༄༅།། 《གླིང་སྒྲུང》ལས་ཧོར་དཀར་ནག་སེར་གསུམ་གྱི་རུས་རྒྱུད་མཆེད་ཁུངས་སྐོར་རོབ་ཙམ་གླེང་བ།
དབང་མོ་མཚོ། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། རྩེར་སྙེག སྤེལ་དུས། 05-16
དེ་ཡང་འཛམ་གླིང་སྟེང་ཆེས་རིང་བར་གྲགས་པའི་སྙན་རྩོམ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི། བོད་མི་རིགས་ཀྱི་བློ་གྲོས་རྩལ་ལས་ཐོན་པའི་འཚོ་བའི་ཉིང་བཅུད་དེ། ད་ལྟའི་རྒྱལ་ཁབ་ཕྱི་ནང་དང་ཡང་ན་འཇིག་རྟེན་སྟེང་གི་མགོ་ནག་ཡོངས་ལ་ཕུལ་བའི་བཅུད་འཛོམས་གཡང་ལྡན་གྱི་ཟས་ནོར་ཐུན་གཅིག་ལགས་པས། རྒྱ་བོད་སོག་གསུམ་གྱི་མཁས་པ་བགྲེས་གཞོན་གང་མང་གིས་འདིའི་ཕྱོགས་ཀྱི་དཔྱད་པའི་འདུ་འཛི་ལ་རོལ་ཏེ་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་དང་ལེན་བཞིན་ཡོད། ཡིན་ནའང་འདིའི་ཁྲོད་གནས་པའི་རུས་རྒྱུད་མཆེད་ཁུངས་དང་དེ་འབྲེལ་གྱི་གནད་དོན་གང་མང་ཞིག་གནའ་ནས་ད་ལྟའི་བར་ཐག་གཅོད་དཀའ་བའི་དཔྱད་གཞི་རྙོག་འཛིང་ཅིག་ཡིན་པས། གལ་ཏེ་མི་སུ་ཞིག་གིས་འདིའི་སྐོར་ལ་གསལ་ཁ་ཐོན་ཞིང་ཡིད་རྟོན་རུང་བའི་སྡོམ་ཚིག་ཅིག་འགོད་ཐུབ་པར་བྱུང་ན། ང་ཚོས་ལོ་རྒྱུས་སྙན་རྩོམ་འདི་དང་བོད་ཀྱི་ལོ་རྒྱུས་བར་ལ་ཕན་ཚུན་ཁ་གསབ་དང་ཕན་ཚུན་བདེན་དཔང་བྱེད་པའི་ཕན་ནུས་རྒྱ་ཆེན་པོ་བསྐྲུན་ཡོད་པས། འདིར་《གླིང་སྒྲུང》ལས་འཕྲོས་པའི་སྣ་མང་རྙོག་འཛིང་གི་མི་རིགས་འབྲེལ་བ་གཞིར་བྱས་ཏེ། ཧོར་གུར་དཀར་དང་གུར་སེར། གུར་ནག་གསུམ་གནའ་བོའི་རུས་རྒྱུད་གང་ལ་གཏོགས་པར་ངོས་འཛིན་རགས་ཙམ་བྱས་ཡོད་པ་ལས།
གཅིག ལོ་རྒྱུས་རྒྱབ་ལྗོངས་གཞིར་བྱས་ནས་བཤད་པ།
གླིང་སྒྲུང་རིག་གནས་ནི་མ་གཞི་རྙོག་དྲ་ཆེ་ཞིང་ཁྱབ་ཁོངས་ཡངས་པའི་རིག་གནས་མ་ལག་ཅིག་ཡིན་པས། གླིང་གེ་སར་རྒྱལ་པོ་རང་ཉིད་ཀྱང་ལོ་རྒྱུས་ཀྱི་མི་སྣ་ཞིག་དང་ཡང་ན་རྩོམ་རིག་གི་མི་སྣ་ཞིག་ཡིན་པའི་ཐད་ལ་ལྟ་བ་མི་མཐུན་པ་གང་མང་ཞིག་མཆིས། ཡིན་ཡང་དུས་རབས་གསར་བའི་འགྱུར་ལྡོག་ཁྲོད་གླིང་སྒྲུང་རིག་པའི་ཞིབ་འཇུག་ལ་ཁ་ཕྱོགས་པའི་མཁས་པ་མང་པོ་ལ་གཅིག་མཐུན་གྱི་ལྟ་བ་ཞིག་ཆགས་ཡོད་པ་ནི། གླིང་གེ་སར་རྒྱལ་པོ་དེ་བོད་ཀྱི་ལོ་རྒྱུས་ཐོག་དངོས་ཐོག་བདེན་འཚོལ་ཐུབ་པའི་མི་སྣ་དངོས་ཤིག་ཡིན་པར་ཁ་ཚོན་བཅད་པ་དེས། སྙན་རྩོམ་རིང་མོ་འདི་དང་བོད་མི་རིགས་ཀྱི་ལོ་རྒྱུས་བར་ལ་དངོས་འབྲེལ་ཟབ་མོ་ཡོད་པར་བདེན་དཔང་བྱེད་པའི་ཆ་རྐྱེན་ངེས་ཅན་ཞིག་བསྐྲུན་ཡོད་ལ། གེ་སར་རྒྱལ་པོའི་རྟོགས་བརྗོད་བཀོད་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོ་ཞིག་ད་དུང་མུ་མཐུད་དུ་མི་རྣམས་ཀྱིས་ཡང་ནས་བསྐྱར་དུ་ཟུར་ལྟའི་མ་གཞིར་འཛིན་ཞིང་། དེ་ལས་དཔྱད་གཞིའི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་མངོན་ཐུབ་པ་དཔེར་ན། 《ལེགས་བཤད་གཏེར་མཛོད།》 《ལྡོང་གི་མ་ཡིག་ལུང་བསྟན།》 《ཁམས་སྟོད་ལོ་རྒྱུས་གསུང་རྩོམ་སྟོད་ཆ།》 《ས་ཆེན་ཀུན་དགའ་སྙིང་པོའི་ལོ་རྒྱུས་རྒྱས་བཤད།》《ཡེར་བ་བཀའ་བརྒྱུད་ཀྱི་རྣམ་ཐར།》སོགས་འབྲེལ་ཡོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས། གླིང་གེ་སར་རྒྱལ་པོ་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བའི་མི་སྣ་ཞིག་ཡིན་པར་བདེན་དཔང་བསྩལ་ཡོད་པར་མ་ཟད། ཁོའི་འཁྲུངས་འདས་ཀྱི་དུས་རིམ་དང་འཁྲུངས་ཡུལ་དག་ཀྱང་གསལ་པོར་བཀོད་ཡོད་དེ། དེ་ཡང་སྤྱི་ལོ་1038ལོར་ཁམས་ཀྱི་ས་སྐྱིད་སོས་ཡག་གི་ཁ་མདོར་འཁྲུངས་པར་འདོད། རྒྱུ་མཚན་ནི། ས་སྐྱིད་སོས་ཡག་གི་ཁ་མདོ་ན་སྔོན་ཆད་གེ་སར་གྱི་ལྷ་ཁང་ཞིག་བཞེངས་ཡོད། ལྷ་ཁང་ནང་གླིང་གེ་སར་གྱི་ཁྲབ་རྨོག་མདའ་གཞུ། སྒ་མཐུར་སྲབ་གསུམ། ཞྭ་ལྷམ་ན་བཟའ་སོགས་དངོས་པོ་མང་པོ་ཡོད་པར་བཤད། 