༄༅།། གེ་སར་རིག་གནས་ཀྱི་གནས་བབ་དང་འཕེལ་རྒྱས་ཐད་ཀྱི་བསམ་གཞིག

རྨ·གདུགས་དཀར་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྩེར་སྙེག སྤེལ་དུས། 06-01


  དེང་གི་དུས་སྐབས་གསར་བ་འདིར་ཚན་རིག་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། མིའི་རིགས་ཀྱི་བསམ་བློ་དང་འཚོ་བའི་ཁོར་ཡུག་ལའང་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་ལ། སྒོས་སུ་རིག་གནས་གསར་བའི་འཕེལ་ཤུགས་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་ཡང་ཚད་གེགས་ངེས་ཅན་ཞིག་ཐེབས་ཡོད་ཕྱིར། ང་ཚོས་རིག་གནས་ཀྱི་རིན་ཐང་ཡང་དག་པར་ངོས་བཟུང་སྟེ་སྙིགས་འདོར་བཅུད་ལེན་བྱེད་དགོས་པ་དང་། རིག་གནས་གསར་རྙིང་བར་གྱི་འགལ་འབྲེལ་ལ་དཔྱད་པ་ནན་མོ་བཏང་སྟེ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་ན། ད་གཟོད་ངེས་པ་དོན་གྱིས་ཕ་མེས་ནས་བརྒྱུད་པའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་ཐུབ་པ་རེད། ལོ་ངོ་སྟོང་ལྷག་ལ་ངག་རྒྱུན་དུ་བརྒྱུད་པའི་ཕ་ནོར《གེ་སར》སྙན་སྒྲུང་ཡང་གནས་བབ་དེ་ལས་མ་འདས་པར་ཆ་འཕྲིན་དུས་རབས་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཏེ་རྒུད་པའི་ལམ་དུ་ལྷུང་ལ་ཉེ་བས། རིག་གནས་འདིའི་ད་ལྟའི་གནས་བབ་དང་། ཞིབ་འཇུག་གི་གྲུབ་འབྲས། རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཀྱི་གནད་དོན་ལ་ཀུན་གྱིས་དོ་སྣང་དང་ཐུགས་ཁུར་བྱེད་འོས་པ་ཞིག་རེད། དེའི་ཕྱིར། འདིར་བདག་གིས་ནུས་ཚོད་ཀྱིས་བརྗོད་བྱ་འདི་དག་གི་ཆ་ནས་ཅུང་ཟད་གླེང་བར་བྱ་རྒྱུ་ཡིན་པས། སྐྱོན་དང་ནོར་བ་ཅི་མཆིས་ཀུན་གྱིས་ཡོ་བསྲང་བྱ་བར་རེ་བ་ཞུ།

གཅིག གེ་སར་རིག་གནས་འཇིག་ཉེན་གྱི་གནས་བབ།
    སྒྲུང་པའི་ཆ་ནས་བལྟས་ན། ད་ལྟ་དམངས་ཁྲོད་དུ་གེ་སར་སྒྲུང་པ་དང་ལག་བཤུས་སྒྲུང་དཔེ་ཉར་མཁན་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བཞིན་ཡོད་པ་ང་ཚོའི་མཐོང་ཐོས་སུ་གྱུར་ཡོད། གཞན་ལ་ངོམ་དུ་རུང་བའི་གེ་སར་སྙན་རྩོམ་རིང་མོ་འདི་ད་ལྟའི་བར་དུ་གནས་ཐུབ་པ་ནི་གེ་སར་སྒྲུང་པ་དག་གི་བཀའ་དྲིན་ཡིན་ཏེ། ཁོང་ཚོ་ནི་གེ་སར་སྙན་རྩོམ་རིང་མོ་ཐད་ཀར་གསར་རྩོམ་བྱེད་མཁན་ཡིན་ལ། རྒྱུན་འཛིན་དང་བརྒྱུད་སྒྲོག་བྱེད་པོ་ཡང་ཡིན། གེ་སར་སྒྲུང་བ་མེད་ཚེ་གེ་སར་རིག་གནས་འདི་ཡང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ནམ་ཞིག་གནས་པར་མི་འགྱུར་རོ། ། བོད་སྔ་རབས་ཀྱི་སློབ་གསོའི་ཆགས་གཞི་ལ་བལྟས་ན། བོད་ཀྱི་སློབ་གསོ་ནི་གཙོ་བོ་དགོན་པའི་སློབ་གསོ་ཡིན་ལ། དགོན་པར་མཚོན་ན། མི་ཚེ་སྟོང་ཟད་དུ་གཏོང་ན་གེ་སར་ཤོབ་སྒྲུང་ལ་ཉོན་ཞེས་འགོག་བྱ་ཞིག་ཡིན་ཕྱིར། བོད་སྔ་རབས་སུ་བྱུང་བའི་གེ་སར་སྒྲུང་མང་པོ་ཞིག་ཡི་གེ་ཁྱབ་གདལ་དུ་སོང་མེད་པའི་དམངས་ཁྲོད་དུ་ངག་བརྒྱུད་བྱེད་པ་ཙམ་ལས། ཡིག་ཐོག་ཏུ་བཀོད་དེ་ཕྱི་རབས་པར་བརྒྱུད་པ་ཤིན་ཏུ་ཉུང་། ཉེ་བའི་ལོ་འདི་དག་གི་རིང་ལ། སྒྲུང་པ་ཕུལ་བྱུང་རེ་འགའ་སྔ་རྗེས་སུ་ཚེ་ཡིས་ཟིན་པས། ཁོང་ཚོའི་བློ་ངོས་སུ་ཉར་བའི་གེ་སར་སྒྲུང་ཡང་ཕྱི་རབས་པའི་སྤྱོད་སྐལ་དུ་སྨིན་མ་ཐུབ། དཔེར་ན་སྒྲུང་པ་གྲགས་ཆེན་གྲགས་པ་ལགས་ཚེ་ལས་འདའ་ཁར། ཁོང་གིས་སྒྲུང་སྣ43འཆད་ཤེས་པར་བརྗོད་ཀྱང་། དེ་ལས25མ་གཏོགས་སྒྲ་ཐགས་སུ་ཕབ་པའི་སྐལ་བ་མ་བྱུང་། འདི་ལྟ་བུའི་སྣང་ཚུལ་ཤིན་ཏུ་མང་ལ། དེ་ནི་ང་ཚོར་མཚོན་ན་ཇི་འདྲའི་ཡིད་ཕངས་པ་ཞིག་དང་ནམ་ཡང་གསབ་ཐབས་མེད་པའི་རིག་གནས་ཀྱི་གྱོང་གུད་ཆེན་པོ་ཞིག་མ་ཡིན་ནམ།
    སྒྲུང་ཉན་པ་པོའི་ཆ་ནས་བལྟས་ན། སྤྱི་ཚོགས་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་རིག་གནས་གསར་བ་ཆེས་ཆེར་དར་བས། མིའི་རིགས་ཀྱི་འཚོ་བའི་ཆ་རྐྱེན་དང་རིག་རྩེད་ཕྱོགས་ཀྱི་འཚོ་བའང་ཕུན་སུམ་ཚོགས་པར་གྱུར་ཡོད་དེ། སྔར་གྱི་གླུ་ལེན་གར་རྩེ་དང་། གཏམ་རྒྱུད་ལ་ཉན་པ། གེ་སར་སྒྲུང་ལ་ཉན་པའི་འཚོ་བ་དེའང་རིམ་གྱིས་སྒྲ་སྡུད་འཁོར་ལོ་དང་བརྙན་འཕྲིན། ཀློག་ཀླད། དྲ་རྒྱ་ལ་སོགས་པ་གཙོ་བྱས་པའི་གསར་བྱུང་རིག་རྩེད་འཚོ་བས་ཚབ་བྱས་ཤིང་། དེའི་རྐྱེན་གྱིས་དེང་གི་བྱིས་པ་དང་གཞོན་ནུ་ཚོ་ཡང་བརྙན་འཕྲིན་དང་དྲ་རྒྱ་ལ་སོགས་པའི་གསར་བྱུང་དངོས་པོར་མགོ་འཁོར་བ་དང་། དེང་རབས་ཚན་རྩལ་ཤེས་རིག་ལ་མོས་པ་ཆེ་བས། བློ་བག་ལ་ཕབ་སྟེ་གེ་སར་སྒྲུང་གི་འཆད་ཉན་ལ་འཇུག་མཁན་ཧ་ཅང་ཉུང་། སྔར་གྱི་ཇ་རྟའི་ལམ་དུ་རྒྱུ་བའི་ཚོང་བའི་རུ་ཡང་མཐོང་དཀོན་པར་གྱུར་ལ། གནས་མཆོག་ཏུ་མཇལ་མཁན་དང་གནས་རི་སྐོར་བའི་དད་ལྡན་པ་ཚོ་ཡང་དེང་རབས་ཅན་གྱི་འགྲིམ་འགྲུལ་ཡོ་ཆས་ལ་བརྟེན་ནས་ཟླ་ལམ་ཉིན་གྱིས་ཆོད་པར་བྱེད། སྔར་ཡིན་ན་ཁོ་ཚོ་ནི་གེ་སར་སྒྱུ་རྩལ་པའི་ལམ་གྲོགས་དང་ཉན་མཁན་གཙོ་བོ་དག་མ་ཡིན་ནམ། དེ་ལྟར་ཉན་མཁན་ཇེ་ཉུང་དུ་སོང་བ་དང་བསྟུན་ནས་སྒྲུང་པ་ཡང་རིམ་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད། རྐྱེན་དེ་དག་གིས་ལོ་རྒྱུས་སྙན་རྩོམ་རིང་མོའི་སྲོལ་རྒྱུན་ཤེས་རིག་འདི་ནི་ཉམས་རྒུད་དུ་འགྲོ་བའི་ཉེན་ཁར་ཐུག་ཅིང་། འདི་ལྟར་བཏང་སྙོམས་སུ་བཞག་ན། ལོ་རབས་འགའི་རྗེས་སུ། ཕ་མེས་ཡང་མེས་ནས་བརྒྱུད་པའི་གེ་སར་ཤེས་རིག་འདི་ནི་ཡི་གེར་ཕབ་པའི་ཤོག་བུའི་ཕུང་བོ་ཙམ་དུ་མི་འགྱུར་བའི་ངེས་པའང་མེད་པས། ཀུན་གྱིས་འདིའི་རིན་ཐང་ལ་དོ་སྣང་དང་ཐུགས་ཁུར་བྱ་རྒྱུ་ཤིན་ཏུ་གལ་ཆེ་སྙམ།
