གཉིད་ཁུག་མིན་དེ་མཐའ་གཅིག་ཏུ་མི་རྣམས་ཀྱིས་ཞིབ་འཇུག་བྱེད་འདོད་པའི་གནད་དོན་འགངས་ཆེན་ཞིག་ཡིན་ལ། ལུས་ཁམས་དང་སེམས་ཁམས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། རྒྱུ་མཚན་ནི་མིའི་ཚེ་སྲོག་གི1/3ནི་ཧ་ལམ་གཉིད་ཀྱི་ཁྲོད་དུ་སྐྱེལ་བཞིན་ཡོད་ཅིང་། གཉིད་ལོག་པ་དེས་ངལ་བཟང་པོ་ཞིག་གསོ་ཐུབ་པས། སེམས་ཤུགས་དང་ལུས་ཤུགས་སླར་གསོ་བྱེད་པར་དགེ་མཚན་ཆེན་པོ་ལྡན། སྤྱི་ཚོགས་འཕེལ་རྒྱས་དང་ཚན་རྩལ་ཡར་ཐོན་བྱུང་བ་དང་བསྟུན་ནས་མཐོ་སྒང་ས་ཁུལ་དེ་མི་རྣམས་ཀྱིས་བྱེད་སྒོ་སྤེལ་སའི་ཁྱབ་ཁོངས་གཙོ་བོར་གྱུར་ཡོད་པ་རེད། རང་རྒྱལ་དུ་མཚོ་ངོས་ལས་མཐོ་ཚད་མུས 3000 ཡན་གྱི་མཐོ་སྒང་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི 1/6 ཟིན་ལ། མཚོ་བོད་མཐོ་སྒང་གིས་རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི 1/4 ཟིན་ཡོད་ཅིང་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་མུས 4500 ཡན་ཡིན་པ་དང་མི་གྲངས་ཧ་ལམ་བྱེ་བ་གཅིག་ལྷག་ཡོད། འོན་ཀྱང་མཐོ་སྒང་དུ་གཉིད་ཁུག་མིན་གྱི་གནད་དོན་དེས་མཐའ་གཅིག་ཏུ་མཐོ་སྒང་པའི་འཚོ་བ་དང་བདེ་ཐང་ལ་མི་ལེགས་པའི་ཤུགས་རྐྱེན་བཟོ་བཞིན་ཡོད་ལ། དེ་ནི་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་གསོ་རིག་གི་གནད་དོན་ཞིག་ཀྱང་རེད།
1.ཅི་ཞིག་ལ་གཉིད་ཟེར།
གཉིད་ཀྱི་མཚན་ཉིད་ངོ་མ་ནི། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གོ་དོན་མི་འདྲ་བ་རེ་ཡོད་ལ། དང་ཐོག་ཧྥ་རན་སི་རྒྱལ་ཁབ་ཀྱི་མཁས་དབང་རྣམ་པས་གཉིད་ཟེར་བ་དེ་ནི་ལུས་ཁམས་ཀྱི་དགོས་མཁོ་ཞིག་ཡིན་པ་དང་། དེས་ཚོར་སྣང་རང་བཞིན་གྱི་བྱ་སྤྱོད་དང་འགུལ་སྐྱོད་རང་བཞིན་གི་བྱ་སྤྱོད་རྣམས་གནས་སྐབས་སུ་མཚམས་འཇོག་ཏུ་བཅུག་ཡོད་ལ། གལ་ཏེ་སྒུལ་