《འཁྲུངས་གླིང་མེ་ཏོག་ར་བ》ལས་ཀྱང་། ས་སྐྱིད་སོས་ཡག་གི་ཁ་མདོ་རེད། ཆུ་གཉིས་ཆབ་མ་བརྡབ་འདྲ། བྲག་གཉིས་མདའ་སྒྲོ་གཤིབ་འདྲ། སྤང་གཉིས་བལ་སྟན་བཏིང་འདྲ། བྲག་སྦལ་བ་འདྲ་བའི་རྩ་བ་ཞེས་བྲིས་ཏེ་གེ་སར་མཆོག་གི་འཁྲུངས་ཡུལ་བསྟན་ཞིང་། དེ་ནས་འཛམ་གླིང་གེ་སར་རྒྱལ་པོས་ཕྱོགས་བཞི་དགྲ་བཞི་བཏུལ་ཞིང་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་ཞེ་གཅིག་ཆམ་ལ་ཕབ་པའི་མཛད་འཕྲིན་ཡོངས་སུ་རྫོགས་རྗེས། སྤྱི་ལོ་1119ལོར་མགོ་ལོག་རྨ་ཆེན་གངས་རིའི་འདབས་ནས་ཕྱིར་མཁའ་དབྱིངས་སུ་གཤེགས་པར་གསུངས་པའི་ཚུལ་འདིར་བརྟགས་ན། སྔོན་བྱོན་མཁས་པ་དག་གིས་ལོ་རྒྱུས་ཀྱི་གླེགས་བམ་ཇི་འདྲ་ཞིག་གི་ཞིབ་བསྡུར་ཁྲོད་ནས་རིགས་འདེད་དང་རྗེས་དཔག་བྱས་པ་ཚོར་ཞིང་། དེ་ལས་ར་སྤྲོད་བྱུང་བའི་དངོས་དོན་དེ་དག་ཁུངས་བཙུན་ཞིང་ཡང་དག་པའི་སྡོམ་ཚིག་ཁོ་ན་ལགས་པས། ང་ཚོ་ཕྱི་རབས་པ་རྣམས་ལ་ལོ་རྒྱུས་ཀྱི་བདེན་དོན་འཚོལ་བའི་དཔྱད་གཞི་ཉག་ཅིག་བསྐྲུན་ཡོད།
དེར་ཡང་ཧོར་གྱི་རྒྱལ་སའམ་ཧོར་གུར་དཀར་རྒྱལ་པོའི་ཕོ་བྲང་ཡ་རྩེ་མཁར་དམར་གྱི་ཆགས་ཡུལ་ལ་རྒྱུས་ལོན་རགས་ཙམ་བྱེད་དགོས་ན། ཐོག་མར་ཧོར་གླིང་གཉིས་ཀྱི་ས་མཚམས་སམ་ཡང་ན་མངའ་ཁོངས་ཀྱི་ས་རྒྱ་ཕལ་ཆེར་ཙམ་ཞིག་བློ་ལ་ངེས་དགོས་ཏེ། བཤད་ཚུལ་ལྟར་ན། ད་ལྟའི་ཟི་ཁྲོན་ཞིང་ཆེན་གྱི་སྡེ་དཔོན་གླིང་ཚང་རྒྱལ་པོ་ནི་གླིང་སེང་ཆེན་གྱི་རྒྱལ་རྒྱུད་རེད་ཅེས་མཁས་དབང་དམུ་དགེ་བསམ་གཏན་སོགས་ཀྱིས་གསུངས་ཡོད་ལ། ད་དུང་གླིང་ཚང་རྒྱལ་པོའི་རྒྱལ་ས་དེ་ན་གླིང་གེ་སར་གྱི་སྦྲ་ཤུལ་དང་གོ་མཚོན། འཁོར་གསུམ་སོགས་ཡོད་པར་གསུངས་འདུག གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཞིང་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་པའི་གཡུལ་སའི་ཤུལ་ཡང་མགོ་ལོག་རྨ་ཆེན་གངས་འདབས་གཙོར་བྱས་བོད་ཡུལ་ཕལ་ཆེ་བར་ཁྱབ་ཡོད་པ་དེས། གླིང་གི་མངའ་ཁོངས་སྤྱི་ཁྱབ་ནས་ངོས་བཏགས་གསལ་བོ་བགྱིས་ཡོད་དེ། དེ་ཡང་ད་ལྟའི་མཚོ་སྔོན་གྱི་མགོ་ལོག་དང་ཡུལ་ཤུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ། སི་ཁྲོན་ཞིང་ཆེན་གྱི་རྔ་བ་དང་དཀར་མཛེས། བོད་རང་སྐྱོང་ལྗོངས་ཀྱི་ཁྲིན་ཏུ་དང་ནག་ཆུ། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་སོགས་ཡིན་པར་རིགས་འདེད་བྱེད་ཆོག་ལ། ད་དུང་གླིང་ཡུལ་གྱི་ས་མཚམས་དང་སྐབས་དེའི་མི་རིགས་ཀྱི་ཟེར་སྒྲོས་སུ་གྱུར་པའི་རུས་རྒྱུད་འདྲེས་མའི་མི་རིགས་ཏེ། ཧོར་གྱི་རུས་རྒྱུད་ཚོ་བའི་ཁྱབ་ཁོངས་བར་ལ། 《གེ་སར་སྒྲུང་གི་དཔྱད་གཏམ་འདེམ་སྒྲིག》ལས། དེ་ཡང་འཁོར་གྱི་རྫ་རྒྱུད་ཅེས་པ་ནི་རྫ་སྤང་འཐབ་པའི་གཡང་རི་ཡར་སྣེ་ཨ་ཆེན་ལུང་དམར་ལ་ཟུག་ཡོད་པ་དང་། མར་སྣེ་སྨུག་གི་སྤོང་ནས་བཟུང་སྟེ་ཁ་མདོ་ལ་ཟུག་ཡོད་པ་རེད། དེ་ཡང་སྔར་ཧོར་གླིང་གི་སྐབས་སུ་དེའི་ཚུར་ནང་གླིང་ཡུལ་དང་ཕར་ནང་ཧོར་ཡུལ་ཡིན་ལ། ད་ལྟའི་སྐབས་འདིར་ཚུར་ནང་དུག་ཐང་རྨ་སྟོད་ཀྱི་ས་སྟེ། མཚོ་སྐྱ་རེངས་སྔོ་རེངས་ཀྱི་མཚམས། འཁོར་གྱི་རྫ་རྒྱུད་ཚུར་ནང་དེར་གོ་ཞིང་། ཕར་ནང་མུས་པ་མཁན་པོའི་གསུང་བཞིན་སྟོད་ཨ་ཆེན་གངས་རྒྱུད་དང་འཁོར་གྱི་རྫ་རྒྱུད་ཀྱི་བྱང་ཕྱོགས་ཡུལ་གྲུ་དག་ལ་ངོས་འཛིན་པའི་དཔྱད་གཞི་འདི་དག་ལ་དབྱེ་ཞིབ་བྱེད་ན། ཧོར་གུར་དཀར་དང་གུར་སེར། གུར་ནག་གསུམ་ག་མདོ་དབུས་མཐོ་སྒང་གི་བྱང་ཕྱོགས་དང་བྱང་ཤར། ནུབ་བྱང་བཅས་ཀྱི་ས་དེར་འདུས་སྡོད་བྱས་ཡོད་པ་ཚོད་དཔག་བྱེད་ཐུབ།