གཉིས། གེ་སར་རིག་གནས་བསྐྱར་གསོ་སྐོར་གྱི་གྲུབ་འབྲས།
1.གེ་སར་སྒྲུང་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཚུལ།
ཀྲུང་གོ་གསར་བ་དབུ་བརྙེས་རྗེས། འབྲེལ་ཡོད་ཆེད་མཁས་པས་འབོད་སྐུལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་གེ་སར་ཤེས་རིག་སྲུང་སྐྱོབ་ཀྱི་བྱ་བར་ཐུགས་ཁུར་ཆེན་པོ་མཛད། ལོ་རབས50པར། གེ་སར་སྒྲུང་འཚོལ་སྡུད་དང་ལེགས་སྒྲིག་གི་བྱ་བར་གྲུབ་འབྲས་མངོན་གསལ་བླངས། ཕྱིས་སུ་ལོ་རྒྱུས་ཀྱི་རྐྱེན་དབང་གིས་རེ་ཞིག་ལ་བར་ཆད་བྱུང་ན་ཡང་། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ཏེ1983ལོ་ནས་བཟུང་། གེ་སར་སྒྲུང་གི་འཚོལ་སྡུད་དང་། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་བྱ་བ་དེ་བསྟུད་མར་ཐེངས་གསུམ་ལ་རྒྱལ་ཁབ་ཀྱི་ཚན་ཞིབ་ལས་གཞི་གཙོ་བོའི་གྲས་སུ་བཀོད་དེ། 1984ལོར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཆོག་མཆན་ལྟར། རྒྱལ་ཁབ་དམངས་ཨུ་དང་། རིག་གནས་པུའུ། ཀྲུང་གོ་དམངས་ཁྲོད་རིག་གནས་སྒྱུ་རྩལ་མཐུན་ཚོགས་བཅས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། བོད་ལྗོངས། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན། ནང་སོག ཞིན་ཅིང་ལ་སོགས་པས་མཉམ་དུ་རྩ་འཛུགས་སྡེ་ཁག་བཙུགས་ཤིང་། གཅིག་གྱུར་གྱི་འཆར་བཀོད་ལྟར་ལས་བགོས་མཉམ་ལས་མཛད་དེ། གེ་སར་ཤེས་རིག་སྲུང་སྐྱོབ་ཀྱི་ལས་དོན་བླ་ལྷག་གིས་སྤེལ། བརྟག་དཔྱད་བྱས་པ་ལྟར་ན། སྔ་ཕྱི་རུ་དམངས་ཁྲོད་དུ་གེ་སར་སྒྲུང་པ150ལྷག་རྙེད་པ་དང་། ལག་བཤུས་སྒྲུང་དཔེ་དང་བརྐོས་སྒྲུང་མི་འདྲ་བ289འཚོལ་སྡུད་བྱས་པ་དང་སྒྲ་ཐགས་སུ་ཆུ་ཚོད5000ལ་སྒྲ་ཕབ་ལེན་བྱས། ཉེ་བའི་ལོ་འགར་ད་དུང་སྒྲུང་བཤད་བརྙན་ཕབ་ཀྱི་རྒྱུ་ཆ་ཡང་མང་དུ་ཉར། 2000ལོར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་མཉམ་ལས་ལ་བརྟེན་ནས། སྒྲུང་པ་གྲགས་ཆེན་བསམ་གྲུབ་ཀྱིས་བཤད་པའི་སྒྲུང་ཆུ་ཚོད2000ལྷག་ལ་ཐོ་འགོད་བྱས་ཏེ་ལེགས་གྲུབ་བྱུང་ཞིང་། བསྡོམས་པས་སྒྲུང་སྣ་མི་འདྲ་བ44སྔ་རྗེས་སུ་ལེགས་སྒྲིག་དང་པར་སྐྲུན་མཛད་པས། དེང་རབས་སྒྲུང་པའི་ཆེས་རིང་ལ་ཆེས་ཆ་ཚང་བའི་སྒྲུང་དཔེ་ཐོག་མར་གྱུར་ཡོད།
2.གེ་སར་སྒྲུང་ཡིག་སྒྱུར་དང་པར་སྐྲུན་བྱས་ཚུལ།
    མིག་སྔར། གེ་སར་སྒྲུང་མྱུར་སྐྱོབ་བྱེད་པ་གཞིར་བྱས་ཏེ་བོད་ཀྱི་སྒྲུང་སྣ70ལྷག་པར་དུ་བསྐྲུན་པ་དང་། པར་གྲངས་ཁྲི300ལྷག་ལ་སླེབས། གཞན་ཡང་སོག་པོའི་གེ་སར་སྒྲུང་སྣ22དང་ཧོར་རིགས་ཀྱི་གེ་སར་སྒྲུང་སྣ2པར་དུ་བསྐྲུན་ལ། དེ་ལས་བོད་རིགས་ཀྱི་སྒྲུང་སྣ30ཙམ་དང་། སོག་པོའི་སྒྲུང་སྣ5དང་། ཧོར་རིགས་ཀྱི་སྒྲུང་སྣ1དང་། ཕུའུ་སྨི་རིགས་ཀྱི་ཁྲོམ་གེ་སར་ཞེས་པའི་གཏམ་རྒྱུད་བཅས་རྒྱ་ཡིག་ཏུ་བསྒྱུར་པ་རེད། གེ་སར་སྒྲུང་ལ་ཞིབ་འཇུག་མཛད་པའི་ཆེད་རྩོམ་དང་། དཔྱད་རྩོམ་འདེམས་བཀོད་སོགས་བསྡོམས་པས་དཔེ་ཆ30ལྷག་ཡོད་པ་དང་། དཔྱད་རྩོམ་མང་པོ་ཞིག་དབྱིན་ཇི་དང་། ཧྥ་རན་སི། འཇར་མན། འཇའ་ཕན་སོགས་ཀྱི་སྐད་དུ་བསྒྱུར་ནས་གཞན་ལ་རྒྱུད་སྒྲོག་དང་ངོ་སྤྲོད་མཛད་ཡོད་པ་དང་། དེ་མིན་ད་དུང་བམ་པོར་བསྡུས་པའི་གེ་སར་རིག་གཞུང་དཔྱད་རྩོམ་ཕྱོགས་བསྡུས་ཏེ། 《གེ་སར་དཔྱད་མཛོད》བམ་པོ་དང་པོ་ནས་ལྔ་བར་པར་དུ་བསྐྲུན་ཏེ། གེ་སར་རིག་གནས་པར་སྐྲུན་སྐོར་ལ་གྲུབ་འབྲས་ཆེན་པོ་བླངས།
3.རིག་གཞུང་ཞིབ་འཇུག་དང་ཤེས་ལྡན་པ་གསོ་སྐྱོང་བྱས་ཚུལ།
  གེ་སར་ཤེས་རིག་མྱུར་སྐྱོབ་བྱེད་པའི་ཞོར་དུ། འདིའི་ཐད་ཀྱི་རིག་གཞུང་ཞིབ་འཇུག་གི་བྱ་བ་ཡང་ཧུར་ཐག་གིས་སྤེལ་མགོ་བརྩམས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཞིང་ཆེན་དང་སྡེ་ཁག་མང་པོ་ཞིག་གིས་ཆེད་དུ་གེ་སར་ཞིབ་འཇུག་ལྟེ་གནས་བཙུགས་ཏེ། གེ་སར་སྒྲུང་གི་ཞིབ་འཇུག་དང་སྲུང་སྐྱོབ་བྱ་བར་ཤུགས་བསྣན་པ་སྟེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་གྲངས་ཉུང་མི་རིགས་ཞིབ་འཇུག་སུའོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་གླིང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་གླིང་སོགས་ལ་སྔ་རྗེས་སུ་གེ་སར་ཕྱོགས་ཀྱི་འབུམ་རམས་པ་དང་། རབ་འབྱམས་པའི་མཚན་གནས་སྟེར་དབང་ཐོབ་སྟེ། གེ་སར་རིག་གནས་ཞིབ་འཇུག་ལ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱིན་ཡོད།
    རིག་གནས་འདིས་རྒྱལ་ཕྱིའི་མཁས་པ་མང་པོ་ཞིག་གི་ཡིད་དབང་འཕྲོགས་པས། ལ་ལ་ཞིག་ད་དུང་དངོས་སུ་བོད་ཁུལ་དུ་རྟོག་ཞིབ་ལ་ཕེབས་ཏེ། གེ་སར་སྒྲུང་ལ་ཞིབ་འཇུག་མཛད་པ་དང་། དེའི་ཕྱོགས་ཀྱི་རྩོམ་ཡིག་དང་། ཆེད་རྩོམ་སོགས་མང་པོ་བྲིས་པས། སྐབས་ཤིག་ལ་གེ་སར་ཞིབ་འཇུག་གི་བྱ་བ་དེ་རང་རྒྱལ་ལས་ལྷག་པར་གྱུར་ཏེ། གེ་སར་ཀྲུང་གོ་རུ་ཡོད། ཞིབ་འཇུག་ཕྱི་གླིང་དུ་ཡོད་ཅེས་པའི་བཤད་སྲོལ་བྱུང་། དུས་རབས་ཕྱེད་ཙམ་གྱི་རིང་འདིར། རང་རྒྱལ་དུའང་བོད་དང་། སོག་རིགས། རྒྱ་རིགས། ཧོར་རིགས་བཅས་ཀྱི་ཞིབ་འཇུག་མི་སྣས་གྲུབ་ཅིང་། ཆེད་དུ་གེ་སར་སྒྲུང་འཚོལ་སྡུད་དང་། ལེགས་སྒྲིག