༄༅། །ཤ་དུག་ཕོག་པ་སྔོན་འགོག་བྱེད་པའི་ཤེས་བྱའི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དང་པོ། སྤྱིར་བཤད་པ།
       སྤྱིར་ཟས་དུག་ཕོག་པ་ནི་ལུས་གཞི་བདེ་ཐང་ཡིན་པའི་མི་ཞིག་གིས་གྲངས་འབོར་རྒྱུན་ལྡན་དང་ཟ་ཆོག་པའི་གནས་བབ་འོག་དུག་ལྡན་ཟས་རིགས་ཤིག་ཟོས་རྗེས་གློ་བུར་དུ་ནད་འགོ་བའམ་ཡང་ན་དུག་ཕོག་པ་གཙོ་ཡིན་པའི་ནད་ཐོག་ཁྱད་ཆོས་ལྡན་པའི་ནད་རིགས་  ཤིག་ཡིན་ལ། ཟ་མ་ཟོས་བ་ལས་འགོས་བའི་རིམས་ནད་དང་གཞན་བརྟེན་སྲིན་འབུའི་ནད་ སོགས་ཟས་རྐྱེན་ལས་བྱུང་བའི་ནད་རིགས་རྣམས་དེའི་ཁོངས་སུ་མི་གཏོགས་པ་དང་། བག་ མེད་ཟ་འཐུང་བྱས་པ་ལས་གློ་བུར་དུ་བྱུང་བའི་ཕོ་བ་དང་རྒྱུ་མའི་གཉན་ཚད་སོགས་ཀྱང་ དེའི་ཁོངས་སུ་མི་གཏོགས་པ་ཡིན། ཟས་དུག་ཕོག་པའི་ཐུན་མོང་གི་ཁྱད་ཆོས་ནི་མི་མང་པོ་ཞིག་གིས་མཉམ་དུ་རིགས་མཚུངས་ཀྱི་ཟས་རིགས་ཤིག་ཟོས་རྗེས་དུས་ཡུན་ཐུང་ངུ་ཞིག་གི་ ནང་དུ་དང་ག་མི་བདེ་བ་དང་སྐྱུག་མེར་ལངས་བ།གསུས་པ་ན་བ་དང་བཤལ་བ་སོགས་ཀྱི་ནད་རྟགས་མངོན་པ་རེད། ནད་ཀྱི་རྒྱུ་རྐྱེན་ལྟར་ཟས་དུག་ཕོག་པར་རིགས་བཞིར་དབྱེ་ཆོག་ སྟེ། གཅིག སྲིན་ཕྲ་མོའི་ཟས་དུག་ཕོག་པ། གཉིས། རུལ་འགྱུར་འབུ་ཕྲའི་དུག་རྒྱུ་ལྡན་པའི་ཟས་དུག་ཕོག་པ། གསུམ། དུག་ལྡན་རྩི་ཤིང་དང་སྲོག་ཆགས་ཀྱི་ཟས་དུག་ཕོག་པ། བཞི། རྫས་འགྱུར་ཅན་གྱི་ཟས་དུག་ཕོག་པ་བཅས་ཡིན།ཤ་དུག་ཕོག་པའི་ནད་གཞིའི་ནད་དུག་ནི་ཤ་  དུག་གི་སྒྲོམ་བུའི་དབྱིབས་ཀྱི་མྱུག་གཞུང་ལྟ་བུའི་ནད་འབུ་ཡིན་ལ། དེ་ལས་འབུ་ཕྲའི་ནད་དུག་དྲག་པོ་ཐོན་ཐུབ།  དེ་ནི་དབང་རྩ་ སྦྲིད་དུ་འཇུག་པའི་དུག་རྒྱུན་སྟེ་ཤ་དུག་གི་དུག་རྒྱུན་ཡིན་ཞིང་། ཤ་དུག་གི་ནད་འབུའི་རིགས་ལ་རིགས་བདུན་དུ་བགོས་ཡོད། ཤ་དུག་གི་ནད་འབུ་རིགས་གང་ཞིག་ཡིན་རུང་དྲོད་ཚད་ཏུའུ3ནས་ཏུའུ12བར་ཡར་སྐྱེ་མི་ཐུབ་ལ་ དུག་རྒྱུན་ཀྱང་ཐོན་མི་ཐུབ། དྲོད་ཚད་ཏུའུ45ཡན་ཡིན་ན་ནད་འབུ་ཚང་མ་མར་གནོན་  ཐུབ། རྒྱུད་འཕེལ་བ་དང་དུག་རྒྱུན་ཐོན་པར་ཧ་ཅང་འཚམ་པའི་དྲོད་ཚད་ནི་ཏུའུ18ནས་30བར་ཡིན།ཤ་དུག་གི་ནད་འབུའི་ཁྱད་ཆོས་ནི་དྲོད་ཚད་མཐོན་པོར་བསྲན་ཐུབ་སྟེ་སྐམ་ཞིང་ཚ་བའི་སྐབས་སུ་དྲོད་ཚད་ཏུའུ180ཡིན་དུས་དུས་ཚོད་སྐར་མ་ལྔ་ནས་བཅོ་ལྔའི་  བར་ད་གཟོད་དེའི་མྱུག་ཕུང་གསོད་ཐུབ། ཤ་དུག་གི་ནད་འབུ་དེ་ས་གཤིས་དང་ཆུ་བོ།མཚོ་དང་མཚེའུ་འདམ་བསགས་དང་ས་རྡུལ།སྲོག་ཆགས་ཀྱི་བཤང་གཅི་སོགས་སུ་གནས་ཡོད། ས་ངོས་ཀྱི་ཤ་དུག་གི་ནད་འབུ་དེ་ཞིང་ལས་ལོ་ཏོག་གི་ཐོག་ཏུ་འབྱར་ཡོད་པ་དང་། ནོར་ ལུག་སོགས་སྒོ་ཕྱུགས་དང་ཁྱིམ་བྱ། འབུ་རིགས་སོགས་ཀྱིས་ཀྱང་ནད་འབུ་དེ་རིགས་མཆེད་པར་བྱེད་སྲིད།ཤ་དུག་ཕོག་པ་མང་བའི་ས་ཁུལ་གྱི་ས་གཤིས་ནང་དུ་ནད་འབུ་ཧ་ཅང་མང་བ་དང་། དེ་མིན་འབྲུ་རིགས་དང་སྲན་མའི་རིགས། བསྐྱུར་ཕབ་པའི་ཤའི་རིགས་ཀྱི་ལྕགས་ ཀྲིན་དང་སྔོ་ཚོད་སོགས་ཀྱི་ནང་ནས་ཤ་དུག་གི་ནད་འབུ་བརྟག་ཐུབ།ཤ་དུག་ཕོག་ཏུ་འཇུག་པའི་བཟའ་བཏུང་ནི་ས་ཆ་སོ་སོའི་བཟའ་བཏུང་གི་གོམས་སྲོལ་མི་འདྲ་བར་བརྟེན་ནས་    བྱུང་བ་དང་། དུག་ཕོག་ཚད་ཀྱི་ཆེ་ཆུང་མི་གཅིག་པ་རེད།རྒྱལ་ཡོངས་ལ་བཤད་ན། མང་ཆེ་ཤོས་ནི་རྩི་ཤིང་གི་ཟས་རིགས་ཀྱིས་བསླངས་བ་ཡིན་ལ། དེའི་འཕྲོར་སྲོག་ ཆགས་རིགས་ཀྱི་  