བོད་ཀྱི་ལོ་རྒྱུས་ལས་ཧོར་ཞེས་པ་ནི་བྱང་ཕྱོགས་མི་རིགས་མི་འདྲ་བ་གང་མང་ལ་བཀོལ་བ་ཡིན་པས། འདས་སོང་གི་ལོ་རྒྱུས་ཁྲོད། མཁས་པ་རིམ་བྱོན་གང་མང་གིས་ཧོར་གུར་དཀར་དང་གུར་སེར། གུར་ནག་གསུམ་གའི་མི་རིགས་འབྱུང་རྩའི་སྐོར་ལ་མཐུན་མིན་གྱི་ལྟ་བ་མང་པོ་བཏོན་མྱོང་ལ། དེ་དག་ནི་བོད་མི་རིགས་ཀྱི་གནའ་བོའི་སྤྱི་ཚོགས་ཁྲོད་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་བྱུང་འགོ་བརྩམས་པ་ནས་གཅིག་མཐུན་བྱུང་མེད་སྙམ། རྒྱུ་མཚན་ནི་ཚོ་ཁག་རེ་རེའི་རུས་རྒྱུད་མཆེད་ཁུངས་དང་ཚོ་མིང་ད་རག་བར་གཅིག་མཐུན་བྱུང་མེད་པར་མ་ཟད། 《གླིང་སྒྲུང》ཞིབ་འཇུག་ལ་གཞོལ་བའི་མི་སྣ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ལྟ་བའང་མི་མཐུན་པ་གང་མང་བྱུང་དང་འབྱུང་སྲིད་པས། གལ་ཏེ་གླིང་སྒྲུང་རིག་པའི་བྱ་ལས་གཞོལ་བའི་སྒྲུང་བ་དང་ཡང་ན་ཆེད་མཁས་པ་ཚོས་དེང་ཐོག་ཉིད་ནས་ཧོར་དཀར་ནག་སེར་གསུམ་དེ་སྔོན་གྱི་རུས་རྒྱུད་ཚོ་ཁག་ག་གེ་མོ་ལས་མཆེད་པར་སྒྲུབ་བྱ་ནན་མོ་བཀོད་ཡོད་རྒྱུ་ན། ད་ལྟའི་རྙོག་འཛིང་གི་བཤད་ཚུལ་འདི་དག་བྱུང་མེད་ལ། ཡང་ཅིག་བཤད་ན་ཧོར་དཀར་ནག་སེར་གསུམ་གྱི་ཡུལ་སྲོལ་གོམས་འདྲིས་སོགས་ཁྱད་ཆོས་དུ་མ་གཞིར་བྱས་ཏེ་དེ་དང་འོས་འཚམ་གྱི་མིང་ཞིག་སྦྱར་ཡོང་མིན་དེ་ཡང་སྒྲུང་བ་ཞིག་གི་བློ་གྲོས་ཀྱི་རྩལ་ལ་རག་ལས།
གཉིས་པ། མི་རིགས་ཀྱི་མཆེད་ཁོངས་གཞིར་བྱས་ནས་བཤད་པ།
ང་རང་གིས་ཕྱོགས་གང་མང་ནས་ཞིབ་འདང་བརྒྱབ་ན། ཧོར་གུར་དཀར་དང་ཁོའི་འཁོར་ཚང་མ་ཡུས་ཀུའུ་རིགས(ཉྀིཏྚི)ལས་མཆེད་ཅིང་། ཧོར་གུར་སེར་དང་ཁོའི་འཁོར་ཚང་མ་ཉུའེ་ཀྲིན་རིགས(ཧྣཱཉྪོཏྚི)ལས་མཆེད་པ། ཧོར་གུར་ནག་དང་ཁོའི་འཁོར་ཚང་མ་འ་ཞ་རིགས་སྟེ་ཐུ་ཡུ་ཧུན(ཚྭཱིསིཾམཱུཾངྲཽཝོཏྚི)ལས་མཆེད་པར་འདོད་པས། གཤམ་ནས་འདིའི་སྐོར་ལ་རང་གི་བྱིས་བློའི་ལྟ་བ་ཙམ་བཏོན་པར་ཁྱེད་དཔྱོད་ལྡན་རྣམས་ཀྱིས་དགོངས་འཆར་འདོན་རོགས།
༡.ཧོར་གུར་དཀར་གྱི་སྐོར།
ཡུ་གུར་རིགས(ཀཱཾརྣྣ)ལ་སྔོན་ཆད་ཐའེ་ལུ(ལྱཱུཎྚྀ)ཞེས་འབོད། དེར་ཡང་དཔེར་ན《ཐང་ཡིག་རྙིང་མ་ཡུ་གུར་ལོ་རྒྱུས》ལས་ཡུ་གུར་ནི་བའེ་རྒྱལ་རབས་སྐབས་ཀྱི་ཐའེ་ལུར་འབོད་པའི་ཚོ་ཁག་ཞེས་པ་ནང་བཞིན། སྤྱི་ལོ་744ལོར་བྱང་ཕྱོགས་ཡུ་གུར་ཧན་རྒྱལ་ཁབ་གསར་དུ་བཙུགས་རྗེས་སྤྱི་མིང་ལ་ཡུ་གུར་ཞེས་འབོད་ལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས་དེར་ཧོར་ཞེས་ཟེར། རྒྱུ་མཚན་ནི། གླིང་གེ་སར་རྒྱལ་པོས་མི་ཡུལ་ནས་འཕྲིན་ལས་སྤེལ་བཞིན་པའི་སྒང་དེར། ཡུ་གུར་པ་དེ་དག་མཚོ་སྔོན་མཐོ་གཞོངས་ཀྱི་ནུབ་བྱང་གི་མཚམས་དང་ཞིན་ཅང་གི་ལྷོ་ཕྱོགས། ཀན་སུའུ་ཡི་ཏུན་ཧོང་། ཀན་ཀྲིག་བཅས་ཀྱི་ས་དེར་དར་ཁྱབ་ཅུང་ཆེ་བའི་མི་རིགས་ཤིག་ཡིན་པས། བོད་སྐད་ཀྱིས་ཧོར་ཐང(ཧཱངྨཱ:ཧོར་གྱི་དོན)ཞེས་པའི་མིང་འདི་ཡང་དེར་བརྟེན་ནས་གྲུབ། གནའ་རབས་བོད་ཀྱི་ལོ་རྒྱུས་ཡིག་ཚངས(P.H.1294)ལྟར་ན། ཞང་བློན་དང་བློན་བཙན་རབས། བློན་སྟོང་བཙན་བཅས་ཀྱིས་དམག་ཁྲིད་དེ་ཡུ་གུར་རིགས་ཀྱི་སྒར་སར་བཙན་འཛུལ་བྱས་ཞེས་པ་འདི་དང་། གླིང་སྒྲུང་ཁྲོད་གླེང་བཞིན་པའི་ཧོར་ཞེས་པའི་མིང་གཉིས་ཧ་ཅང་ཐོད་ཐུག སྐབས་དེར་ཡུ་གུར་དང་བོད་གཉིས་བར་ལ་ཕན་ཚུན་བཙན་འཛུལ་གྱི་འཐབ་འཁྲུག་གང་མང་བྱུང་མྱོང་སྟེ། དཔེར་ན་རྒྱའི་ལོ་རྒྱུས་དེབ་ཐེར་ནང་དུ། བོད་དམག་གིས་ཀའེ་ཚུ(ཥུཎྴོ)ཞེས་པའི་ས་དེ་ཡོངས་སུ་བསྐོར་བ་ལ། ཐར་ཁུ་ཧན་གྱིས་དམག་ཁྲིད་དེ་ཁོ་ཚོར་རོགས་སྐྱོབ་བྱས་པས། བོད་དམག་ལ་ཕམ་ཁ་བཟོས། ཞེས་བཀོད་ཡོད་ལ། དེའི་རྗེས་སུ་ཡུ་གུར་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ་དམག་དཔོན་འགའི་འགོ་བཅད་པ་མ་ཟད། འཕྲོ་དམག་ཚང་མ་བྱང་ཕྱོགས་ཀྱི་མཚམས་བར་དུ་བསྐྲད་ཅིང་། མི་རྒྱུ་ཐམས་ཅད་ཕྲོགས་ཞེས་པའི་ཚིག་དེས། 《ཧོར་གླིང་གཡུལ་འགྱེད།》སྟོད་ཆའི་ཁྲོད་ཀྱི་མ་སེང་ལྕམ་འབྲུག་མོ་གེ་སར་བདུད་འདུལ་བར་སོང་ཤུལ་ནས་ཧོར་གུར་དཀར་དམག་གིས་བཙན་གྱིས་འཕྲོག་ཅིང་། ཞོར་དུ་གླིང་གི་རྒྱུ་ནོར་གང་མང་ཞིག་ཀྱང་ཧོར་ལ་འཁྱེར་སོང་བའི་བྱུང་རིམ་དང་ཆ་འདྲ་བའི་སྣང་ཚུལ་དེ་བློ་ཐོག་ཏུ་འཆར་འོངས་ལ། ད་རུང་《ཧོར་གླིང་གཡུལ་འགྱེད།》སྨད་ཆ་ལས། བྱེ་མ་ཉག་གི་ཚུར་ཐོ་ལ། ། ཐོག་བཙན་ཕྱི་ཡི་སྒོ་སྲུང་ཡོད། ། བྱེ་མའི་ལམ་རྒྱུད་སྲུང་མི་ལ། ། རྫ་ཡི་བུ་མོ་གཡུ་མཚོ་ཡོད། ། ཧོར་ལ་བྱེ་མའི་གཞུང་དྲུག་ལ། ། ཉུལ་མ་སྟོང་འཁྱམས་སྣང་ནག་ཡོད། །ཅེས་བཀོད་པའི་ཧོར་གྱི་བྱེ་ཐང་དེ་དང་། རྒྱའི་ལོ་རྒྱུས《ཐང་ཡིག་རྙིང་མ་ལི་ཅེའུ་པུའུ་ཡི་རྟོགས་བརྗོད།》ལས། སྤྱི་ལོ813ལོའི་ཟླ་བཅུ་བར། ཡུ་གུར་ཚོ་བས་ལྷོ་ཕྱོགས་བྱེ་ཐང་བརྒྱུད། ལུའེ་ཀུའུ་ནུབ་མཁར་ལེན་དུས་བོད་ཡུལ་བརྒྱུད་དེ་སོང་། ཞེས་པའི་ཁྲོད་ཀྱི་ལྷོ་ཕྱོགས་བྱེ་ཐང་བརྒྱུད་གཉིས་ཀྱི་ནང་དོན་མ་བསྒྲིགས་རང་འགྲིག་གིས་ཐོད་ཐུག་ཡོད། གཞན་ད་རུང་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི《མདོ་སྨད་ཆོས་འབྱུང་།》དང་ཡུལ་དེའི་ས་བསྟོད་ལས་ཀྱང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་དེར། བློན་སྟག་དགྲ་ཀླུ་ཀོང་གིས་བྷཎྚ་ཧོར་གྱི་སྒོམ་སྡེ་བཅོམ་ཞིང་། རྒྱལ་པོའི་རྒྱལ་སྲས་དང་བསེ་ལྕགས་ཁྲབ་རྨོག་བཅས་པ་འཕྲོག ཅེས་བཀོད་ཡོད་པར་གཞིགས་ན། དེ་ནི་ཧོར་གླིང་འཐབ་པའི་མཐའ་མར་གླིང་གེ་སར་རྒྱལ་པོས་ཧོར་གུར་དཀར་གྱི་སྲས་དང་བཅས་པ་རྩ་མེད་དུ་བཏང་བའི་སྒྲུང་གི་བྱུང་རིམ་དངོས་ཡིན་ཀྱང་སྲིད།
ཧོར་གླིང་གཡུལ་འགྱེད་ཀྱི་ནང་དོན་དང་ཆ་འདྲ་བར། ལོ་རྒྱུས་དེབ་ཐེར་ལ་ལས་ཡུ་གུར་རིགས་ཀྱི་མི་སྐོར་ཞིག་བོད་པར་གྱུར་མྱོང་བར་གསུངས་སྟེ། དཔེར་ན《ཐང་ཡིག་རྙིང་མ་ཡུ་གུར་ལོ་རྒྱུས།》ལས། ཡུ་གུར་རྟ་དམག་དང་དམག་དཔོན་སྐོར་ཞིག་གིས་བོད་ལ་མགོ་འཛུལ་ཞིང་། སྐོར་ཞིག་གིས་ཨན་ཤིའི(ཚཊྲེ)ལ་མགོ་འཛུལ་ཞེས་པ་དང་། ཞིན་ཅང་ལྷོ་མའི་མོའུ་ལན་དང་མ་བཀྲ་ཐཱ་ཀི་ནས་ཐོན་པའི་བོད་ཀྱི་དཔེ་རྙིང་ལས། བོད་དམག་གིས་ཡུ་གུར་པ་དེ་དག་བཙན་དྲག་གིས་བཀོད་འདོམས་བྱས་པའི་ལོ་རྒྱུས་ཟིན་ཐོ་སྟེ། བོད་དུ་གྱུར་ཟིན་པའི་ཡུ་གུར་ཚོ་ཁག་ཅང་མཱའི་སྐོར་ཞེས་པ་སོགས་ལ་བལྟས་ན། སྐབས་དེའི་ཡུ་གུར་ཚོ་བ་དེ་དག་ནི་འཐབ་འཁྲུག་གི་ཁྲོད་ནས། བོད་ལ་མགོ་བཏགས་པའི་སྐོར་དང་ཡང་ན་འཐབ་འཁྲུག་ཁྲོད་བོད་དམག་གིས་བཙན་གྱིས་འཕྲོག་འོངས་པ་དག་ཡིན་པར་སྙམ་སྟེ། གང་ལྟར་ཧོར་གླིང་གཡུལ་འགྱེད་ཁྲོད་གླིང་དམག་གིས་ཧོར་དམག་ཕམ་པར་བརྒྱབ་ཏེ་མི་རྒྱུ་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས་པའི་བྱུང་རིམ་དང་གཅིག་མཚུངས་ཡིན་པ་རྟོགས་ཐུབ། སྐབས་དེར་བོད་ལ་རྒྱབ་རྟེན་བཅོལ་ཡོད་པའི་ཡུ་གུར་རིགས་ཀྱི་སྡོད་གནས་གཙོ་བོ་ཀན་ཀྲིག(ཤྀ)དང་ལེང་ཀྲིག(ངྔྷ)གི་ས་དེ་དག་ཡིན་ལ། ཐང་རྒྱལ་རབས་མཇུག་གི་ཀན་ཀྲིག་ཧོར་གྱི་སྲིད་གཞུང་ཡང་ཁོ་རང་ཚོ་གཙོར་བྱས་ནས་བཙུགས་པ་ཞིག་ཡིན། སྔོན་ཆད་ཡུས་ཀུའུ་རིགས(ཉྀིཏྚི)ཀྱིས་སངས་རྒྱས་ཆོས་ལུགས་དང་དད་པ་མི་བྱེད་ཅིང་། ད་ལྟ་ཡོངས་ཀྱིས་སངས་རྒྱས་ཆོས་ལུགས་ལ་དད་པར་མ་ཟད། རྒྱུན་སྲོལ་གོམས་འདྲིས་མང་ཆེ་ཤོས་ཀྱང་བོད་ཀྱི་ཆ་ལུགས་དང་ཕལ་ཆེར་མཚུངས་པའི་རྒྱུ་མཚན་ཡང་། སྙན་རྩོམ་རིང་མོ་འདིའི་ཁྲོད། མི་སྣ་གཙོ་བོ་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་རིམ་བཞིན་ཆམ་ལ་ཕབ་པའི་མཛད་འཕྲིན་ཁྲོད་ཆོས་ལུགས་གྲུབ་མཐའི་འཐབ་རྩོད་དེ་སྒྲུང་གི་ཐོག་མཐའ་བར་གསུམ་གྱི་རྐང་ལྟ་བུ་ཡིན་པས། ཆོས་ལུགས་དད་མོས་ཀྱི་འགྱུར་བ་དང་བསྟུན་ནས་ཡུལ་སྲོལ་གོམས་འདྲིས་སོགས་ལའང་ཚད་ངེས་ཅན་གྱིས་ཤུགས་རྐྱེན་ཐེབས་སྲིད་པ་ལྟར་རོ། །ད་ལྟའི་ཡུས་ཀུའུ་རིགས་ཀྱིས་རང་ལ་ཡུས་ཝུའུ(ཀླིཾརཱི༑)ཞེས་འབོད་པ་དང་། བོད་སྐད་ཀྱིས་ཁོ་ཚོར་ཧོར་ཞེས་འབོད་པ་གཉིས་སྒྲ་གདངས་ཀྱི་ཆ་ནས་གཅིག་མཚུངས་ཡིན་པ་དེ་ཡང་གོང་གི་རྒྱུ་རྐྱེན་དག་ལ་རག་ལས་པར་སྙམ།
དེ་ལྟར་ཧོར་གུར་དཀར་གྱི་འབྱུང་ཁུངས་ལ་དབྱེ་ཞིབ་རགས་ཙམ་བགྱིས་པའི་ཁྲོད་ནས། གླིང་སྒྲུང་ཁྲོད་བོད་རྒྱལ་རབས་རིམ་བྱུང་གི་གཡུལ་འཁྲུག་གཞན་པ་དག་ཚུར་དྲངས་ཏེ་ལོ་རྒྱུས་སྙན་རྩོམ་འདིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ཀན་ཀྲིག་ཧོར་གྱི་སྲིད་གཞུང་དེ་ཧོར་གུར་དཀར་གྱི་སྲིད་ལྟེ་ཡིན་པར་བདེན་དཔང་བྱེད་ཐུབ་ལ། གཞན་ཀན་སུའུ་ཞིང་ཆེན་ནུབ་རྒྱུད་ཀྱི་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་ས་དེར་ཡང་ཡ་རྩེ་མཁར་དམར་གྱི་རྗེས་ཤུལ་སྟེ། བྲག་བརྐོས་མཆོད་རྟེན་དང་ལྷ་སྐུ་ལྡེབས་རིས་སོགས་ངོ་མཚར་ཅན་མང་པོ་ཡོད་པ་མ་ཟད། བྲག་སྐེད་དེ་ན་གེ་སར་རྒྱལ་པོའི་ལྕགས་ཐག་ཁྲོ་ཕུར་གྱི་ཤུལ་ཡིན་ཟེར་བ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད། དེ་དང《ཧོར་གླིང་གཡུལ་འགྱེད།》ལས། གླིང་དམག་ཡ་རྩེ་མཁར་ལ་སླེབས། །ལྕགས་ཐག་མཁར་གྱི་རྩེ་ལ་དྲངས། །མཁར་ཁར་འགོས་ནས་ཧོར་དམག་བཅོམ། །ཞེས་པ་སོགས་ཡོངས་སུ་མཐུན། གཞན་གླིང་སེང་ལྕམ་འབྲུག་མོས་ཧོར་ཡུལ་ནས་རྒྱ་ཕྲུག་ཐང་རྙེད་ལ་གླིང་གི་ས་དཔྱད་དྲིས་པའི་སའི་བཀོད་པ་ཞིབ་འབྲི་དང་། གླིང་གེ་སར་གྱིས་ཧོར་ཡུལ་ཆམ་ལ་ཕབ་ཏེ་ཕྱིར་ལོག་པའི་ལམ་ཁའི་བསང་ཁྲི་དང་རྟ་ཕུར་སོགས་ཀྱི་ཤུལ་རྟེན་ངག་རྒྱུན་དག་གི་འདྲ་མཚུངས་ཀྱི་ཆ་དེ་ཡང་གོང་གི་བསྒྲུབ་བྱ་དེ་བདེན་དཔང་ཐུབ་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་བསྟེན་ཆོག དེར་བརྟེན། 《གླིང་སྒྲུང་།》ཁྲོད་ཧོར་གུར་དཀར་ཞེས་པའི་མིང་གི་བྱུང་བ་དང་ཡུ་གུར་རིགས་ཀྱིས་སྔོན་ཆད་སྦྲ་གུར་དཀར་པོ་ཕུབས་པའི་ལོ་རྒྱུས། ད་དུང་ཧོར་ཤན་པ་རྨེ་རུ་རྩེའི་མིང་དེ་ཡུས་ཀུའུ་རིགས་ཀྱི་སྐད་ལ་དོན་དངོས་ཀྱི་འགྲེལ་ཚུལ་ཡོད་པ་སོགས་ཀྱིས་ཧོར་གུར་དཀར་དང་ཁོའི་འཁོར་ཚང་མ་ཡུ་གུར་རིགས་སྟེ་ད་ལྟའི་ཡུས་ཀུའུ་རིགས(ཉྀིཏྚི)ལས་མཆེད་པར་དངོས་ཤུགས་གང་རུང་ནས་སྡོམ་ཚིག་བཀོད་ཆོག
༢.ཧོར་གུར་སེར་གྱི་སྐོར།
ཧོར་ཞེས་པ་འདི་བོད་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་ཁྲོད་བྱང་ཕྱོགས་མི་རིགས་མི་འདྲ་བ་གང་མང་ལ་སྦྱོར་བའི་འབོད་སྲོལ་སྤྱི་ཁྱབ་པ་ཞིག་ཡིན་པ་ལྟར། གླིང་གེ་སར་རྒྱལ་པོའི་སྐབས་དེར། ད་ལྟའི་ཞོན་ཧྭ་ས་ཆར་འཚོ་སྡོད་བྱས་པའི་བོད་རིགས་དེ"ཅིན་ཉུའེ་ཀྲིན(གྷུཧྣཱཉྪོ)རིགས་སུ་མ་གཏོགས་རང་གཏོགས་ཡིན། རྒྱུ་མཚན་ནི། ཅིན་རྒྱལ་རབས་མངའ་ཐང་དར་བའི་དུས་ཤིག་ལ། ད་ལྟའི་མཚོ་སྔོན་མཐོ་གཞོངས་ཀྱི་བྱང་ཤར་དང་ཤར་ལྷོའི་མཚམས་ཡོངས་རྫོགས་བདག་བཟུང་བྱས་མྱོང་སྟེ། དཔེར་ན། 《ཅིན་རྒྱལ་རབས་ཀྱི་ལོ་ཡུཾཊཽP8ཁྤ》འབྱམས་སུ་གྱུར་པའི་བཤད་སྲོལ་ཅིག་ལ། ཡུལ་དེའི་གསེར་ཤུལ་དགོན(ཙཽཾཀྡེ)ནི་གླིང་གེ་སར་རྒྱལ་པོས་ཧོར་བཏུལ་ཏེ་ཧོར་གྱི་ནང་བློན་ཆེས་གྲགས་འགའ་གུ་ཡངས་སུ་བཏང་བས། དེའི་རྗེས་རབས་པ་རྣམས་ཀྱིས་རྗེས་དྲན་གྱི་ཚུལ་དུ་བཏབ་པའི་དགོན་པ་ཞིག་ཡིན་ཟེར་བ་དང་། དཀར་མཛེས་ཁུལ་གསེར་རྟ་རྫོང་ན་ཧོར་གུར་སེར་རྒྱལ་པོ་གཞིས་ཆགས་པའི་ཤུལ་ཧོར་ཤུལ་ཞང་ཞེས་པ་ཞིག་ཡོད་པ་སོགས་ཤུལ་རྟེན་ངག་རྒྱུན་བགྲང་གིས་མི་ལངས་ཤིང་། གཞན་ད་དུང་ས་དེར་ཁྱབ་བརྡལ་དུ་གྱུར་པའི་རྡུང་ལེན་གྱི་གླུ་ཚིག་ལའང་དཀར་མཛེས་ཡ་དཀར་མཛེས། ས་དཀར་མཛེས་ཧོར་བའི་ཤུལ་ན་ཆགས། ཞེས་ཡོད་པ་སོགས་མདོར་ན། ཡུལ་དེ་ཧོར་གུར་སེར་གྱི་གཞི་གནས་ཡིན་པར་ཟུར་ཕྱོགས་གང་མང་ནས་བདེན་ལུགས་བསྩལ་ཡོད་ལ། ས་དེ་ཧོར་ཤུལ་ཡིན་པར་གཟི་བརྗིད་ཅིག་ཏུ་བསམས་ནས་དུས་ད་ལྟ་ད་དུང་རུས་རྒྱུད་ཚོ་ཁག་གི་མིང་མགོར་ཧོར་ཆེ་གེ་མོ་ཞེས་འཇོག་པའི་སྲོལ་དར་ཡོད་པ་འདི་ཡང་གོང་གི་ལོ་རྒྱུས་དག་ལ་རག་ལས་པར་སྙམ། དེ་ཡང་བོད་ཀྱི་རུས་རྒྱུད་ཚོ་ཁག་དེ་མ་གཞི་བརྟན་ཆགས་རང་བཞིན་ཅན་ཞིག་དང་གཡང་ལ་དད་ཞེན་དྲག་པའི་བསམ་བློའི་སྣང་ཚུལ་རང་ག་བ་ཞིག་ཡིན་པས། ཡུལ་དེ་གའི་རུས་མིང་ཚོ་མིང་ལ་ཧོར་སྦྱོར་བ་རྒྱུན་འཁྱོངས་བྱས་འདུག་པ་དེར་ཡང་ཡ་མཚན་དགོས་དོན་གཏན་ནས་མེད།