ཡིག་སྒྱུར། སློབ་ཁྲིད། རིག་གཞུང་ཞིབ་འཇུག་བཅས་བྱེད་པའི་སྡེ་ཁག་དུ་མ་ཚུགས་ཏེ། རིག་ཚན་མང་ཞིང་། ངོས་མི་འདྲ་བ། རིམ་པ་མང་པོའི་སྒོ་ནས་ཞིབ་འཇུག་བྱས་ཏེ་གེ་སར་རིག་ཚན་མ་ལག་འཛུགས་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས། རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཀུན་གྱིས་གདེང་འཇོག་མཐོན་པོ་མཛད། ད་ལྟའི་བར་དུ། རྒྱལ་སྤྱིའི་གེ་སར་རིག་གཞུང་བགྲོ་གླེང་ཚོགས་ཆེན་སྐབས6ལ་བསྡུས་པ་དང་། ས་ཁུལ་ལ་ལར་ད་དུང་རྒྱུན་དུ་རིམ་པ་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་སྒོ་ནས་རིག་གཞུང་བགྲོ་གླེང་གི་ཚོགས་འདུ་སྡུད་ཀྱིན་ཡོད། 1995ལོར་ཨོ་སི་ཁྲུ་རི་ཡ་ནས་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་རུ། གེ་སར་སྒྲུང་ནི་ཐོག་མའི་ཆེད་དོན་དུ་བཀོད་ནས་བགྲོ་གླེང་མཛད། ཕྱིས་སུ1998ལོའི་ཟླ8པར་ཨ་རི་དང་། 2000ལོའི་ཟླ7པར་ཧའོ་ལན། 2006ལོར་འཇར་མན་བཅས་སུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཚང་མར་གེ་སར་ཆེད་བརྗོད་ཀྱི་ལས་ཚན་བཀོད་སྒྲིག་མཛད་ཡོད། ཀྲུང་གོའི་གེ་སར་གྱི་ཞིབ་འཇུག་ནི་འཛམ་གླིང་དུ་ཁ་ཕྱོགས་པ་དང་། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཡང་རིམ་གྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རིག་ཚན་ཞིག་ཏུ་འགྱུར་བཞིན་ཡོད།
    2001ལོའི་ཟླ10པར། ཧྥ་རན་སིའི་པ་ལི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིད་ཚན་རྩ་འཛུགས་ཀྱིས་བསྡུས་པའི་སྐབས31པའི་ཚོགས་འདུ་རུ། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་ལོ་ངོ་སྟོང་གི་རྗེས་དྲན་བྱ་འགུལ་ཞེས་པ་དེ2002-2003ལོའི་ལོ་འཁོར47པའི་རྗེས་དྲན་བྱ་འགུལ་གྱི་མཚན་བྱང་དུ་བཞག་ཅིང་། དེས་གེ་སར་ཤེས་རིག་སྲུང་སྐྱོབ་ལ་རྟིང་སྐུལ་མཛད་པ་དང་མཉམ་དུ། རིག་གནས་འདིའི་རིན་ཐང་ལ་རྒྱལ་སྤྱིའི་བརྩི་མཐོང་ཆེན་པོ་མཛད་བཞིན་པ་མཚོན། 2003ལོའི་ཟླ7པའི་ཚེས18ཉིན། རང་རྒྱལ་གྱི་མི་དམངས་ཚོགས་ཆེན་ཁང་དུའང་གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་ལོ་ངོ་སྟོང་གི་རྗེས་དྲན་བྱ་འགུལ་གྱི་ཚོགས་ཆེན་བསྡུས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་། རིག་གནས་པུའུ། རྒྱལ་ཁབ་དམངས་ཨུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཅུའུ། ཀྲུང་གོ་རིག་གནས་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་ལོ་ངོ་སྟོང་གི་རྗེས་དྲན་བྱ་འགུལ་གྱི་རིག་རྩེད་དགོང་ཚོགས་བསྡུས་པ་དང་། 2006ལོའི་ཟླ5པར་གེ་སར་སྒྲུང་ནི་སྐོར་དང་པོའི་རྒྱལ་ཁབ་རིམ་པའི་རིག་གནས་ཤུལ་བཞག་གི་མིང་ཐོ་རུ་བཀོད་དེ། རིག་གནས་འདི་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བར་གོང་རིམ་གྱི་རྒྱབ་སྐྱོར་ཆེན་པོ་ཐོབ།
