སྤྱི་ཟླ་6པའི་ཚེས་17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་གཞུང་ཕྱོགས་གསར་འཕྲིན་རྒྱུས་ལོན་བྱུང་བ་ལྟར་ན། རྫོང་དེ་གའི་གསར་བརྩམས་བྱས་པའི་གླུ་གཞས་ཟློས་གར་《གེ་སར་ཁྲིར་ཞུགས་པའི་མཛད་སྒོ་ཆེན་མོ།》དེ་སྤྱི་ཟླ་7པའི་ཚེས་18ཉིན་ནས་བཟུང་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དགུ་རུ་སྐོར་འཁྲབ་བྱ་རྒྱུ་སྟེ། དེ་ནི་བོད་ཀྱི་རིག་གནས་དར་སྤེལ་བྱས་ཏེ་ངོ་མཚར་ཆེ་བའི་གེ་སར་གཏམ་རྒྱུད་མི་རྣམས་དང་བར་ཐག་ཇེ་ཉེར་ཡོང་བའི་ཆེད་དུ་ཡིན།
ཆུ་དམར་ལེབ་རྫོང་གི་རྫོང་དཔོན་གཞོན་པ་འཛོམས་སྐྱིད་ཚེ་ཡིས་མཚམས་སྦྱོར་དུ། གླུ་གཞས་ཟློས་གར་《གེ་སར་ཁྲིར་ཞུགས་པའི་མཛད་སྒོ་ཆེན་མོ།》ནི་སྲོལ་རྒྱུན་བོད་ཀྱི་ཟློས་གར་དང་དེང་རབས་མཚོན་ཐབས་ཟུང་དུ་འབྲེལ་བའི་ཚོད་ལྟ་ཞིག་སྟེ། ཟློས་གར་དེར་གེ་སར་སྐུ་འཁྲུངས་བ་དང། འཚར་ལོངས་བྱུང་བ། དེ་ལས་རྟ་རྒྱུགས་རྒྱལ་འཇོག་གི་དུས་རིམ་བར་གྱི་མི་སྣ་དང་གཏམ་རྒྱུད་གང་མང་ཞིག་གིས་འཁྲབ་སྟོན་བརྗོད་བྱ་གཙོ་བོ་དང་། གེ་སར་རྒྱལ་པོ་ཁྲིར་ཞུགས་པའི་མཛད་པའི་སྐབས་ཀྱི་མཛད་སྒོ་སྣ་ཚོགས་དང་དམངས་སྲོལ་རིག་གནས་གསལ་པོར་མངོན།།