༄༅།། ངོ་མཚར་གྱིས་ཕྱུག་པའི་མདོ་སྨད་རེབ་གོང་ཡུལ་གྱི་གྲུབ་གནས་བརྒྱད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-21


1.ཤེལ་དགོན་གྲུབ་གནས། 
  ཡུལ་དེ་ནི་ཐུན་རིན་རྫོང་མཁར་ནས་བར་ཐག་སྤྱི་ལེ་ཉེར་ལྔས་ཆོད་པའི་བྱང་ཤར་མཚམས་ཀྱི་ཞོ་འོང་དཔྱིས་ཞང་དཔོན་རུ་སྡེ་བ་དང་ཉེ་བར་ཆགས་ཡོད། དེ་ནི་གྲུབ་གནས་དབང་ཕྱུག་ཆེན་པོ་བརྒྱད་ཀྱི་ཐོག་མ་ཀ་ཐོག་རྡོ་རྗེ་དབང་པོས་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་གཟིགས་ནས་གནས་དེར་དཔལ་འཁོར་ལོ་སྡོམ་པ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྣམ་འབྱོར་ལ་བརྟེན་ནས་ཚེ་དང་སྙོམས་པའི་སྒྲུབ་པ་མཛད་དེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཤིང་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པའི་གནས་ཡིན་པར་གྲགས། སྒྲུབ་གནས་དེའི་བྲག་ངོས་རྣམས་སུ་བདེ་མཆོག་ཡབ་ཡུམ་དང་། ཉེ་བའི་སྲས་ཆེན་བརྒྱད། ཨོ་རྒྱན་སྣང་སྲིད་ཟིལ་གནོན། རྡོ་རྗེ་ཕག་མོ། བདེ་གསང་འཇིགས་གསུམ། ཐུགས་རྗེ་ཆེན་པོ། ལྷ་མོའི་དྲེའུ་རྗེས་སོགས་འབུར་གྱིས་གྲུབ་ཅིང་། སྒྲུབ་གནས་ཀྱི་ནང་དུས་རྒྱུན་དུ་བདེ་མཆོག་གི་གནས་ཆུའམ་བདུད་རྩི་བར་མ་ཆད་པར་འབབ་པ་དང་། ཁོར་ཡུག་ན་མཁའ་འགྲོ་སྡེ་ལྔའི་སྲོག་ཡིག་གི་ས་བོན་དང་། ཡིག་འབྲུ། རི་མོ་སྣ་ཚོགས་གོར་མའི་སྟེང་དུ་བབས་ཡོད་པ་མཐོང་རྒྱུ་ཡོད།
2.སྟག་ལུང་གྲུབ་གནས།
  ཡུལ་དེ་ནི་ཐུན་རིན་རྫོང་མཁར་ནས་བར་ཐག་སྤྱི་ལེ་བརྒྱད་ཀྱིས་ཆོད་པའི་ཤར་ལྷོའི་ཕྱོགས་ཀྱི་རྒྱལ་བོ་ཞང་ཆུ་ཅ་སྡེ་བའི་གོང་རོལ་གྱི་ཨ་མྱེས་སྟག་ལུང་ཞེས་པའི་རི་བོ་དེའི་མདུན་ངོས་སུ་ཡོད། དེ་ནི་གསང་སྔགས་རྙིང་མའི་གྲུབ་ཐོབ་པ་ཆེན་པོ་འོ་དེ་གུང་རྒྱལ་གྱིས་འཕགས་པ་ཐུགས་རྗེ་ཆེན་པོའི་སྒོམ་སྒྲུབ་ལ་བཞུགས་ཤིང་། ཚེ་དང་སྙོམས་པའི་ཟབ་མོའི་སྒྲུབ་པ་ལ་གཞོལ་བའི་སྟོབས་ཀྱིས་མཐར་སྐུ་ཚེ་དེ་ཉིད་ལ་འཕོ་མེད་འཇའ་ལུས་བརྙེས་པའི་གནས་ཡིན་པར་གྲགས། ཨོ་རྒྱན་པདྨས་སྤྲུལ་བ་བརྒྱ་ཕྲག་དུ་མ་སྤྲུལ་ནས་སྲིན་པོ་ཕོ་མོ་གཉིས་དམ་ལ་བཏགས་ཤིང་གནས་སྒོ་ཕྱེ་བ་ཡིན་པས། ཡ་ཐེམ་དུ་གུ་རུ་མཚན་བརྒྱད་དང་། གཡས་ཀྱི་བྲག་རི་ལ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར། རི་རྩེར་རྟ་མགྲིན་དམར་པོ་དངོས་སུ་གནས་པས་དུས་བཟང་ལ་རྟ་སྐད་ལྷང་ལྷང་དུ་འཚེར་བ་སོགས་ཡུལ་དེའི་མི་རེ་འགས་ཐོས་པར་བཤད། གཡོན་ཕྱོགས་སུ་ཡོད་པའི་བཀྲ་ཤིས་ཞལ་དཀར་རམ་ཆུ་ཅ་ཞལ་དཀར་གྱི་ངོས་ནི་སེང་གདོང་བདུད་འདུལ་དྲག་མོའི་ལྷ་ཚོགས་ཀྱི་གནས་ཡིན་པས་དེ་ན་ལྷ་རྡོ་དཀར་པོ་ཞེས་ལྷའི་ཡིག་འབྲུ་རང་བྱོན་དུ་བབས་ཡོད་ལ།ད་དུང་མུ་ཟི་ནག་པོ་དང་། ཕ་ཝང་ལོང་བུ་སོགས་ལྷ་ཀླུའི་རྟེན་ཆེའི་རྡོ་ཡང་བཙལ་ན་རྙེད་རྒྱུ་ཡོད་ཅེས་ཁྲི་རྒན་ཚང་གིས་བཤད། གྲུབ་གནས་ཀྱི་བྲག་ངོས་སྟེང་འོག་ཀུན་ཏུ་མཚལ་རིས་ལས་གྲུབ་པའི་མ་ཎི་ཡི་གེ་དྲུག་མ་དང་། འབྲུ་གསུམ་གྱི་ཡི་གེ་རང་བྱོན་མང་པོ་ཁྲ་ལམ་མིར་ཡོད། མདུན་ངོས་ཀྱི་བྱང་ཤར་ན་ཆུ་སྐྱེས་མཁའ་འགྲོ་འདུ་བའི་ཁྲོམ་ར་དང་། གཡས་ཕྱོགས་ཀྱི་ཨ་མ་གྱོ་མོ་དང་སྟག་ལུང་རི་བོ་གཉིས་ཀྱི་བར་ན་ཨོ་རྒྱན་པདྨས་བདུད་མ་སངས་སྲིན་པོ་བཏུལ་ནས་སྦྱིན་སྲེག་མཛད་ཤུལ་དང་ཞབས་རྗེས་ཡོད། གྱོ་མོའི་རྡོ་འཕྲང་གོང་མ་ན་སློབ་དཔོན་ཆེན་པོའི་ཕྱག་སེན་གྱིས་རྡོའི་ངོས་སུ་བྲིས་པའི་ཨ་ཤ་ས་མ་ཧ་ཞེས་པའི་མཐོང་གྲོལ་གྱི་ཡི་གེ་དག་ཀྱང་མཐོང་རྒྱུ་ཡོད། ཁོར་ཡུག་ཏུ་སྐྱེས་པའི་ལྗོན་ཤིང་དང་ཤུག་པ་ནི་གྲིབ་ནད་ལ་ཕན་པར་བཤད་སྲོལ་ཡོད་ལ། དེའི་བྱང་འདབས་ཆུ་ཅའི་ཐང་དུ་ལྷ་ལུང་དཔལ་རྡོར་གྱི་དངོས་