བའམ་འབོད་པ་སོགས་གཉིད་ཅུང་ཙམ་དཀྲོག་པས་ཀྱང་ཕྱིར་སད་དུ་འཇུག་ཐུབ་པའི་རྣམ་པ་ཞིག་ལ་ཟེར། ཉེ་ཆར་ཞིབ་འཇུག་བྱས་པ་ལས་གཉིད་ཞེས་པ་དེ་ནི་ཀླད་ཆེན་གྱིས་འཕྲིན་གསར་བསྐྱར་སྒྲིག་བྱེད་ཆེད། དབང་རྩར་ངར་སློང་བ་དེ་གནས་སྐབས་སུ་ཐོག་མའི་ངར་ཤུགས་ཅུང་ཞན་པའི་དབང་རྩའི་ཕྲ་ཕུང་སྟེང་སྤོ་བསྒྱུར་བྱས་པ་མ་ཟད། ཕྲ་ཕུང་དེ་དག་གིས་མིའི་ཚེ་སྲོག་གི་འགུལ་སྐྱོད་མང་ཆེ་བར་བདག་འཛིན་བྱས་ཡོད་པའི་དུས་མཚུངས་སུ། བསྐྱར་སྒྲིག་དང་ལེགས་སྒྲིག་བྱེད་བཞིན་ཡོད་པར་བརྟེན། གཉིད་ནི་ཀླད་ཆེན་གྱིས་རང་འགུལ་སྒོས་སྲུང་སྐྱོབ་བྱེད་པའི་རང་བཞིན་གྱི་འགུལ་སྐྱོད་ལ་ཚོད་འཛིན་བྱེད་པའི་གོ་རིམ་དེ་ཡིན།
གཉིད་ལ་མིག་རིལ་མྱུར་དུ་འགུལ་སྐྱོད་མི་བྱེད་པའི་གཉིད(NREM)དང་མིག་རིལ་མྱུར་དུ་འགུལ་སྐྱོད་བྱེད་པའི་གཉིད(REM)བཅས་རིགས་གཉིས་སུ་དབྱེ་ཆོག གཉིད་མགོ་རྩོམ་སྐབས་ཐོག་མར་མིག་རིལ་མྱུར་དུ་འགུལ་སྐྱོད་མི་བྱེད་པའི་གཉིད་ཀྱི་དུས་རིམ་དུ་ཞུགས་དགོས་པ་དང་། དེ་ལ་དལ་འགུལ་དུས་སྐབས་ཀྱང་ཟེར། སྐབས་དེར་ཀླད་དཔྱད་འགུལ་སྐྱོད་དེ་དུས་མཉམ་རང་བཞིན་གྱི་དལ་འགུལ་གྱི་རྣམ་པར་གནས་པས། དབུགས་ལེན་སྟངས་སྙོམ་པ་དང་སྙིང་གི་འཕར་སྟངས་ཇེ་དལ་དུ་འགྲོ་བ། ཁྲག་ཤེད་ཇེ་དམར་འབབ་པ། རྙིང་ཚབ་གསར་བརྗེ་བྱེད་ཚད་ཇེ་དམར་འགྲོ་བ། ལུས་ཡོངས་ལྷོད་པོར་གནས་ཡོད་ཀྱང་སྔར་བཞིན་ལུས་ཀྱི་བཟོ་ལྟ་མ་ཉམས་པར་གནས་ཡོད་ལ་ཕོ་རྒྱུའི་འགུལ་སྐྱོད་བྱེད་ཚད་ཇེ་མཐོར་སོང་ཡོད། དེ་ལྟར་དུས་ཚོད་སྐར་ཆ70~100ཙམ་འགོར་རྗེས་ད་གཟོད་མིག་རིལ་མྱུར་དུ་འགུལ་སྐྱོད་བྱེད་པའི་དུས་རིམ་དུ་ཞུགས་པ་དང་། དེ་ལ་མྱུར་འགུལ་དུས་སྐབས་ཀྱང་ཟེར། སྐབས་དེར་གཉིད་གཏིང་དུ་བབ་ཡོད་མོད། འོན་ཀྱང་ཀླད་དཔྱད་འགུལ་སྐྱོད་དེ་གཉིད་སད་པའི་སྐབས་དང་ཧ་ལམ་འདྲ་ལ། དུས་མཉམ་རང་བཞིན་གྱི་