས་པ་ཞེས་ཡང་བསྐྱར་རྣམ་དབྱེའི་ཐ་སྙད་མཛད་ཡོད་པས། དུས་དེ་ཙམ་ནས་རྣམ་དབྱེ་ཞེས་པའི་ཐ་སྙད་འདི་གཏན་ཆགས་སུ་སོང་བར་མངོན་ནོ།། དེས་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་འཇུག་པའི་སྒྲ་བརྒྱད་ཞེས་པ་དང་རྣམ་དབྱེ་བརྒྱད་ཞེས་པའི་ཐ་སྙད་འདི་གཉིས་ལ་ངེས་པར་འདྲ་འབྲེལ་གྱི་རྒྱུ་མཚན་ཞིག་ཡོད་སྲིད་ལ། རྣམ་དབྱེ་ཞེས་པའི་ཐ་སྙད་ལ་མཚན་ཉིད་འཇོག་ལུགས་དང་དམ་ནས་འབྲེལ་ཡོད་པའང་ཤུགས་ཀྱིས་རྟོགས་ནུས་པས། གཤམ་ནས་བདག་གིས་རྣམ་དབྱེའི་མཚན་ཉིད་འཇོག་ལུགས་ལ་རགས་ཙམ་དཔྱད་པར་བྱ་སྟེ། ལེགས་པར་སྦྱར་བའི་སྐད་ལ་རྣམ་དབྱེ་མཐའ་ཅན་ཚིག་གོ། རྣམ་དབྱེ་མེད་པ་ནི་མིང་ངོ་།། ཞེས་འབྱུང་པ་ལྟར། ལེགས་སྦྱར་གྱི་རྣམ་དབྱེའི་མིང་བིབྷཀྟ་ཞེས་པ་ནི། སི་ཨོོ་ཛསྲ། ཨམྲ་ཨོོ་ཤསྲ། ཊཱ་བྷྱཱ་བྷིས། ངེ་བྷྱཱ་བྷྱས། ང་སིབྷྱཱ་བྷྱས། ངསྲ་ཨོསྲ་ཨཱམྲ། ངིཨོསྲ་སུཔྲ་བཅས་ལ་གོ་བ་ལས། དེ་བ་དང་གྷ་ཊ་ལྟ་བུའི་མིང་ལ་གོ་བའི་སྐབས་ནམ་ཡང་མེད་པ་དང་། བོད་ལ་ནི་བུམ་པ་དང་ཀ་བ་ལ་སོགས་མིང་རྐྱང་ཁོ་ན་རྣམ་དབྱེ་དང་པོ་ཡིན་ཞེས་འགྲེལ་མཛད་མཁན་པོ་མང་དག་ཅིག་གིས་བརྗོད་མོད། སློབ་དཔོན་གྱིས་མིང་རྐྱང་ཁོ་ན་རྣམ་དབྱེ་ཡིན་ཞེས་གང་དུའང་གསུངས་མེད་པས། རྣམ་དབྱེ་དང་པོའི་སྐོར་ནི་སྐབས་རྗེས་མར་བཤད་པར་བྱ་ལ། མ་ཟད་ང་ཚོ་བོད་ལ་ནི་ལེགས་སྦྱར་ལྟར་རྣམ་དབྱེའི་མཐའ་ཅན་ཚིག་ཏུ་འགྱུར་བའི་ངེས་པའང་མེད་དེ། ལེགས་པར་བཤད་པ་དང་རྒྱལ་བའི་སྲས་པོ། དཔྱིད་ཀྱི་ཕོ་ཉ་སོགས་མིང་དུ་གྲུབ་པའང་བགྲང་གིས་མི་ལངས་པས་ལེགས་སྦྱར་སྐད་ཀྱི་རྣམ་དབྱེའི་མཚན་ཉིད་ཇི་བཞིན་ང་ཚོ་བོད་ལ་མི་འབྱོར་བ་རྟོགས་སླའོ།། དེས་ན་གང་འདྲ་ཞིག་ལ་བོད་པའི་སྐད་ལུགས་དང་མཐུན་པའི་རྣམ་དབྱེ་ཟེར་ཞེ་ན།ཡིག་བཤད་མཁས་པའི་ཁ་རྒྱན་དུ།  ངག་གཞན་རྣམ་དབྱེ་བརྒྱད་པོ་གང་རུང་གི་གནས་སྟོན་བྱེད་དུ་རྣམ་པར་དབྱེ་བར་བྱ་བའི་སྒྲ་དེ་རྣམས་རྣམ་དབྱེའི་མཚན་ཉིད། ཅེས་དང་། ཐོན་མིའི་ཞལ་ལུང་དུ།  ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་དེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་བའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ། སོགས་གསུངས་ཏེ་ང་ཚོས་ཀྱང་དེ་བཞིན་དུ་བྱ་མོད། དེ་ལྟར་ན། གཅིག་ནས་རྣམ་དབྱེ་དང་པོ་བུམ་པ་ལྟ་བུ་ལ་སྒྲའི་ཆ་ཤས་སུ་གྱུར་བའི་ཚིག་ཕྲད་དེ་ཉིད་བསྟན་དུ་མེད་པ་དང་། གཉིས་ནས་རྣམ་པར་འབྱེད་བྱེད་ཀྱི་ཕྲད་ཙམ་ལ་རྣམ་དབྱེ་ཞེས་བརྗོད་རུང་ན། སུ་དང་དུ། ན་དང་ལ། ར་དང་རུ་ལ་སོགས་རྐྱེན་རྐྱང་པ་རེ་རེ་ནས་རྣམ་དབྱེ་གང་དང་གང་ཡིན་བརྗོད་དགོས་སོ།། གསུམ་ནས་རྣམ་དབྱེའི་རྐྱེན་དུ་ཞུགས་པས་རྣམ་དབྱེར་བརྗོད་རུང་ཟེར་ན། ས་ལུད་དྲོད་གཤེར་རྣམ་ཀྱང་མྱུ་གུར་ཐལ་ཏེ། མྱུ་གུའི་རྐྱེན་དུ་གྱུར་བའི་ཕྱིར་རོ།། དེས་ན་འདིར་རྐྱེན་དང་རྐྱེན་ཅན་མ་ཕྱེས་པར་གཅིག་ཏུ་བཟུང་བའི་སྐྱོན་ཏུ་སྣང་སྟེ། སྒྲ་གཞུང་རྣམས་ནས་རྣམ་དབྱེ་དེ་དག་གི་ས་ཞེས་བསྟན་ལ། རང་གཞུང་ལས་ཀྱང་། དེ་དག་ཨི་སྦྱར་འབྲེལ་བའི་ས་ཞེས་པས་ཤེས་སོ།། དེས་ན་ལ་དོན་དང་འབྲེལ་བའི་ས་ལ་སོགས་པ་དེ་དག་ནི་རྣམ་དབྱེའི་རྐྱེན་ཡིན་གྱི་རྣམ་དབྱེ་དངོས་ནི་མ་ཡིན་ཏེ། རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ལ་རྣམ་དབྱེའི་རྐྱེན་དེ་དག་བསྟན་དུ་མེད་པས་ཤེས་སོ།། འོ་ན་རྣམ་དབྱེའི་མཚན་ཉིད་ཇི་ལྟར་འཇོག་ཅེ་ན། དཔེར་ན། བུམ་པ་ཞེས་པ་ལྟ་བུ་རྣམ་པར་དབྱེ་བྱའི་མིང་ངམ་སྒྲ་གཅིག་ལ་རྣམ་པར་འབྱེད་བྱེད་ཀྱི་ཕྲད་འོ་དང་གང་ལ་སོགས་པ་སྦྱར་ཚེ་བུམ་པའོ།། བུམ་པ་གང་ལྟ་བུར་གྲུབ་པས།བུམ་པ་དེ་ཉིད་བརྗོད་པར་བྱ་བའི་ལམ་མམ་ཡུལ་དངོས་ཀྱི་ཕྱོགས་སུ་འཁྲིད་པས་རྣམ་དབྱེ་དང་པོ་སྟེ། ཆོས་དངོས་སུ་འགྱུར་བ་དང་། ཡང་དེ་ལ་རྣམ་པར་འབྱེད་བྱེད་ཀྱི་ཕྲད་སུ་སོགས་སྦྱར་བས། བུམ་པ་ཞེས་པའི་སྒྲ་དེ་ཉིད་བྱ་བའི་ཡུལ་སྟོན་པའི་གནས་དང་། དགོས་ཆེད་ཀྱི་གནས། རྟེན་གཞིའི་གནས་སུ་འཇུག་པ་དང་། ཡང་དེ་ཉིད་ལ་རྣམ་པར་འབྱེད་བྱེད་ཀྱི་ཕྲད་འི་དང་འིས་ལ་སོགས་པ་སྦྱར་ཚེ་བུམ་པ་ཞེས་པའི་སྒྲ་དེ་འབྲེལ་བ་དང་བྱེད་པའི་གནས་སུ་འཇུག་པ་དང་། དེ་དག་གི་ཐོག་མའམ་མཐའ་མའི་དང་པོར་ཀྱེ་སོགས་སྦྱར་བས། འབོད་པའི་ཡུལ་ལམ་གནས་སུ་གྱུར་པ་སྟེ། བུམ་པ་ཞེས་པའི་མིང་ངམ་སྒྲ་གཅིག་དོན་རྣམ་པ་བརྒྱད་དུ་འགྱུར་བས་རྣམ་དབྱེ་བརྒྱད་ཞེས་པའམ་གནས་བརྒྱད་དུ་འཇུག་པས་འཇུག་པའི་སྒྲ་བརྒྱད་ཞེས་བྱ་སྟེ།  རྣམ་པར་དབྱེ་བ་ནི་བརྒྱད་ཁོ་ན་ཡིན་ལ། དེ་ཉིད་ལ་གནས་བརྒྱད་དུ་དབྱེ་བ་ཞེས་བྱའོ། ཞེས་གསུངས་པ་ལྟར་རོ།། མདོར་ན་རྣམ་དབྱེ་ཞེས་པ་ནི། གནས་བརྒྱད་ཆེན་མོར། དེ་སྒྱུར་བྱེད་ཀྱི་ཡི་གེ་ཉི་ཤུ་རྩ་གཅིག་དང་སྒྲ་ཙམ་དུ་ཕྲད་ནས་སྒྲ་གཅིག་ཐམས་ཅད་ལ་འགྱུར་རུང་བའི་དོན་ནི། བི་བྷཀྟ་ཞེས་བྱ་བ་རྣམ་པར་དབྱེ་བའི་དོན་ཡིན་གྱི་ཞེས་དང་།  དེ་ལྟར་བསྒྱུར་བ་བདུན་བོད་པ་དང་བརྒྱད་ལ་རྣམ་པར་དབྱེ་བ་ཡིན་ནོ།། ཞེས་གསུངས་པ་ལྟར། རྣམ་པར་དབྱེ་བྱའི་མིང་ངམ་སྒྲ་གཅིག་ལ་རྣམ་པར་འབྱེད་བྱེད་ཀྱི་རྐྱེན་དག་སྦྱར་ཚེ་སྒྲ་གཅིག་དོན་རྣམ་པ་བདུན་དང་བོད་པ་དང་བརྒྱད་དུ་འགྱུར་བས་ན་རྣམ་དབྱེ་ཞེས་བརྗོད་དོ།། ཡིན་ནའང་། བུམ་པའོ།། ལག་ན་རྡོ་རྗེའོ།། ཀུན་ཏུ་བཟང་པོའོ།། དབྱུག་གུ་ཅན་ནོ།། ལེགས་པར་བཤད་པའོ།། ལྟ་བུར་རྣམ་དབྱེའི་རྐྱེན་དང་ཚིག་ཕྲད་ཞུགས་ཤིང་མིང་ཟུར་གྱིས་ཁྱད་པར་གྱི་ཆོས་འགའ་སྟོན་མོད་ཀྱི། དོན་གྱི་སྤྱི་ལྡོག་ནས་མིང་དོན་སྟོན་པའི་སྐབས་ཡིན་པས། རྣམ་དབྱེ་དང་པོའི་ཁོངས་སུ་ཤེས་དགོས་ལ། དེ་བས། བདག་གིས་བསམ་ན་རྣམ་དབྱེ་ལ་དོན་གྱི་ངོ་བོ་སྟོན་པ་དང་དོན་གྱི་ལྡོག་ཆ་སྟོན་པའི་རིགས་གཉིས་སུ་ཕྱེས་ན་ལེགས་པར་སེམས་ཏེ། དཔེར་ན། ལེགས་པར་བཤད་པའོ་དང་ཀུན་ཏུ་བཟང་པོའོ་ལྟ་བུ་སོགས་ནི་དོན་གྱི་ཆ་ནས་མིང་དོན་གྱི་ངོ་བོ་སྟོན་པའི་རྣམ་དབྱེ་དང་པོ་ཡིན་དེ། ལེགས་བཤད་ཀྱི་མིང་ཙམ་སྟོན་པའི་ཕྱིར། དེ་བཞིན་དུ་དཔེར་བརྗོད་དེ། རྣམ་པའི་ཆ་ནས་དེ་ཉིད་ཀྱི་དཔེ་རུ་འགྱུར་བའི་སྐབས་ཀྱང་ཡོད་པའི་ཕྱིར་རོ།།
    མཚོ་སྔོན་བོདཡིག་གསར་འགྱུར། 2014.05.30.17.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1