སློབ་ཆུ་སྟོད་ཉི་མའི་འཁོར་ལོ་ཟེར་བའི་གྲུབ་ཐོབ་པ་ཞིག་གིས་ཆོས་གོས་ཉི་ཐིག་ལ་འགེལ་བ་སོགས་གྲུབ་རྟགས་བསྟན་པ་དང་།ཕྱག་རྟེན་ཤིང་སྐམ་པོའི་འཁར་བ་གཉིས་བཙུགས་པ་ལས་སྐྱེས་པ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་ཆུ་ཅ་ལྷ་ཤིང་དུ་གྲགས་པའི་ཐང་སྡོང་ཆེན་པོ་དེ་དང་། གསེར་ཀླུའི་ཆུ་མིག་གི་མགོ་ན་ཡོད་པའི་མ་གལ་གྱི་སྡོང་བོ་ཆེན་པོ་དེ་གཉིས་ཡིན་པར་བཤད།
3.སྤྱང་ལུང་གྲུབ་གནས།
  ཡུལ་དེ་ནི་ཐུན་རིན་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅུ་ཙམ་གྱིས་ཆོད་པའི་ཤར་ལྷོའི་མཚམས་ཀྱི་ཆུ་ཁོག་ཞང་སྤྱང་ལུང་སྡེ་བའི་ཕུ་ན་ཡོད་པའི་ཨ་མྱེས་ཤིས་བྲག་གི་གནས་རིའི་མདུན་ངོས་སུ་ཡོད། གསང་སྔགས་རྙིང་མའི་གྲུབ་ཐོབ་པ་ཆེན་པོ་ཤུལ་ལི་འུར་བའམ་དངོས་མིང་སྟོབས་ལྡན་བཀྲ་ཤིས་ཀྱི་སྒྲུབ་གནས་ཡིན། བྲག་ངོས་ཡོངས་སུ་ལྷ་སྐུ་རང་བྱོན་གྱིས་བཀང་ཡོད་པའི་དབུས་སུ་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་དང་། གཡས་སུ་རིགས་ལྔའི་ལྷ་ཚོགས། གཡོན་དུ་རིགས་གསུམ་མགོན་པོ། དཀྱིལ་ན་གནས་བརྟན་བཅུ་དྲུག མཐའ་ན་སེམས་དཔའ་དང་སེམས་མའི་ལྷ་ཚོགས་མང་པོ་ཁྲ་ལམ་ལེར་ཡོད་པ་དང་། གནས་སྒོའི་མཐའ་ན་རྟེན་འབྲེལ་སྙིང་བོ་དང་དབྱངས་གསལ་གྱི་ས་བོན་སོགས་ཡིག་འབྲུ་མང་པོ་རང་བྱོན་དུ་བབས་པ་མང་དུ་སྣང་བར་བཤད།
4.བྲག་དཀར་གྲུབ་གནས།
  ཡུལ་དེ་ནི་ཐུན་རིན་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅོ་ལྔས་ཆོད་པའི་ཆུ་ཁོག་ཞང་ཆུ་ཁོག་སྡེ་བ་དང་ཅུང་ཉེ་བའི་བྲག་དཀར་ལུང་བའི་ནང་དུ་ཡོད། རྣལ་འབྱོར་པ་ཆེན་པོ་འཕགས་པ་ལི་ཁྲོད་དམ་སྐྱེས་མིང་ལ་འཕགས་པ་སྐྱབས་ཀྱི་སྒྲུབ་གནས་ཡིན། སྒྲུབ་གནས་ཀྱི་གཡས་འགྲམ་དུ་མཆོད་ཁང་དང་མཚམས་ཁང་འགའ་ཡོད་ལ། བྲག་