4 .གེ་སར་རིག་གནས་ཕྱོགས་ཀྱི་ཐོན་ལས།
    གེ་སར་རིག་གནས་ཀྱི་མཚན་སྙན་འཛམ་གླིང་ཡོངས་སུ་ཁྱབ་པ་དང་བསྟུན་ནས། མི་རྣམས་ཀྱིས་གེ་སར་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ཏེ་ཐོན་ལས་སྤེལ་བའི་མགོ་བརྩམས། ས་ཁུལ་ཁ་ཤས་ཤིག་གིས་སྔར་གྱི་ཡུལ་མིང་སྤངས་ཏེ་གེ་སར་ཕ་ས་ཞེས་བསྒྱུར་པ་དང་། ཡང་ས་ཁུལ་ཁ་ཤས་ཤིག་གིས་གེ་སར་འཁྲུངས་ཡུལ་ཞེས་སུ་འདོགས་པའི་སྣང་ཚུལ་མང་པོ་མཆིས། ད་ལྟར་མཚོན་ན་གནས་སྐོར་ལས་རིགས་ནི་ས་ཁུལ་སོ་སོའི་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་ཡང་རིག་གནས་ཐོན་ཁུངས་སྔོག་འདོན་བྱ་རྒྱུར་གཙོ་བོར་གྱུར་ཡོད་རྐྱེན། གེ་སར་སྒྲུང་གི་རིག་གནས་ཀྱི་གོ་བབ་ཀྱང་དེ་དང་བསྟུན་ནས་ངོས་ཟིན་ཏེ། བོད་ཀྱི་ས་ཁུལ་མང་ཤས་ཤིག་ཏུ་གེ་སར་སྒྲུང་དང་འབྲེལ་བའི་རྟ་རྒྱུག་འགྲན་ཚོགས་དང་། རིག་གནས་གནས་སྐོར་དུས་ཆེན་གྱི་བྱ་འགུལ་མང་པོ་སྤེལ་བཞིན་ཡོད་པས། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཤུལ་བཞག་འདི་གཞོན་རབས་པར་ཁྱབ་སྒྲོག་དང་ཁྱབ་གདལ་དུ་གཏོང་བར་ནུས་པ་ངེས་ཅན་ཞིག་ཐོན་ཡོད་ལ། དེའི་ཞོར་དུ་བྱ་འགུལ་དེ་དག་ལ་བརྟེན་ནས་དཔལ་འབྱོར་གྱི་ཡོང་འབབ་ཀྱང་ངེས་ཅན་ཞིག་ཐོབ་ཡོད། དཔེར་ན་ཟི་ཁྲོན་གསེར་རྟ་རྫོང་ལ་མཚོན་ན། གནས་དེ་རུ་གེ་སར་འཆད་སྒྲུང་གི་སྒྱུ་རྩལ་དང་། གེ་སར་ཟློས་གར། རྡོ་བརྐོས་གེ་སར་ཐང་ག གེ་སར་བཟོ་བཀོད་སྒྱུ་རྩལ་སོགས་དར་ཆེ་བས། སྔར་རིག་གནས་པུའུ་ཡིས་ཀྲུང་གོའི་དམངས་ཁྲོད་རིག་གནས་ཀྱི་ཕ་ས་ཞེས་པ་དང་། ཟི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་གེ་སར་ཟློས་གར་གྱི་ཕ་ཡུལ་ཞེས་པའི་མཚན་བསྩལ་མྱོང་ལ། ས་གནས་སྲིད་གཞུང་གིས་ཀྱང་དགེ་མཚན་དེ་དག་གཞིར་བྱས་ནས་གེ་སར་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ཁང་དང་། གེ་སར་རིག་གནས་སྒྱུ་རྩལ་གྱི་ལྕགས་རི་སོགས་མང་དུ་བཞེངས་ཡོད་ལ། དེས་ས་གནས་དཔལ་འབྱོར་གོང་དུ་སྤེལ་བའི་དུས་མཚུངས་སུ། མི་རིགས་རིག་གནས་འཕེལ་རྒྱས་སུ་འགྲོ་བར་ཡང་ཕན་ནུས་ངེས་ཅན་ཞིག་ཐོན་ཡོད།
གསུམ། གེ་སར་རིག་གནས་འཕེལ་རྒྱས་ཐད་ཀྱི་བསམ་གཞིག
ཀ གེ་སར་རིག་གནས་ཀྱི་རིན་ཐང་ལ་ངོས་གསལ་བོར་འཛིན་པ།
