ནང་དོན་གནད་བསྡུས། དཔལ་ལྡན་རྒྱུད་བཞི་སོགས་ཀྱི་དགོངས་པ་དང་མཐུན་པར་ཁ་ཡོ་བར་བྱེད་པའི་ནད་རིགས་འགའི་འཁྲུལ་སོ་་གསལ་ཐབས་རགས་ཙམ་བཤད་ཡོད།
གནད་ཚིག ཁ་ཡོ་བའི་ནད། འཁྲུལ་སོ་བསལ་བ།
ཁ་ཡོ་བ་ནི་རྒྱུན་མཐོང་གི་ནད་གཞི་ཞིག་ཡིན་པར་མ་ཟད། འཁྲུལ་སོ་ཆེ་བས་ངོས་འཛིན་ལེགས་པོ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ་སྟེ། དེང་སྐབས་ནད་ཐོག་གི་སྨན་པ་མང་པོས་ནད་པའི་ཁ་ཡོ་བ་མཐོང་མ་ཐག་ཡ་གྲིབ་བམ་གཟའ་ནད་དོ་ཞེས་ཁ་དམར་གདགས་ཞིང་ཕྱོགས་རྟོགས་ཙམ་གྱིས་བཅོས་ཐབས་བྱེད་པར་མཐོང་བ་ནི། ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར་ལས། འོན་ཀྱང་དེང་སང་གཟའ་གྲིབ་དུ་ངོས་འཛིན་པའི་འདི་འདྲ་འགའ་རེ་རླུང་ནད་ཀྱི་རིགས་ཀྱང་ཡིན་ཏེ། ཁ་ཡོ་བ་དང་ལྐུགས་པ་སོགས་ཀྱང་རླུང་ནད་དུ་བཤད་པའི་ཕྱིར། ཞེས་གསུངས་པ་ལྟར། དེ་བས་རང་ཉིད་ནས་མན་རྒྱུད་དུ་ཁ་ཐོར་དུ་གསུངས་པའི་ཁ་ཡོའི་ནད་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་གཞུང་འགྲེལ་ཚད་ལྡན་རྣམས་ཀྱི་དགོངས་པས་ཟུར་བརྒྱན་ནས་ཁ་ཡོ་བར་བྱེད་པའི་ནད་རིགས་འགའི་མི་འགྱུར་བའི་རྟགས་ལ་བསྟེན་ནས་འཁྲུལ་སོ་གསལ་བར་འདོད་པ་ལ་ལྔ་སྟེ།
དང་པོ། གཞོགས་གཅིག་གུག་པའི་ནད་རྟགས་དང་འཁྲུལ་སོ་གསལ་ཐབས།
རྒྱུད་ལས། གཞོགས་གཅིག་གུག་པ་ཁ་ཡོ་མགོ་བོ་འདར།། ཚིགས་ཐོགས་མིག་རེངས་དྲན་ཉམས་གཉིད་ ལོག་དངངས།། ཞེས་གསུངས་ཤིང་། རྒྱུད་འགྲེལ་ཕལ་མོ་ཆེ་རུ་ཚིག་འགྲེལ་རེ་གཉིས་ཙམ་ལས་རྒྱས་པར་སྤྲོས་མེད་མོད། རང་འགྲེལ་ལས། རླུང་ནད་ཀླད་པའི་གཞོགས་ཕྱེད་ན་བ་ཞེས་བྱ་བ་ནི། མགོས་ཁུར་ཆེན་པོ་ཁྱེར་བ་དང་། དགོད་དྲགས་པ་དང་ཚིག་དྲག་ཏུ་སྨྲ་བ་དང་། དེ་བཞིན་དུ་སྔངས་པ་དང་། གདོང་ཡོན་པོར་གཅུས་ནས་སྦྲིད་པ་གཏོང་བ་དང་། གཞུ་སྲ་སྟེ་མ་འདྲེན་པ་དང་། མལ་སྟན་མཐོན་དམན་མི་སྙོམས་པ་ལ་ཉལ་བ་དང་། བཅའ་བ་སྐམ་པོ་སྲན་མ་འཆའ་བ་དང་། དེ་བཞིན་ཏུ་རླུང་ནད་སྐྱེས་པའི་བག་བསྟེན་པས་རླུང་འཕེལ་ཏེ་རོ་སྟོད་དུ་ཞུགས་ནས་ཁ་གདོང་གི་གཞོགས་ཕྱེད་ཡོན་པོར་བྱས་ཏེ་དེ་སྨྲ་བ་དང་། དགོད་པ་ དང་། ལྟ་བ་རྣམས་ཀྱང་ཡོ་བར་བྱེད་དོ། ཞེས་དང་། མཆིལ་མ་གཡོན་ཕྱོགས་སུ་འདོར་བ་དང་། ལྟ་བ་ཡང་མིག་ཡ་གཅིག་ལྟ་ཞིང་འཛུམས་པ་དང་། ནམ་ཚོང་ཡན་ཆད་མི་བཟད་པར་ན་བ་ཡིན་ནོ། ཞེས་ཤིན་ཏུ་གསལ་བར་གསུངས་ཡོད་པས་ནད་འདིའི་མི་འགྱུར་བའི་རྟགས་སམ་ཐུན་མིན་གྱི་ཁྱད་ཆོས་ནི་གོང་དུ་བསྟན་པ་ལྟར་རླུང་ནད་བསྐྱེད་པར་བྱེད་པའི་སྤྱོད་ལམ་གང་རུང་བསྟེན་དྲགས་རྗེས་གཞོགས་གཅིག་གཞུ་ལྟར་གུག་པ་དང་། མགོ་བོ་འདར་ཞིང་ཁ་མིག་ཡོ་བ། ནམ་ཚོང་ཡན་ཆད་མི་བཟད་པར་ན་བ་བཅས་ནི་རླུང་ནད་གཞོགས་གཅིག་གུག་པའི་མི་འགྱུར་བའི་རྟགས་ཡིན་སྙམ།
གཉིས་པ། གྱེན་རྒྱུའི་རླུང་འཁྲུགས་པའི་ནད་རྟགས་དང་འཁྲུལ་སོ་གསལ་ཐབས།
གྱེན་དུ་རྒྱུ་བའི་རླུང་འདི་རྣམ་པར་མ་གྱུར་བའི་སྐབས་སུ་ལུས་འཚོ་ཞིང་མདངས་སྟོབས་འཕེལ་བར་བྱེད་པའི་རྒྱུ་བྱེད་ལ་རྣམ་པར་གྱུར་པའི་རྟགས་ནི་རྒྱུད་ལས། སྟོད་རྒྱུ་སྒྲེག་སྐྱུག་བཀག་དང་ངུ་དགོད་དྲགས།། ཁུར་ལྕི་བཏེགས་པས་འཁྲུགས་ཏེ་དིག་ཅིང་ལྐུགས།། སྨྲ་དཀའ་སྟོབས་ཆུང་ཁ་ཡོ་དྲན་པ་ཉམས།། ཞེས་དང་ཆ་ལག་བཅོ་བརྒྱད་ལས། སྟོད་ལྐུགས་དིག་ལྐུགས་སྨྲ་དཀའ་ཁ་མང་སླེ།། ཞེས་གསུངས་པ་ལྟར་ནད་འདིས་ཀྱང་ཁ་ཡོ་བར་བྱེད་ལ་རྒྱུད་འགྲེལ་དག་ཏུ་ཚིག་ལྷུག་པོར་གྲོལ་བ་ཙམ་ལས་གསུངས་མེད་པས་གསར་བ་ཞིག་བཤད་པའི་ཐབས་ཤེས་དབེན། འོན་ཀྱང་གྱེན་རྒྱུའི་རླུང་གི་བྱེད་ལས་དང་འཁྲུགས་པའི་ནད་རྟགས་སོགས་ལ་ཞིབ་ཏུ་བལྟས་ན་ནད་འདི་ཁ་ཡོ་བའི་ནད་གཞན་དང་མི་མཚུངས་བའི་ཁྱད་པར་གྱི་ཆོས་ནི། སྒྲེག་པ་དང་སྐྱུགས་པ་སོགས་གྱེན་ཏུ་འབྱུང་བ་རྣམས་ཤུགས་ཀྱིས་བཀག་པ་ལས་འབྱུང་བས་རྒྱུ་མི་འགྱུར་བ་དང་དེའི་འབྲས་བུ་ལ་དིག་ལྐུགས་སྨྲ་དཀའ་གང་རུང་བྱུང་ཞིང་ཁ་ཡོ་བ་ནི་གྱེན་རྒྱུའི་རླུང་འཁྲུགས་པའོ།
གསུམ་པ། སྙིང་ནད་ཁ་ལེ་ནག་པོའི་ནད་རྟགས་དང་འཁྲུལ་སོ་གསལ་ཐབས།
རྒྱུད་ལས། ཁ་ལེ་ནག་པོ་རྩ་སྟོང་ཚད་པ་ཆེ།། སྨྲ་ཉུང་སྤྲོ་ཐུང་རྡེག་འདོད་འབུར་ཚུགས་བལྟ།། མགོ་བོ་ཕྱེད་ན་ན་ངོས་ཁ་ཡོན་འགྱུར།། ཞེས་དང་ཟླ་བའི་རྒྱལ་པོ་ལས། སྨྲ་ཉུང་ཁ་མཐམས་མགོ་ཕྱེད་ན།། ན་བའི་ཕྱོགས་སུ་ཁ་ཡང་ལྟ།། འབྲི་ཚུགས་ལྟ་ཞིང་དྲན་པ་སྟོར།། ཁ་ལེ་ནག་པོའི་མཚན་ཉིད་དོ།། ཞེས་གསུངས་པ་ལྟར་ཡིན་ལ། འདིའི་མི་འགྱུར་བའི་ནད་རྟགས་ནི་སྙིང་ནད་ཚབས་ཆེ་བ་ཡིན་པས་མིག་གིས་ཟུར་བལྟས་སོགས་མི་ཤེས་པར་མིག་ཅེ་རེ་ཐད་ཀར་འབུར་ཚུགས་སུ་བལྟ་བ་དང་། ཁོང་ཁྲོ་ཆེ་བས་གཞན་ལ་རྡེག་པར་འདོད་པ། མགོ་བོ་ཕྱེད་ཀ་ན་ལ་གང་ན་བའི་ངོས་སུ་ཁ་ཡོ་འགྲོ་བ་བཅས་ཡིན་སྙམ།