མྱུར་འགུལ་གྱི་རྣམ་པར་གནས་ཡོད། དེའི་མངོན་རྟགས་གཙོ་བོ་ནི་མིག་རིལ་དེ་རྒྱུན་པར་གློ་བུར་དུ་འགུལ་སྐྱོད་རེ་བྱེད་པ་དང་དབུགས་ལེན་སྟངས་ཅུང་མགྱོགས་ལ། སྙིང་གི་འཕར་སྟངས་ཇེ་མགྱོགས་སུ་འགྲོ་བ། ཁྲག་ཤེད་ཇེ་མཐོར་འགྲོ་བ། ཀླད་ཁྲག་འཁོར་སྐྱོད་བྱེད་ཚད་ལྡབ་གཅིག་ཇེ་མཐོར་འགྲོ་བ། ངོ་གདོང་དང་རྐང་ལག་རྒྱུན་དུ་འགུལ་བ། ལུས་ཡོངས་ཀྱི་ཤ་རྣམས་ལྷོད་པོར་གནས་ཡོད་པར་མ་ཟད་རྨི་ལམ་གྱི་ཞིང་ཁམས་སུའང་ཞུགས་ཡོད་པ་རེད། གཉིད་ཚད་དེ་ལོ་ཚོད་དང་བསྟུན་ནས་ཇེ་ཉུང་དུ་འགྲོ་ངེས་དེ། བྱིས་པ་རློན་ནུའི་གཉིད་ཚད་ཉིན་རེར་དུས་ཚོད་18~20བར་ཡིན་ཞིང་། བྱིས་པའི་གཉིད་ཚད་ཉིན་རེར་དུས་ཚོད་12~14 བར་ཡིན། མི་དར་མའི་གཉིད་ཚད་ཉིན་རེར་དུས་ཚོད7~8བར་དང་རྒན་པའི་གཉིད་ཚད་ཉིན་རེར་དུས་ཚོད་5~7བར་རེད། འོན་ཀྱང་གཉིད་གཏིང་དུ་བབ་མེད་པའི་དུས་སྐབས་དེ་ནི་མི་དར་མའི་ལོ་ཚོད་གང་ཞིག་ཡིན་རུང་ཚང་མ་གཅིག་མཐུན་ཡིན་ལ། རྒན་པ་རྣམས་མཚན་མོར་གཉིད་ལས་སད་པའི་གྲངས་ཀ་དང་དུས་ཚོད་ཡོངས་ཁྱབ་ཀྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རྒན་པའི་མིག་རིལ་མྱུར་དུ་འགུལ་སྐྱོད་བྱེད་པའི་གཉིད་ཚད་ཇེ་ཉུང་དུ་འགྲོ་བཞིན་ཡོད།
2.གཉིད་མི་ཁུག་པའི་རྒྱུ་རྐྱེན།
2.1ནང་སེམས་ཁམས་ཀྱི་རྒྱུ་རྐྱེན།
བསྒྲགས་པའི་གནས་ཚུལ་ལྟར་ན། གཉིད་མི་ཁུག་པའི་མིའི་ཁྲོད་ཀྱི75﹪ཙམ་ལ་འཚོ་བའི་དོན་རྐྱེན་གང་རུང་ཞིག་བརྒྱུད་པ་ལས་གཉིད་མི་ཁུག་པའི་སྣང་ཚུལ་བྱུང་བ་སྟེ། དཔེར་ན། སློབ་སྦྱོང་དང་འཚོ་བ། བྱ་བ་བཅས་ཁྲོད་ཀྱི་འགལ་བ་དང་བར་ཆད་སྣ་ཚོགས་དང་། མི་དང་མིའི་བར་གྱི་འགལ་བ། ཡིད་ཆེས་ཤོར་བ། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མེད་པ་སོགས་ལྟ་བུ་རེད། དེ་བས་བློ་སེམས་མ་བདེ་ན་གཉིད་མི་འབབ་པས། སེམས་ཁམས་བཟང་པོ་སྲུང་འཛིན་བྱེད་རྒྱུ་ནི་གཉིད་ཁུག་པར་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།