    རིག་གནས་ཤིག་གནས་ཤིང་འཕེལ་ཐུབ་མིན་ནི་དེའི་རིན་ཐང་ལ་རག་ལས་ཡོད་དེ། གེ་སར་སྒྲུང་ནི་བོད་མི་རིགས་ཐུན་མོང་གི་རླབས་ཆེ་བའི་གསར་སྐྲུན་ཞིག་ཡིན་ཞིང་། དེ་ནི་ལྷ་སྒྲུང་དང་ངག་རྒྱུན། གཏམ་རྒྱུད། ལོ་རྒྱུས། རྟོགས་བརྗོད། ལྡེའུ། བཤད་པ། གཏམ་དཔེ། མགུར་གླུ། ཆོས་ལུགས་བཅས་ཀྱི་བདག་ཉིད་ཅན་ཞིག་ཡིན་པས། གནའ་བོའི་སྤྱི་ཚོགས་ཀྱི་གཟུགས་བརྙན་མ་ལུས་གསལ་ལེར་མཚོན་པའི་མེ་ལོང་ཞིག་ཡིན་ལ། ཡུལ་སྲོལ་གོམས་གཤིས་དང་། འདུ་ཤེས་འཛིན་སྟངས། རྩོམ་རིག་སྒྱུ་རྩལ་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཞིག་ཀྱང་ཡིན་པས། བོད་མི་རིགས་ཀྱི《རིག་བརྒྱའི་བང་མཛོད》(ཤེཛྷཏུཾཋཱཾ)ཅེས་པའི་མཚན་སྙན་བསྩལ་ཡོད་ལ། འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ཐད་ནས་བལྟས་ནའང་། རྒྱ་གར་གྱི་སྙན་ངག་རྒྱས་པ་མ་ཧཱ་བྷ་ར་ཏ་དང་། ཧི་མས་བརྩམས་པའི་བྱུང་བརྗོད་སྙན་ངག་ཆེན་མོ་གཉིས་ལས་ལྷག་པར་གྱུར་ཏེ། འཛམ་གླིང་གི་ཆེས་རིང་བའི་བྱུང་བརྗོད་སྙན་ངག་ཅེས་སྙན་པའི་བ་དན་སྲིད་རྩེར་གཡོ་བཞིན་ཡོད་ཀྱང་། བོད་མི་རིགས་རང་གི་ཁྲོད་ནས་ད་དུང་རིག་གནས་འདི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཏུ་ངོ་ཤེས་མཁན་ཉུང་ཕྱིར། ཤེས་ལྡན་པ་དག་གིས་འདིའི་རིན་ཐང་ཕྱོགས་ནས་ཁྱབ་སྒྲོག་བྱས་ཏེ། ཐོག་མར་བསམ་བློའི་སྟེང་ནས་རིག་གནས་འདི་ཀུན་ལ་ངོས་ཟིན་པར་བྱ་རྒྱུ་ནི་ཕྱིས་སུ་རིག་གནས་འདི་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་སྙམ།
ཁ། འཚོལ་སྡུད་དང་པར་སྐྲུན་ཕྱོགས་ལ་ཤུགས་སྣོན་པ།
  དུས་རབས་ཕྱེད་ཙམ་གྱི་རིང་འདིར། གླིང་སྒྲུང་འཚོལ་སྡུད་ལེགས་སྒྲིག་དང་པར་སྐྲུན་ཞིབ་འཇུག་གི་ལས་དོན་ལ་འཕེལ་རྒྱས་ཉམས་དགའ་བ་ཞིག་བྱུང་ཡོད་མོད། འོན་ཀྱང་ང་ཚོས་ད་ལྟ་དངོས་སུ་སྒྲ་ཕབ་དང་ཟིན་བྲིས་སུ་བཀོད་པ་དང་བསྡུར་ན། ལེགས་སྒྲིག་པར་སྐྲུན་བྱས་པ་ཤིན་ཏུ་ཉུང་ལ། སྒྲུང་པ་རྣམས་ཀྱི་དྲན་པའི་མེ་ལོང་དུ་ཤར་བ་དང་བསྡུར་ན་དེ་བས་ཀྱང་ཉུང་། དེའི་ཕྱིར་ང་ཚོས་ད་ལྟའི་སྒྲུང་པ་དག་འཚོ་བཞུགས་ཀྱི་གོ་སྐབས་ཕྲ་མོ་དམ་འཛིན་བྱས་ཏེ། གླིང་སྒྲུང་འཚོལ་སྡུད་དང་པར་སྐྲུན་ཞིབ་འཇུག་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་བཤོལ་ཐབས་མེད་པའི་འོས་འགན་ཞིག་ཡིན་སྙམ།
ག གེ་སར་རིག་གནས་ཀྱི་མཚོན་ཐབས་སྣ་མང་ཅན་དུ་གཏོང་བ།