བཞི་བ། གཟའ་ནད་ཀྱི་ནད་རྟགས་དང་འཁྲུལ་སོ་གསལ་ཐབས།
གཟའ་ནད་ནི་སྟག་ཚང་ལོ་ཙཱ་བ་བས། གཟའ་བདུད་ཆེན་པོ་ར་ཧུ་ལའི།། དུག་གྲིབ་ཕོག་པ་ལས་བྱུང་བའི།། ཁ་ལྐུགས་དྲན་ཉམས་བརྒྱལ་ནད་ལ།། དྲང་སྲོང་ནད་དམ་གཟའ་གྲིབ་གྲགས།། ཞེས་གསུངས་པ་དང་། དེའི་ནད་རྟགས་ནི་རྒྱུད་ལས། སྤྱི་རྟགས་གཞོགས་བཤལ་མིག་རྩ་གྲུང་བ་དང་།། ཁ་ལྐུགས་ཁ་སླེ་ངུ་དང་དགོད་པར་བྱེད།། ཁྱད་པར་བརྟག་པ་མེ་གཟའ་ཆུ་གཟའ་གཉིས།། མེ་གཟའ་གཞོགས་གཡས་ལ་ཕོག་ལྕེ་གཡས་ཐུང་།། ཚ་བ་ཆེ་ཞིང་སེན་མོ་གཞོབ་རོག་འོང་།། ཆུ་གཟའ་གཞོགས་གཡོན་ལ་ཕོག་ལྕེ་གཡོན་ཐུང་།། ལུས་ཀུན་ དྲོད་དང་བྲལ་ཞིང་ཆུ་རྒྱུས་གྱོང་།། ཞེས་དང་མན་ངག་ལྷན་ཐབས་ལས། མིག་སྤྲིན་དཀར་པོ་ནག་ཐིག་རྒྱལ་མོ་འདལ།། ལྕེ་ཡི་ར་མ་ལུག་གཉིས་རྒྱས་པ་དང་།། མིག་རྩ་རྒྱུ་མ་བུས་འདྲ་གཟའ་ནད་ཡིན།། ཞེས་གསུངས་པ་ལྟར་ཡིན་ལ་ནད་འདིའི་དམིགས་གསལ་གྱི་ཁྱད་ཆོས་ནི་རྒྱུད་ལས། འཛིན་དུས་ཚེས་བཞི་བརྒྱད་དམ་བཅུ་གཅིག་དང་།། བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས་དང་ལྔ།། ཉི་ཤུ་དགུ་དང་རྒྱུ་དུས་བརྒྱད་ལ་འཛིན།། ཞེས་ཟླ་བ་རེའི་ཉིན་བརྒྱད་པོ་འདི་དང་གཞན་གནམ་གང་ལའང་འཛིན་པ་རྒྱུད་འགྲེལ་ཁག་ལས་གསུངས་པ་ལྟར་ དུས་དགུ་པོ་འདི་ངེས་པ་ཅན་ཡིན་ལ་གཞན་གྱི་དུས་སུ་ནི་ལྡང་བར་མི་འགྱུར་བ་ནད་གཞན་དང་མི་འགྱུར་ བའི་གནད་ཡིན་མོད། སྨན་པ་མང་ཆེ་བས་གཙིགས་སུ་མི་འཛིན་པ་ནི་ནོངས་སོ། །
ལྔ་བ། མཇུག་བསྡུ་བ།
ཁ་ཡོ་བའི་ནད་རྟགས་འདི་ནད་ཐོག་ལ་ཅུང་མཐོང་མང་བ་དང་། ལྷག་པར་དུ་རླུང་གིས་བསྐྱེད་པའི་ཁ་ཡོ་བ་ནི་ནད་སྣ་མང་ཞིང་འཁྲུལ་སོ་ཆེ་བས་ཚང་མ་གཟའ་གྲིབ་ཀྱིས་བསྐྱེད་ཅེས་བཤད་ན་ག་ལ་འགྲིག དེ་བས་རྒྱུད་བཞིར་འཁོད་པའི་ནད་རིགས་འགའ་ཞིག་དམིགས་སུ་བཀོད་ནས་དཔྱད་ཁུལ་བྱས་པ་ཡིན་མོད། མཐའ་དཔྱོད་བྱེད་ཐུབ་མེད་པའི་སྐྱོན་ཆེ་བས་དགོངས་འཇགས་ཞུ།