2.2ཁོར་ཡུག་དང་ཕྱིའི་ལུས་ཁམས་ཀྱི་རྒྱུ་རྐྱེན།
ཁོར་ཡུག་གི་འགྱུར་ལྡོག་སྟེ། ཉི་འོད་རབ་ཏུ་ཚ་བ་དང་། རྣ་བར་གཟན་པའི་སྒྲ་གྲགས་པ། གཡོ་འགུལ་ལྡན་པ་སྟེ། དཔེར་ན། ཁང་བའམ་མལ་སྟན་གྱི་དྲོད་ཚད་འོས་འཚམས་མིན་པ། གནས་སྐོར་དུས་ཚིགས་དང་མི་འཚམ་པ། འགྲངས་དྲགས་པའམ་ཡང་ན་ལྟོགས་དྲགས་པ། དགའ་དྲགས་པ། ཀླད་པ་འགུལ་དྲགས་པ། གཉིད་པའི་གོམས་སྲོལ་བསྒྱུར་བ་དང་དེ་མིན་ལུས་སྟོབས་སོགས་ལུས་ཁམས་ཀྱི་འགྱུར་ལྡོག་སོགས་ཚང་མས་ཀྱང་མིའི་འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་དུ་བཅུག་ནས་གཉིད་ཁུག་པར་ཤུགས་རྐྱེན་ངན་པ་ཐེབས་པ་རེད། མཐོ་སྒང་ཏུ་འདི་ལྟ་བུའི་ཤུགས་རྐྱེན་ཐེབས་ཚད་དེ་མཚོ་ངོས་ལས་མཐོ་ཚད་དང་། མཐོ་སྒང་དུ་བསྡད་པའི་དུས་ཡུན་གྱི་རིང་ཐུང་བཅས་དང་འབྲེལ་བ་དམ་པོ་ཡོད།
2.3ནད་ཀྱི་རྒྱུ་རྐྱེན།
དབང་རྫས་རང་བཞིན་དང་དབང་རྫས་རང་བཞིན་མ་ཡིན་པའི་ནད་རིགས་ཁ་ཤས་ཤིག་གིས་ཀྱང་གཉིད་ཡལ་བར་བྱེད་སྲིད་དེ། དཔེར་ན་ནད་རྟགས་སྣ་ཚོགས་ཀྱིས་བསླངས་པའི་ན་ཟུག་ལངས་པ་དང་དབུགས་ལེན་དཀའ་བ། ཁོག་པ་སྦོས་པ་དང་འཁྲུ་བ། གཅིན་སྙི་བ། ཟ་འཕྲུག་ལངས་པ་སོགས་ལྟ་བུ།
2.4སྨན་རྫས་ཀྱི་རྒྱུུ་རྐྱེན།
སྨན་རྫས་དང་ཆང་བཅུད་རིགས་མང་པོས་ཀྱང་གཉིད་ཁུག་པར་ཤུགས་རྐྱེན་ཐེབས་ངེས་ཏེ། དཔེར་ན། ཁ་ཧྥེ་རྒྱུ་དང་མཚེ་ལྡུམ་གྱི་སྙིང་བཅུད། ཚོར་འགྲིམ་དབང་རྩའི་སྨན། ཟུངས་ཕྲུན་རིགས། ཨོལ་གོང་གཤེར་རྨེན་གྱི་རྒྱུ། སེམས་བདེ་སྨན་རྫས། སྐྱོ་སེལ་སྨན་རྫས། ལེན་གཟུགས་འགོག་རྫས་སོགས་ཚང་མས་གཉིད་ཁུག་པར་བར་ཆད་བཟོ་སྲིད་པ་ལྟ་བུ།
2.5འཚོ་བའི་གོམས་སྲོལ་མི་ལེགས་པའི་རྒྱུ་རྐྱེན།