ངོས་ལ་ཨོ་རྒྱན་པདྨའི་སྐུ་རང་བྱོན་དང་གཡས་སུ་སེང་གེ་སྒྲ། གཡོན་དུ་ཟངས་མཆུ་དམར་པོ། མདུན་ངོས་སུ་སྨན་བླའི་དཀྱིལ་འཁོར། གཡས་སུ་ནཱ་ག་ར།དབུས་སུ་འོད་དཔག་མིད་རང་བྱོན་བཅས་ཡོད། བྲག་དཀར་པོ་དེའི་རྩེ་ནི་ལྷ་མོ་ནོར་སྦྱིན་མའི་གནས་ཡིན་ཟེར་བ་དང་། སྒྲུབ་ཕུག་གི་ནང་དུ་འཇམ་དབྱངས་དང་སྨན་བླ་རང་བྱོན་དུ་བབས་ཡོད། གནས་ཀྱི་གཡས་ངོས་སུ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་བཞུགས་གནས་དང་ཁོང་གིས་མགུར་གསུངས་པའི་ཤུལ་ཡོད་ལ། དེའི་ཉེ་འཁོར་ན་ཅུང་ཞི་སོགས་སྨན་སྣ་མང་པོ་དང་གཅན་གཟན་རི་དྭགས་རྒྱུ་བའི་ནགས་ན་པདྨ་དང་ཨ་གར་སོགས་ཀྱི་རིགས་མང་བ་དང་། རྫ་རི་སྨུག་པོ་སྟག་མོ་མཆོངས་འདྲ་སོགས་ཀྱིས་བསྐོར་ཡོད།
5.མཐའ་སྨུག་རྫོང་དམར་གྲུབ་གནས།
  ཡུལ་དེ་ནི་ཐུན་རིན་རྫོང་དང་བར་ཐག་སྤྱི་ལེ་ལྔ་བཅུ་ཙམ་གྱིས་ཆོད་པའི་རྩེ་ཁོག་རྫོང་གི་སྟོབས་ལྡན་ཞང་ནས་བཞུར་ཆུ་དེད་དེ་སོང་ན་གཡས་ཕྱོགས་སུ་བྲག་རི་དམར་པོ་ཁེར་སྐྱེས་ཤིག་གི་རྐེད་དུ་ཡོད། གྲུབ་ཆེན་པ་ཨ་མཐུའི་སྔགས་པ་གཡུ་རྔོག་གིས་ཚེ་དང་སྙོམས་པའི་སྒྲུབ་པ་མཛད་པས་ཡི་དམ་ལྷའི་ཞལ་གཟིགས་ཤིང་གྲུབ་པ་བརྙེས། གྲུབ་གནས་ཀྱི་རྩེ་ན་གཙོ་བོ་ལྷ་མོ་རེ་མ་ཏིའི་ལྷ་ཚོགས་དང་། གཡས་སུ་མགོན་པོ་ཕྱག་དྲུག གཡོན་དུ་སྒྲོལ་དཀར་དང་ཚེ་དཔག་མིད་ཀྱི་མཚན་རྣམས་བྲག་ངོས་སུ་རྡོ་རྩི་ཚལ་དམར་གྱིས་བྲིས་པ་ལྟར་རང་བྱོན་མང་དུ་སྣང་། གནས་དེའི་ཕྱི་དབྱིབས་ཟླ་གམ་དང་། ནང་དབྱིབས་ཆོས་འབྱུང་གི་རྣམ་པར་ཡོད་ལ། མདོག་པད་རག་ལྟར་དམར་བ། ཕྱོགས་བཞི་ནས་དཀར་སེར་དམར་སྔོའི་མདོག་ཅན་གྱི་སིནྡྷུ་རའི་རྒྱུན་བཟང་འབབ་པ་སོགས་ངོ་མཚར་བ་མང་དུ་མཐོང་རྒྱུ་ཡོད།
6.མཁར་གོང་གྲུབ་གནས།