གཞན་ང་ཚོ་མཚོ་ཤར་ས་ཁུལ་གྱི་ཡ་གྱལ་ཞོན་ཧྭ་རྫོང་གི་མཐའ་འཁོབ་དེར་ཡང་གླིང་གེ་སར་གྱི་མཛད་པ་དང་འབྲེལ་བའི་ཤུལ་རྟེན་ངག་རྒྱུན་མི་ཉུང་བ་མཆིས་སྟེ། དཔེར་ན། ཞོན་ཧྭ་རྫོང་དང་ཐག་མི་རིང་བའི་ས་མཱིན་ཏཱ་ཞང(ཛྲཱིསྒཊྲཾ)གི་ཤར་ཕྱོགས་སྤྱི་ལེ་གཉིས་ཙམ་གྱི་ས་དེར། ངག་རྒྱུན་ལྟར་ན་གླིང་གེ་སར་གྱིས་སྦྲུལ་ནག་དུག་རལ་འབར་བ་འདུལ་སྐབས་ཀྱི་རྐང་རྗེས་དང་མཚོན་ཆ། སྦྲུལ་གྱི་ཁྲག་དམར་འཆོར་ཤུལ་སོགས་ཡིན་ཟེར་བའི་ཤུལ་རྒྱུན་ཡོད་ལ། པའེ་ཀྲོང་ཞང(རེཎྵཊྲཾ)གི་བྱང་ངོས་ཀྱི་རི་སྒང་ནའང་གླིང་གེ་སར་རྒྱལ་པོ་གེགས་རྐྱེན་ཞིག་ལ་འཕྲད་པར་སྤྲུལ་བ་འབྲུག་ལ་མཛད་དེ་ཡར་སྟེང་ཕྱོགས་ལྷ་ཡུལ་ལ་གཤེགས་ཁའི་རྡོ་སྟེགས་དང་རྡོ་ལྷམ། མཚོན་ཆ་བཅས་ཀྱི་ཤུལ་རྗེས་ཡིན་ཟེར་བའི་བཤད་རྒྱུན་ཡང་ཡོད། ད་དུང་ཧོན་ཆི་ཞང(ཕཱིདྠཊྲཾ)ནས་ཀ་རིང་ཞང(ཐྷལླྀཾཊྲཾ)ལ་འགྲོ་བའི་ལམ་མཚམས་དེར་ཡང་གླིང་གེ་སར་གྱིས་ཞབས་ཟུང་བྲག་གཉིས་རྩེ་ལ་བཅགས་ཏེ་བར་འཁྱིལ་དྭངས་མོ་ཆུ་དེ་བཞེས་ཟེར་བའི་རྫིང་བུ་ཞིག་དང་། འདོ་བ་རྐྱང་རྒོད་གཡེར་བ་བཏགས་ཤུལ་ཡིན་ཟེར་བའི་བྲག་དམར་ཀ་རིང་ལྟ་བུ་ཞིག་ཀྱང་ཡོད། རྒྱ་སྐད་ཀྱིས་ས་དེར། ཐྷལླྀཾ ཞེས་འབོད་པའང་ཀ་རིང་ཞེས་པའི་སྒྲ་ཟུར་ཆགས་པ་ཡིན་ནོ། །ཞོན་ཧྭ་རྫོང་གི་ལྷོ་ཕྱོགས་དང་ཀན་སུའུ་ཞིང་ཆེན་འདྲེས་མཚམས་སུ་ཆགས་པའི་བསང་ཆུ་རྫོང་གི་གཡས་འགྲམ་དེ་གླིང་གེ་སར་རྒྱལ་པོ་གཙོ་བྱས་གླིང་གི་ཕུ་ནུ་མིང་སྲིང་རྣམས་ཀྱིས་འཛམ་གླིང་སྤྱི་བསང་གི་ཆོ་ག་སྤེལ་སའི་ས་ཡིན་ཟེར་བ་མ་ཟད། གཞུང་དེ་ལའང་བསང་ཁྲི་ལུང་བ་ཞེས་པའི་མིང་ཆགས་ཡོད། དེར་མ་གཏོགས་པའི་གཞན་ད་དུང་དེང་གི་མཚོ་ཤར་ཞོན་ཧྭ་དང་ཧྭ་ལུང་། ལའོ་ཏུའུ་བཅས་བོད་ཀྱི་ས་ཆ་ལ་ལའི་ས་མིང་དང་ཚོ་མིང་ལ་བན་ཡན(ཕྭཱུཀྜཽ)ཞེས་འབོད་ལ། ས་དེ་གའི་བོད་མི་རྣམས་ཀྱིས་ལྔ་བ་ཡ་བཞིའམ་བ་མ་བ་བཞི་སྟེ། དབྱར་ཟླ་ལྔ་བའི་ཚེས་ལྔ་ཉིན་རང་ཁྱིམ་གྱི་སྒོ་ཆེན་སྟེང་ལ་སྡོང་བོའི་ཡལ་ག་ཆུང་ཆུང་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་སྲོལ་ཡོད་པ་དེ་ཡང་ཉུའེ་ཀྲིན(ཧྣཱཉྪོཏྚི)རིགས་ཀྱི་གོམས་སྲོལ་རྒྱུན་སྐྱོང་བཞིན་པའི་བཤད་སྲོལ་ཡོད། འདིར་དམིགས་སུ་བཟུང་ནས་བརྗོད་དགོས་པ་ཞིག་ལ། ད་ལྟའི་ཞོན་ཧྭ་རྫོང་གི་ནུབ་ཕྱོགས་སྤྱི་ལེ་ལྔ་བཅུ་ཡས་མས་ཀྱི་མཚམས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་དེར། གླིང་རྒྱལ་ཞེས་པའི་སྡེ་ཆེན་ཞིག་ཆགས་ཡོད། དེའི་ནང་དོན་ལྟར་འགྲེལ་ན་གླིང་ཕྱོགས་རྒྱལ་པའི་དོན་ཡིན་ལ། གོ་ཐོས་ལྟར་ན་དེ་ནི་ཧོར་གླིང་འཁྲུག་མཐར་གླིང་གིས་རྒྱལ་ཁ་བླངས་པའི་ས་ཡིན་པས། བཀྲ་ཤིས་གཡང་གིས་འཁྱིལ་བའི་འཕྲིན་ལས་ལ་རྗེས་དྲན་གྱི་ཚུལ་དུ་མིང་དེ་ཡུལ་དེར་མ་བཅོས་རྒྱུན་འབྱམས་སུ་གྲུབ་ཡོད་པར་གསུངས་སོ། །
སྔོན་བྱུང་ལོ་རྒྱུས་ལས་གསུངས་པ་ལྟར་ན། ཅིན་རྒྱལ་རབས་ནི་རིན་ཆེན་སྣ་ལྔ་ལས་གསེར་ལ་བརྩི་མཐོང་ཆེས་ཆེ་ཤིང་། ཉུའེ་ཀྲིན(ཧྣཱཉྪོཏྚི)རིགས་དེ་དེང་ཐོག་ཉིད་ནས་དར་གོས་སེར་བོར་དུང་ཞེན་ཆེ་བའི་མི་རིགས་ཤིག་ཡིན་ཟེར་བས། སེར་པོ་གསེར་དེ་རྒྱུ་ནོར་ལོངས་སྤྱོད་ཀུན་ལས་མཆོག་ཏུ་བརྩི་བའི་རྒྱལ་ཁབ་ཅིག་ལ་མཚོན་ན། རྒྱལ་བློན་གྲགས་ཆེན་དག་གིས་རང་རང་གི་དབང་གོ་ས་མཚོན་ཆེད་འཚོ་བའི་ཁྲོད་གསེར་གྱི་བཀོལ་སྤྱོད་ཅུང་ཆེ་བར་ཡོད་སྟེ། དཔེར་ན། སྤྱི་ལོ1988ལོར། ཧའེ་ལོན་ཅང(ཛཱེབྷཱིཊྲྀ)གི་ས་ཆ་ག་གེ་མོའི་གནའ་ཤུལ་མཁར་རྙིང་ཞིག་ལས། ཅིན་རྒྱལ་རབས་སྐབས་ཀྱི་ཆཱིས་གོ(ཌྷེཾཛྭ)རྒྱལ་པོ་བན་ཡན་ཡཱན(ཕྭཱུཀྜཽཀྑཾ)བཟའ་ཟླ་གཉིས་མཉམ་དུ་དུར་སྦས་བྱས་པའི་བང་སོའི་ཁྲོད་ནས། དར་གོས་སེར་པོས་བཟོས་པའི་སྨད་གཡོགས་ཤིག་རྙེད་ཅིང་། གཞན《མཱ་ཁུ་པའོ་ལའོ་ཡུལ་སྐོར་བརྗེད་ཐོ།》ཁྲོད་བཀོད་པ་ལྟར་ན། ཡོན་རྒྱལ་རབས་སྐབས་ཀྱི་དམག་སྒར་ཡང་དར་གོས་སེར་པོས་བཟོ་ཤིང་། དེར་མཛེས་ཤིང་ལྟ་ན་སྡུག་ལ་ཡུན་རིང་པོར་མདོག་མི་འགྱུར་བས། མཛེས་དཔྱོད་ཀྱི་ཁྱད་ཆོས་དང་བཀོལ་སྤྱོད་ཀྱི་རིན་ཐང་སྨྲ་མེད་པ་ཐོན་ཡོད་ཅེས་གསུངས་ཡོད། དེར་བརྟེན། ང་ཚོས་ཉུའེ་ཀྲིན(ཧྣཱཉྪོཏྚི)རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་སོགས་ལ་ཞིབ་འདང་བརྒྱབ་ན། ཅིན་རྒྱལ་རབས་ཀྱི་མི་རྣམས་ཀྱིས་རང་གི་གཞི་གནས་ཡོངས་རྫོགས་གསེར་གྱིས་བཏུམས་པའི་ངེས་པ་མེད་ནའང་། སྟོབས་འབྱོར་གྱི་ཆེ་ཆུང་དང་མཛེས་དཔྱོད་ཀྱི་ཁྱད་པར་ཞིག་ལས་རང་འདུག་སའི་སྦྲ་གུར་གྱི་སྟེང་འོག་བར་གསུམ་གང་རུང་ཞིག་ལ་གསེར་མདོག་གིས་སྤྲས་ཡོང་པ་ཁོ་ཐག་ཡིན། རྒྱུ་མཚན་ནི་རང་མངའ་ཁོངས་ཀྱི་རྒྱལ་ཁའི་ཆེས་ཐོག་མའི་མིང་ཅིན(གྷུ)ཡིག་ཡིན་པ་དེ་འབྲེལ་མེད་དོན་མེད་ཀྱི་མིང་སྤྱིར་བཏང་བ་ཞིག་མིན་པར། དེར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་འབྲེལ་ཡོད་པ་རྟོགས་ཐུབ། མདོར་ན། 