དགོང་མོ་ཉལ་ཁར་དུ་བ་འཐེན་པ་དང་ཆང་འཐུང་བ། ཇ་རྒོད་དམ་ཁ་ཧྥེ་འཐུང་བ། གཉིད་གཅོག་པ(དེ་ནི་རང་དབང་དང་ཡང་ན་གཞན་དབང་གིས་གཉིད་དུ་མི་འཇུག་པ་སྟེ། དཔེར་ན། ཉིན་དཀར་བྱ་བ་སྒྲུབ་རྗེས་མཚན་མོར་མ་ཅང་རྒྱག་པ་དེ་ནི་གཉིད་གཅོག་པའི་དཔེར་མཚོན་གལ་ཆེན་ཞིག་རེད། )སོགས་ཚང་མས་ཀྱང་གཉིད་ཁུག་པར་བར་ཆད་བཟོ་སྲིད།
3.གཉིད་དང་མི་ལུས་བདེ་ཐང་བར་གྱི་འབྲེལ་བ།
3.1ཨ་མེ་རི་ཁའི«གཉིད་ཁུག་མིན་ལ་ཞིབ་འཇུག»བྱེད་པའི་དུས་དེབ་སྟེང་བཀོད་པ་ལྟར་ན། མི་རྣམས་གཉིད་དགོས་པ་དེ་ནི། གཉིད་པའི་སྐབས་སུ་དབང་རྩའི་མ་ལག་རྣམས་ལ་ཕྱི་ཡུལ་གྱིས་ཤུགས་རྐྱེན་ཐེབས་པ་ཉུང་ཞིང་། ཀླད་ཆེན་གྱི་ནུས་པར་ཚོད་འཛིན་བྱས་ཡོད་ལ། དུས་མཚུངས་སུ་ཀླད་ཆེན་གྱིས་སྤྱོད་སྒོ་ཆུང་མོད་ཤིན་ཏུ་གལ་འགངས་ཆེ་བའི་དབང་རྩའི་ཕྲ་ཕུང་རྣམས་ལ་བདག་སྐྱེས་ཉམས་གསོ་བྱས་ཆོག་པའི་རྐྱེན་རེད། ཨ་མེ་རི་ཁའི་མ་ཧྲིན་རང་བྱུང་བཟོ་སྐྲུན་རིག་པའི་ཞིབ་འཇུག་པས། ཀླད་ཆེན་ཐང་འབྲས་གཟུགས་ཀྱི་ཟགས་ཐོན་གྱི་ནག་ཕུད་སྐུལ་རྩི་དེ་མཚན་མོར་ཆེས་མང་པོར་གྱུར་ནས་མི་ལ་གཉིད་འགུག་པར་བྱེད་སྲིད་ལ། ཉིན་དཀར་ཟགས་ཐོན་དེར་ཚོད་འཛིན་ཐེབས་ཡོད་པ་ཤེས།
3.2རྒྱུན་ལྡན་གྱི་གཉིད་ཡོད་པའི་སྐབས་སུ་ཤ་ལྷོད་ཡོད་ཅིང་ཁྲག་རྩ་རྒྱས་ཡོད་པ་དང་། ཁྲག་ཤེད་ཆ་སྙོམས་ཀྱིས10﹪~15﹪ཙམ་མར་བབ་ཡོད་པས་སྙིང་གི་ཁག་ཁུར་ཇེ་ཡང་དུ་གྱུར་ནས་སྙིང་ཁམས་ཀྱིས་ངལ་གསོ་བྱས་ཆོག དེ་ལས་གཞན། མཚན་མོར་པགས་རྫས་ཟུངས་ཕྲུན་རིགས་ཀྱི་ཟགས་ཐོན་ཚད་རིམ་གྱིས་ཇེ་དམར་གྱུར་ཡོད་པར་མ་ཟད། ནག་ཕུད་རྒྱུ་དང་མཉམ་སྡེབ་བྱས་ཡོད་པས་མི་ལ་གཉིད་འབབ་སླ་བ་རེད། ནམ་ལངས་པ་དང་བསྟུན་ནས། པགས་རྫས་ཟུངས་ཕྲུན་རིགས་ཀྱི་ཟགས་ཐོན་ཚད་དེ་ཡུན་གྱིས་ཇེ་མཐོར་གྱུར་ནས་ནམ་གསལ་ལ་ཉེ་བའི་སྐབས་སུ་ཆེས་མཐོ་བའི་ཚད་དུ་ཐོན་ཡོད།དེར་བརྟེན་གཉིད་འདང་ཚིམ་པ་ཞིག་ལོག་ན་པགས་རྫས་ཟུངས་ཕྲུན་རིགས་རང་ཤུགས་ཀྱིས་འཁོར་སྐྱོད་བྱེད་ཐུབ་པ་དང་མི་ལ་སྟོབས་ཤུགས་ལྡན་པ་རེད། གལ་ཏེ་བསྟུད་མར་གཟའ་འཁོར་གཅིག་གི་རིང་ལ་གཉིད་བཅག་ན། པགས་རྫས་ཟུང་ཕྲུན་རིགས་ཀྱི་ཟགས་ཐོན་ཚད་དེ་ཞོགས་པར་ཆེས་མཐོ་བའི་ཚད་ལ་སླེབས་མི་ཐུབ་པས་མི་ལ་ངལ་དུབ་འབྱུང་བ་དང་ལུས་སྟོབས་མེད་པའི་སྣང་ཚུལ་འབྱུང་སྲིད།
3.3གཉིད་པའི་སྐབས་སུ་གལ་ཏེ་དབུགས་ལེན་སྟངས་མི་སྙོམས་པ་དང་། སྔུར་བ་འཐེན་པ། དུས་ཡུན་ཐུང་ངུའི་ནང་དབུགས་ལེན་མཚམས་འཇོག་པ། འགག་པ། གཉན་ཚད་སོགས་ཚང་མས་ཀྱང་དབུགས་ལེན་པ་དང་གཉིད་པར་ཤུགས་རྐྱེན་བཟོ་སྲིད། ཨོ་ཏ་ལིས་ཡའི་ཞིབ་འཇུག་སློབ་ཚོགས་ཞིག་གིས་བསྟན་དོན། ལུས་སྟེང་གི་ཕྲ་ཕུང་ཕལ་ཆེ་བ་གཉིད་ཡོད་པའི་སྐབས་སུ་ཁ་གྱེས་བཞིན་ཡོད་པས། གཉིད་ཀྱིས་མི་འདང་བ་དང་གཉིད་བཅག་ན་ཕྲ་ཕུང་རྒྱུན་ལྡན་སྒོས་ཁ་གྱེས་པར་ཤུགས་རྐྱེན་ཐེབས་ནས་འབྲས་སྐྲན་ཕྲ་ཕུང་གློ་བུར་དུ་འགྱུར་ནས་འབྲས་ནད་སློང་སྲིད་ཟེར། འོན་ཀྱང་ཨ་མེ་རི་ཁའི་ཆེས་གསར་བའི་ཞིབ་འཇུག་ཅིག་ལས། གཉིད་ཚད་མང་དྲགས་པའམ་ཉུང་དྲགས་པ་ཚང་མས་གཅིན་སྙི་ཟ་ཁུའི་ནད་དང་སྙིང་ནད་སློང་བའི་ཉེན་ཁ་ཇེ་མང་དུ་གཏོང་སྲིད་པ་ཤེས་པ་དང་། ཧྭ་ཧྥོ་སློབ་གྲྭ་ཆེན་མོ་ནས་ནད་གཡོག་པའི་བདེ་ཐང་ལ་ཞིབ་འཇུག་བྱེད་པའི་སྙན་ཞུ་ཤིག་ལས་གཉིད་ཀྱིས་མི་འདང་བ་དང་གཉིད་སྲོལ་དང་མི་མཐུན་པའི་མི་ལ་ནུ་འབྲས་དང་ལོང་འབྲས་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ་བ་གསལ་བོར་བསྟན། སྔོན་དཔག་བྱས་པ་ལྟར་ན། དེ་ནི་གཉིད་ཆག་པ་ལས་ལུས་སྟེང་གི་འབྲས་ནད་ལ་ལ་བསྐྱེད་པའི་སྐུལ་རྒྱུ་ཟགས་ཐོན་ཇེ་མང་དུ་བཏང་བས་རེད།