  ཡུལ་དེ་ནི་ཐུན་རིན་རྫོང་མཁར་དང་བར་ཐག་སྤྱི་ལེ་ལྔ་ཙམ་གྱིས་ཆོད་པའི་ལྷོ་ཕྱོགས་སུ་ཉ་ལུང་ཞང་མཁར་གོང་སྡེ་བ་དང་འདབས་འབྲེལ་བར་འཕྲང་གི་བྲག་དམར་ཀླད་ཅེས་པའི་རིའི་ཤར་རྐེད་དུ་ཡོད། དེ་ནི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཆེན་པོ་འབོལ་གྱི་བྱང་ཆུབ་སེམས་དཔའ་གྲུབ་པ་ཐོབ་པའི་གནས་ཡིན། ནངས་ནུབ་ཏུ་བལྟས་ཚེ་མཁའ་འགྲོ་མ་མང་པོས་གཏེར་རྡོ་དེ་ལ་བསྐོར་བ་བྱས་ནས་མིའི་རྐང་རྗེས་འདྲ་བ་མང་པོས་བཀང་ཡོད་པར་བཤད།
7.སྐྱ་རྒན་གྲུབ་གནས།
  ཡུལ་དེ་ནི་ཐུན་རིན་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉི་ཤུ་ཙམ་གྱིས་ཆོད་པའི་ཉ་ལུང་ཞང་ཤ་སྦྲང་སྡེ་བ་ནས་ནུབ་ཕྱོགས་སུ་རྐང་ཐང་ལ་ཆུ་ཚོད་གཉིས་ཙམ་སོང་བའི་སྐྱ་རྒན་གནས་མོར་གྲགས་པའི་གནས་རིའི་ཤར་རྐེད་ཀྱི་ནགས་གསེབ་ན་ཡོད། དེ་ནི་གྲུབ་ཆེན་པ་བསེ་ཡི་རྒྱལ་བ་བྱང་ཆུབ་གྲུབ་པ་གོ་འཕང་ཐོབ་སའི་གནས་ཡིན་ལ། བྲག་གི་རྩེ་ན། ཨཱཿཧཱུཾཿཏྲཾཧྲཱིཿཞེས་རིགས་ལྔའི་ས་བོན་སོགས་ངོ་མཚར་བའི་རང་བྱོན་མང་དུ་སྣང་རྒྱུ་ཡོད།
8.གོར་མོ་གུར་ཁང་གྲུབ་གནས།
  ཡུལ་དེ་ནི་ཐུན་རིན་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉི་ཤུ་ཡིས་ཆོད་པའི་སྨད་པ་ཞང་སེར་རྒྱ་སྡེ་བ་དང་ཅུང་ཉེ་བའི་གོང་མོ་རིའི་ལྷོ་ངོས་ཀྱི་བྲག་རྐེད་དུ་ཡོད། དེ་ནི་བོན་གྱི་གྲུབ་ཐོབ་པ་ཆེན་པོ་དྲན་པ་ནམ་མཁའ་གྲུབ་པ་ཐོབ་པའི་གནས་ཡིན། སྒྲུབ་གནས་དེའི་གཡས་གཡོན་ནི་བྲག་རི་དམར་པོ་གཏོར་ཟོར་དམར་ཆེན་ཁྲག་གིས་བརྒྱན་འདྲ། ལུང་ཆེན་དགུ་ཡི་རི་ལུང་ཐམས་ཅད་དུ་ལྗོན་ཤིང་ནགས་ཚལ་གྱི་རྩེ་མོ་དགུང་ལ་རེག་འདྲ། གྲུབ་གནས་ཀྱི་བྲག་ལ་ཨ་ཀར་ས་ལེ་སོགས་ཡིག་འབྲུ་དང་། ཕུར་བུ། གྲི་གུག་སོགས་ལྷའི་ཕྱག་མཚན་མང་པོ་རང་བྱོན་དུ་ཡོད།།
 《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1