  དེང་གི་དུས་འདིར། རིག་གནས་གསར་བའི་དགེ་མཚན་དང་ལེགས་ཆ་བེད་སྤྱད་ནས་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་སུ་གཏང་རྒྱུ་ནི་ཤིན་ཏུ་གལ་ཆེ། དེའི་ཕྱིར་གེ་སར་རིག་གནས་ཀྱང་དེ་ལས་མ་འདས་པར། དུས་རབས་དང་མཐུན་ཞིང་། རྗེས་རབས་པ་བློ་མཆོག་དམན་ཀུན་གྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་བར་ཡང་འབད་འབུངས་བྱ་དགོས། ད་ལྟ་གེ་སར་སྒྲུང་འདི་ཟློས་གར་གྱི་རྣམ་པའི་ལམ་ནས་ཀུན་གྱི་མིག་གི་དགའ་སྟོན་དུ་གྱུར་དང་འགྱུར་བཞིན་ཡོད་ལ། གོ་ཐོས་སུ་རྩོམ་པ་པོ་རེ་གཉིས་ཀྱིས་ད་དུང་བརྩམས་སྒྲུང་གི་སྒྱུ་རྩལ་མཚོན་ཐབས་ལ་བརྟེན་ནས་མཚོན་གྱིན་ཡོད་ཟེར། གཞན་ཡང་། ཧོ་ནན་ཞིང་ཆེན་ཀྲིན་ཀྲིག་ཞའོ་ཡིན་ཐའོ་བྱིས་རིས་ཀུང་སིས《གེ་སར་རྒྱལ་པོ》ཞེས་པའི་བྱིས་པའི་འགུལ་རིས་བརྙན་འཕྲིན་ཞིག་ཕབ་ལེན་བྱེད་བཞིན་ཡོད་ཟེར། འདི་དག་གིས་གེ་སར་རིག་གནས་འཕེལ་རྒྱས་སུ་གཏོང་བར་ནུས་པ་ངེས་ཅན་ཞིག་ཐོན་སྲིད་པས། ལས་འདི་ལ་འཇུག་མཁན་དག་གིས་སྒྲ་ཐགས་དང་བརྙན་སྡེར(VCD DVD)དུ་ཕབ་པ་དང་། བྱིས་པའི་མུ་འབྲེལ་རི་མོ་རྩོམ་པ། དྲ་རྒྱའི་རོལ་རྩེད་དུ་ཇུས་འགོད་བྱེད་པ་སོགས་དེང་རབས་ཅན་གྱི་རྣམ་པའི་ལམ་ནས་སྔར་བས་གསོན་ཉམས་ཅན་དང་རོ་མངར་ཅན་དུ་གཏོང་བར་འབད་དགོས།
ང་། སྒྲུང་པར་སྲུང་སྐྱོབ་བྱེད་པ།
  རྒྱལ་ཁབ་རིག་གནས་པུའུ་ཡིས་གཏན་འབེབ་ལྟར། སྒྲུང་པ་མང་པོ་ཞིག་ལ་གེ་སར་སྒྱུ་རྩལ་པ་དང་། དམངས་ཁྲོད་རྩོམ་རིག་པའི་མཚན་གནས་གནངས་པ་མ་ཟད། དམངས་ཁྲོད་རྩོམ་རིག་དང་འབྲེལ་ཡོད་ལས་ཁུངས་སུ་བྱ་བ་བཀོད་སྒྲིག་མཛད་དེ། རྒྱལ་ཁབ་ཀྱི་ལས་བྱེད་པ་དངོས་སུ་གྱུར་པ་དང་། དེ་ལས་ལ་ལ་ཞིག་ལ་ད་དུང་རྒྱལ་ཁབ་ནས་ཆེད་མཁས་པའི་བྱ་དགའི་དངུལ་སྦྱིན་ཀྱིན་ཡོད། ཡིན་ནའང་གནད་དོན་གསར་བ་ཞིག་ང་ཚོའི་མདུན་དུ་ལྷགས་པ་ནི། སྒྲུང་པའི་སྔོན་གྱི་འཚོ་བའི་གནས་བབ་དང་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བས། སྒྲུང་བའི་འཆད་གྱེར་གྱི་ནུས་པ་ཡང་རིམ་གྱིས་ཉམས་དམས་སུ་འགྲོ་བཞིན་ཡོད། གེ་སར་སྙན་སྒྲུང་ནི་གངས་རི་དང་། རྩྭ་ཐང་། ཕྱུགས་ར་སོ་སོའི་བར་ནས་བརྒྱུད་དེ་ཁྱབ་པ་ཡིན་པས། ཆེས་རྒྱུས་ཆེ་བའི་རང་བྱུང་ཁོར་ཡུག་དང་བྲལ་ཞིང་། ཉན་ལ་སྤྲོ་བའི་གེ་སར་གྱི་མང་ཚོགས་དང་བྲལ་ཚེ། སྙན་སྒྲུང་འདི་ཡང་འཚོ་གནས་བྱེད་སའི་གཤིན་ས་དང་བྲལ་བ་མ་ཡིན་ནམ། དེའི་ཕྱིར་ཁོ་ཚོའི་དངོས་པོའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་ཁོ་ནར་དམིགས་ནས། སྒྲུང་པ་ཚང་མ་གྲོང་དང་གྲོང་ཁྱེར་དུ་ཞུས་ན། སྙན་སྒྲུང་འཚོ་གནས་བྱེད་སའི་རིག་གནས་ཁོར་ཡུག་ཇི་ལྟར་སྲུང་སྐྱོབ་བྱེད་པ་འདིའང་ཆེད་མཁས་པ་དག་གིས་དོ་སྣང་བྱ་འོས་པ་ཞིག་རེད་དོ། །   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1