3.4གཉིད་པའི་སྐབས་སུ། ལུས་ཁམས་ཀྱི་ནུས་ཚད་ཟད་གྲོན་དུ་འགྲོ་ཚད་ཉུང་ཞིང་། འཕྱང་གཟུགས་ཀྱི་སྐུལ་རྒྱུ་བསྐྱེད་པའི་ཟགས་ཐོན་སྣ་ཚོགས་ཇེ་མང་དུ་གྱུར་ཡོད་པ་དང་། ལྷག་པར་དུ་འཚར་སྐྱེའི་སྐུལ་རྒྱུ་དེ་གཉིད་སྟུག་པོའི་སྐབས་སུ་ཟགས་ཐོན་ཆེས་མང་པོའི་ཚད་དུ་སླེབས་ཡོད་པ་རེད། འཚར་སྐྱེའི་སྐུལ་རྒྱུ་ལ་སྤྲི་དཀར་གྱི་རིགས་དང་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་མཉམ་སྡེབ་བྱས་པ་དེ་ཕན་པས། ལུས་ཡོངས་ཀྱི་ཕྲ་ཕུང་རྙིང་ཚབ་གསར་བརྗེ་བྱེད་པ་དང་། ངལ་དུབ་སེལ་བར་བྱེད་ལ། ལུས་སྟོབས་སོས་པ་དང་དྲན་ཤེས་གསོག་འཇོག་བྱེད་པས། གཉིད་པའི་སྐབས་ནི་ལུས་ཤུགས་སླར་སོས་པར་བྱེད་པར་དང་སླར་རྒྱས་པར་བྱེད་པའི་སྐབས་ཡིན་ཞེས་བཤད་ཆོག
3.5 དགེ་རྒན་ཆེན་མོ་པེ་ལི་ཏ་པིས་ཀྱིས་མགོ་ཁྲིད་མཛད་པའི་ཞིབ་འཇུག་ཚན་ཆུང་གིས་གཉིད་དང་གཉིད་འགུག་པ་དང་མི་ལུས་ཀྱི་ནད་འགོག་ནུས་པའི་བར་གྱི་འབྲེལ་བར་ཞིབ་འཇུག་བྱས་པ་ལས། གཉིད་མི་ཁུག་པའི་མི་ལ་གཉིད་འགུག་པའི་བྱེད་ཐབས་སྤྱད་རྗེས། དེའི་ལུས་སྟེང་གི་ཁྲག་རྒྱུན་ནང T རྨེན་བུའི་ཕྲ་ཕུང་དང B རྨེན་བུའི་ཕྲ་ཕུང་གི་ཚད་ཚང་མ་མངོན་གསལ་སྒོས་ཇེ་མཐོར་འགྲོ་སྲིད་པ་དང་། དུས་མཚུངས་སུ་དུས་རྒྱུན་གྱི་འཚོ་བའི་གནོན་ཤུགས་ཀྱི་མདུན་དུ་སྔར་ལས་ཡིད་ཆེས་དང་རང་བརྩི་ལྡན་པ་ཤེས། དེ་བས་གཉིད་འདང་ཚིམ་པ་ཞིག་ལོག་ན་ངལ་དུབ་སེལ་ཐུབ་པར་མ་ཟད། ད་དུང་ལུས་ཀྱི་ནད་འགོག་ནུས་ཤུགས་ཀྱང་ཇེ་མཐོར་གཏོང་ཐུབ།
3.6 ཀྲུང་ལུགས་ཀྱི་འབྱུང་ཁམས་གསོ་བའི་ནང་དུ་གཉིད་དང་དོན་ལྔའི་འབྲེལ་བ་ཟབ་མོ་ནན་བཤད་བྱས་ཡོད་པ་དང་། ལྷག་པར་དུ་མཆིན་པར་ཡང་ཤུགས་རྐྱེན་བཟང་པོ་ཡོད་ལ། མར་ཉལ་ན་ཁྲག་འཁོར་སྐྱོད་བྱེད་ཐུབ་པ་དང་། ཙོག་པུར་བསྡད་ན་ལུས་ཕྱིར་ཁྲག་མཁོ་སྤྲོད་བྱེད་ཐུབ་པར་སྙམ་པས། དགོང་མོའི་དུས་ཚོད་བཅུའི་ཡས་མས་སུ་གཉིད་ན། མཆིན་པའི་ཁྲག་འཁོར་སྐྱོད་བྱས་ནས་དུག་ལྡན་གྱི་ཁྲག་ངན་ཕྱིར་ཕུད་དེ་ཁྲག་གསར་བ་བསྡུ་ལེན་བྱས་ནས་ལུས་སྟོབས་སླར་གསོ་བྱེད་ཐུབ།