《གླིང་སྒྲུང》ལས་གསུངས་པའི་ཧོར་ཡ་རྩེ་མཁར་དམར་གྱི་རྗེས་ཤུལ་ལ་ངོས་འཛིན་པའི་མཚོ་ཤར་ཞོན་ཧྭ་ས་ཆ་ནི། གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་འདུལ་བའི་འཕྲིན་ལས་སྤེལ་བཞིན་པའི་སྒང་དེར། ཅིན་རྒྱལ་རབས་ཀྱིས་དབང་སྒྱུར་ཡོད་པའི་ས་ཆ་ཞིག་ཡིན་ལ། ཡུལ་འདིའི་ཡ་རྩེ་མཁར་དམར་དེ་ཡང་ཧོར་གུར་སེར་རྒྱལ་པོའི་མཁར་ཡིན་པས། ཧོར་གུར་སེར་རྒྱལ་པོ་དང་ཁོའི་འཁོར་གྱི་རུས་རྒྱུད་ནི་ཉུའེ་ཀྲིན(ཧྣཱཉྪོཏྚི)རིགས་ལས་མཆེད་ཅེས་བརྗོད་ཆོག་གོ །
༣.གུར་ནག་ཧོར་གྱི་སྐོར།
སྔོན་བྱུང་ལོ་རྒྱུས་ལས། ཐུ་ཡུ་ཧུན(ཚྭཱིསིཾམཱུཾ)ནི་མ་གཞི་བྱང་ཕྱོགས་འ་ཞཚོ་ཁག་གི་ཆ་བགོས་ཤིག་ཡིན་ལ། ཅེན་ནུབ་མའི(ཊྲེངྻ)མཇུག་དེར། ཐུ་ཡུ་ཧུན་གྱིས་སྣེ་ཁྲིད་འོག་ཚོ་ཁག་དེ་ནུབ་ཕྱོགས་སུ་གནས་སྤོས་ཏེ་ད་ལྟའི་ཀན་སུའུ་ལེན་ཞ(དྦྷཥྲཻ)རུ་གཞི་ཆགས། རྗེས་སུ་རིམ་བཞིན་མངའ་ཁོངས་རྒྱ་བསྐྱེད་དེ་ད་ལྟའི་མཚོ་སྔོན་དང་ཀན་ལྷོ། སི་ཁྲོན་ནུབ་བྱང་གི་མཚམས་སུ་འཚོ་སྡོད་བྱས་པའི་ཆཱང་རིགས་སོགས་དབང་དུ་བསྡུས་ཤིང་། སྔོན་སྦྲ་གུར་གྱི་གཞི་གནས་དེར་མཁར་རྫོང་གིས་བསྐོར་ཞིང་རྒྱལ་ཁྲིམས་བཙུགས་ཏེ་ཕྱུགས་ལས་གཙོར་གཉེར་ཞིང་ཞོར་དུ་ཞིང་ལས་ཀྱང་ཅུང་ཙམ་འཛིན། སྤྱི་ལོ་640ལོར། ཐང་རྒྱལ་རབས་ཀྱིས་ཐུ་ཡུ་ཧུན་ལ་མཚོ་སྔོན་རྒྱལ་པོའི་ཆོ་ལོ་བསྩལ་ཞིང་། སྤྱི་ལོ་663ལོར་བོད་དང་འཐབ་འཁྲུག་བྱུང་ཏེ། སྤྱི་ལོ་670ལོར་ཐུ་ཡུ་ཧུན་གྱི་ས་ཚང་མ་བོད་ཀྱིས་བཟུང་། རྗེས་སུ་ཐུ་ཡུ་ཧུན་ཚང་མ་རིམ་བཞིན་ག་ཅུའི(གཱེ)ཤར་ཕྱོགས་སོགས་སུ་འཁྱམས་ནས། རྒྱལ་རབས་ལྔའི་སྐབས་སུ་བཱའེ་ཀྲིན(ཚྱཻ)གི་ས་དེར་ཐར་ཐོར་ངང་གཞི་ཆགས་ཤིང་། སྤྱི་ལོ936ལོར་ཆེའུ་ཏན(རྦིཾསྨེ)རིགས་ཀྱི་མངའ་འོག་ཏུ་ཚུད། ཆེའུ་ཏན་རིགས་དེ་ཡང་མ་གཞི་བོད་སྐད་ཀྱི་བཤད་རྒྱུན་དུ་གྲུབ་པའི་ཧོར་རིགས་སྟེ་སྣ་མང་མི་རིགས་ཀྱི་གྲས་དེར་གཏོགས་པས། ཐུ་ཡུ་ཧུན་གྱི་ཚོ་ཁག་དེ་ཆེའུ་ཏན་རིགས་ཀྱི་མངའ་འོག་ཏུ་ཚུད་རྗེས། བོད་ཀྱིས་ཐུ་ཡུ་ཧུན་ལ་ཧོར་ཞེས་མི་འབོད་རང་འབོད་ཡིན། དུས་སྐབས་དེ་ནི་ཏག་ཏག་གླིང་གེ་སར་རྒྱལ་པོའི་སྐབས་དང་ཧ་ཅང་ཐོད་ཐུག
ཐུ་ཡུ་ཧུན་ཚོ་ཁག་དེའི་སྐྱིད་སྡུག་རེས་མོས་ཡུན་རིང་གི་ལོ་རྒྱུས་ཁྲོད། རང་ས་གནས་ཀྱི་སྲིད་ཤུགས་ཇེ་ཆེར་གཏོང་ཆེད། གཞན་མཐའ་འཁོབ་མི་རིགས་དང་འཐབ་འཁྲུག་གང་མང་བྱས་ཤིང་། དབང་མངའ་ཐང་དར་བའི་དུས་ཤིག་ལ། ནུབ་ཕྱོགས་ནས་ཁྲུའུ་ཧྲའེ(རྔརེ)དང་པའེ་ལན(རེཧྣཾ)བར་དུ་ཐུག་ཅིང་། བྱང་ཕྱོགས་ནས་རྨ་ཆུའི་མཚམས། ལྷོ་ཕྱོགས་ནས་སྟོད་དར་རྒྱལ་རི་བོའི་མཚམས་བར་དུ་བསྐྱེད་ནས། མཚོ་སྔོན་དང་ཀན་སུའུ་འདྲེས་མཚམས་ཀྱི་ས་ཁོངས་རྒྱ་ཆེ་བ་ཞིག་བཟུང་བར་མ་ཟད། སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་རྔ་བ་ཁུལ་དང་ཟོང་ཅུ་རྫོང་སོགས་ས་ཆ་སྐོར་ཞིག་ལའང་དབང་བསྒྱུར་མྱོང་། དེ་ལྟར་ཐུ་ཡུ་ཧུན་རུས་རྒྱུད་ཚོ་ཁག་དེས་མཚོ་སྔོན་མཐོ་གཞོངས་ནས་འཚོ་སྡོད་ཀྱི་འགོ་བརྩམས་པ་ནས་བཟུང་། ས་དེར་སྔ་མོ་ནས་གཞི་ཆགས་ཡོད་པའི་ཆཱང(རྡྷ)དང་འཁྲུག་པ་གང་མང་བསླངས་ཤིང་། ཁོ་ཚོས་ཆཱང་གི་སྲིད་དོན་ལས་རིགས་དང་དམག་མིའི་བཀོད་འདོམས་སོགས་ལ་དབང་བཀོལ་ཅི་ཐུབ་བྱས་ཏེ་ཕན་ཚུན་བར་གྱི་འགལ་བ་སྟག་སྤྲོད་དུ་སོང་བའི་བྱུང་རིམ་འདི《གླིང་སྒྲུང་།》ཁྲོད་ཧོར་གླིང་འཁྲུག་པའི་གནས་གཞི་དང་ཧ་ཅང་འབྲེལ་ཆེ། རྒྱུ་མཚན་ནི། ཐུ་ཡུ་ཧུན་དམག་གིས་ས་དེར་འདྲེ་ལག་བརྐྱངས་ཏེ་རང་སྣང་གང་ཤར་སྒོས་ཡུལ་དེར་བཙན་འཛུལ་བྱས་པས། ཡུལ་དེའི་འབངས་མིས་རྒོལ་ལན་སྤྲད་དེ་ཕན་ཚུན་བར་གྱི་འགལ་བ་ཛ་དྲག་ཏུ་གྱུར་པས་ན། གླིང་བ་རྣམས་ཀྱང་ཚུལ་དེ་ལས་འདས་མེད་པས་སོ། །
གཞན་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་རྒྱུད་དེ་གནའ་སྔ་མོ་ནས་མདོ་དབུས་མཐོ་སྒང་སྟེང་འཐབ་ཇུས་ཀྱི་དོན་སྙིང་ཆེས་གལ་ཆེ་བའི་ས་ཁུལ་ཞིག་ཡིན་པས། ཡུལ་དེ་ཕལ་ཆེར་བོད་རྒྱའི་གནའ་རབས་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་ཡ་ཐོག་དུས་ནས་བཟུང་ས་འདི་ཆཱང(རྡྷ)གིས་བཟུང་ཡོད་པར་བཤད་ནའང་། ཁོ་ཚོས་ནུབ་ཕྱོགས་ཀྱི་ལུག་འཚོ་བའི་འབྲོག་མི་སྤྱི་ལ་ཆཱང(རྡྷ)ཞེས་བཏགས་ཡོད་ལ། དེ་ནི་མདོ་དབུས་མཐོ་སྒང་གི་ཕྱུགས་སྐྱོང་མེས་པོ་དག་གི་སྤྱི་མིང་ཡིན་པར་གསལ་ཏེ། རྒྱའི་ཧན་རྒྱལ་རབས་སྔ་ཕྱིའི་དུས་སུ་བོད་ཞང་ཞུང་སྒོ་ཕུག་ནས་མདོ་དབུས་ཁམས་གསུམ་གྱི་མི་རྒྱུད་ཐམས་ཅད་ལ་ཆཱང་ཞེས་འབོད།
ལོ་རྒྱུས་དེབ་ཐེར་ལས། ཐུ་ཡུ་ཧུན་གྱི་སྲིད་ལྟེ་གཙོ་བོ་ཤ་ཅུ(ཏཽཾ)ཞེས་པའི་ས་དེར་ཆགས་ཡོད་པ་ལས་གཞན་ད་དུང་། སྲིད་ལྟེའི་མཁར་རྫོང་བཞི་ཙམ་ཞིག་བརྩི་རྒྱུ་ཡོད་དེ། དེ་ཡང་ད་ལྟའི་མཚོ་སྔོན་པོའི་ནུབ་ཕྱོགས་སྤྱི་ལེ་15མཚམས་དེར་ཐུ་ཡུ་ཧུན་འ་ཞའི་རྒྱལ་རབས་ཀྱི་སྲིད་དབང་ལྟེ་གནས་ཆོས་རྗེ་རྒྱལ་མཁར(༆ཧྶུཉྭོ)(ད་ལྟའི་གུང་ཧོ་རྫོང་སྤྲེལ་ནག་མཐེབ་རྒྱའི་མཁར)སོགས་ཡོད་ལ། སྐབས་དེར་ཐང་རྒྱལ་རབས་ཀྱིས་ཐུ་ཡུ་ཧུན་ལ་མཚོ་སྔོན་རྒྱལ་པོའི་ཆོ་ལོ་བསྩལ་མྱོང་བའི་ལོ་རྒྱུས་དག་ལ་གཞིགས་ན། ཐུ་ཡུ་ཧུན་ཚོ་ཁག་དེས་ད་ལྟའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་གཙོ་བྱས་པའི་ཡུལ་གྱི་མཐའ་འཁོབ་དག་ལ་དབང་བསྒྱུར་བ་ཤེས་ཐུབ་ལ། མཚོ་ནུབ་ཐེམ་ཆེན་རྫོང་མཁར་དམར་ཞང་དེ་ཧོར་ཡ་རྩེ་མཁར་དམར་གྱི་ཤུལ་ཡིན་ཟེར་བའི་ངག་རྒྱུན་ལའང་བདེན་ལུགས་ཡོད་པར་སྙམ།
ད་དུང་ཐེམ་ཆེན་རྫོང་གི་ཧོར་ཡ་རྩེ་མཁར་དམར་གྱི་ཤུལ་དེར་ཧོར་གྱི་བླ་བྱ་ཡིན་ཟེར་བའི་བྱའི་དབྱིབས་ཅན་གྱི་རྡོ་ཞིག་ཀྱང་ཡོད་ལ། མཁར་གྱི་ཕྱོགས་བཞི་ན་ཧོར་གླིང་གཡུལ་འགྱེད་པའི་སྐབས་སུ་ཧོར་གྱིས་གྲོས་སྐོར་བསྡུ་སའི་ས་སྟེ། ཧོར་གྱི་ཚོགས་ར་དང་། སྡིག་གཅོད་ཤན་པ་རྨེ་རུ་རྩེས་མཛོ་མོ་སྐུང་སའི་ས་མཛོ་མོ་སྐུང་ལུང་། སེང་སྟག་ཨ་དོམ་གྱིས་ཧོར་རྟའི་རྗེས་བདས་པའི་ཤུལ་ཨ་དོམ་གོང་ཁ་སོགས་ངག་རྒྱུན་དང་ཤུལ་རྟེན་འདི་དག་ལས། ས་འདི་ནི་གནའ་སྔ་མོར་ཧོར་རིགས་འཚོ་སྡོད་བྱས་པའི་ཤུལ་ཡིན་པ་རྟོགས་ཐུབ།
གོང་ནས་བཤད་པ་ལྟར། ཐུ་ཡུ་ཧུན་ནི་འ་ཞ་རིགས་ཀྱི་ཁོངས་གཏོགས་ཆཱང་རིགས་ལ་འགོ་འཛིན་ཡུན་རིང་བྱས་པས། ཐུ་ཡུ་ཧུན་མི་རྣམས་ཀྱི་ཡུལ་སྲོལ་གོམས་འདྲིས་སྐོར་ཞིག་ལ་ཆཱང་རིགས་ཀྱིས་ཤུགས་རྐྱེན་མ་ཐེབས་རང་ཐེབས་ཡིན་ལ། ལྷག་པར་དུ་མདོ་དབུས་མཐོ་སྒང་གི་འཚོ་བའི་ཆ་རྐྱེན་དེ་འདྲའི་འོག་ནས། ཆཱང་རིགས་ཀྱིས་ལས་སྣོན་བྱུང་བའི་ནོར་རྩིད་ཀྱི་སྦྲ་གུར་ལ་ཕྱོགས་ཡོངས་ནས་བརྩི་མཐོང་དང་དགའ་བསུ་ཐོབ་པས། དེ་ནི《གླིང་སྒྲུང་།》ཁྲོད་འ་ཞ་རིགས་ལ་སྦྲ་གུར་ནག་པོ་ཅན་དུ་འབོད་པའི་རྒྱུ་རྐྱེན་ཡིན་ཀྱང་སྲིད་ལ། བོད་སྐད་ཀྱིས་ཀྱང་ཡུལ་དེར་སྦ་ནག(བེངྔྷཱཙྭེ:སྦྲ་གུར་ནག་པོའི་དོན།)ཚོ་བ་ཞེས་འབོད་དོ། །དེར་བརྟེན་ཐུ་ཡུ་ཧུན་ལ་དབང་བསྒྱུར་བའི་འགོ་འཛིན་མི་སྣ་ཕལ་ཆེ་འ་ཞ་རིགས་ཡིན་པས། གླིང་གིས་ཐུ་ཡུ་ཧུན་ནི་ཧོར་རིགས་ཀྱི་གྲས་སུ་མི་འཇོག་རང་འཇོག་ཡིན་ལ། ད་ལྟའི་ཐེམ་ཆེན་རྫོང་མཁར་དམར་ཞང་གི་ཡ་རྩེ་མཁར་དམར་དེ་ཡང་ཐུ་ཡུ་ཧུན་གྱི་མཁར་ཡིན་ཞེས་བཤད་ཆོག་ཆོག་ཡིན། དེ་བས། ང་ཚོས་འདིར་བརྗོད་བཞིན་པའི་ཧོར་གུར་ནག་ཞེས་པ་དེ་མཐར་གཏུགས་ན་འ་ཞྭའི་རིགས་སྟེ་ད་ལྟའི་ཐུ་ཡུ་ཧུན་ལས་མཆེད་པར་འདོད་དོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1