ཟས་རིགས་ལས་བསླངས་བ་རེད། བསྐྱུར་ཕབ་པའི་ཟས་རིགས་ལ་བཀོལ་བའི་རྒྱུ་ཆ་སྟེ་འབྲུ་རིགས་དང་སྲན་མའི་རིགས་ལ་རྒྱུན་པར་ཤ་དུག་གི་ནད་འབུ་ཡོད་ལ།     བསྐྱུར་ཕབ་པའི་  སྐབས་སུ་དམ་པོར་བཀབ་ནས་དབྱང་དབུགས་མེད་པའི་ཆ་རྐྱེན་བཟོས་ཡོད་པ་དང་། དེའི་ ཁར་ལས་སྣོན་བྱེད་སྐབས་རྒྱུ་ཆ་ཁ་ཤས་མ་དྲོསȣཔའམ་ཡང་ན་དྲོས་པའི་དྲོད་ཚད་དང་  དུས་ཚོད་མ་འདང་བར་བརྟེན།ནད་འབུ་གསོད་མ་ཐུབ་པར་རྒྱུད་འཕེལ་བྱུང་བ་དང་དུག་རྒྱུན་ཐོན་པར་ཆ་རྐྱེན་བསྐྲུན་པ་རེད།ཤའི་རིགས་དང་སྲོག་ཆགས་རིགས་ཀྱི་ཟས་རིགས་དེ། བཤའ་བ་དང་ཉར་ཚགས་བྱེད་སྐབས་གལ་ཏེ་ཤ་དུག་འགོས་ནས་རང་བྱུང་གི་དྲོད་ཚད་   ཅུང་མཐོན་པོའི་ནང་དུ་ཉིན་འགའ་འགོར་རྗེས་ནད་དུག་འབྱུང་སྲིད། གོང་དུ་བཤད་པའི་རྩི་ཤིང་དང་སྲོག་ཆགས་ཀྱི་ཟས་རིགས་ཆེན་པོ་དེ་གཉིས་ཀྱི་ནང་རྒྱུན་པར་ནད་དུག་ཡོད་  པས། གལ་ཏེ་ཟ་བའི་སྔོན་ལ་ལེགས་པོར་དྲོས་སུ་མ་བཅུག་ན་ཤ་དུག་ཕོག་ངེས་ཡིན། རང་ཞིང་ལ་མཚོན་ན་ཤ་དུག་ཕོག་པ་མང་བའི་ས་ཁུལ་ནི་ཡུལ་ཤུལ་དང་རྨ་ལྷོ་ཁུལ།མཚོ་ལྷོ་ཁུལ་ཡིན་ལ།དེའི་འཕྲོ་ནས་མཚོ་ནུབ་ཁུལ་དང་ཤར་ཕྱོགས་ཀྱི་ཞིང་ལས་ས་ཁུལ།ཟི་ལིང་གྲོང་ཁྱེར་སོགས་ཡིན།དེ་ནི་མང་ཚོགས་ཀྱི་འཚོ་བ་དང་བཟའ་བཏུང་གོམས་སྲོལ་དང་འབྲེལ་བ་དམ་ པོ་ཡོད། རང་ཞིང་དུ་ཤ་དུག་ཕོག་པའི་དུས་ཚིགས་ནི་ཟླ་གཉིས་བ་ནས་བརྒྱད་པའི་བར་  ཡིན་ལ།དེ་ནི་གནམ་གཤིས་དྲོད་གྲང་གི་ཚད་དེ་ཤ་དུག་གི་ནད་འབུ་རྒྱུད་འཕེལ་དང་ནད་དུག་ཕོག་པར་དགོས་བའི་དྲོད་ཚད་དང་མཐུན་པའི་རྐྱེན་གྱིས་རེད། ནད་འབུ་རྒྱུད་འཕེལ་བ་དང་ནད་དུག་ཕོག་པའི་དྲོད་ཚད་ནི་ཏུའུ15ནས55བར་ཡིན་ལ།ཧ་ཅང་འཚམ་པའི་དྲོད་ཚད་ནི་ཏུའུ18ནས30བར་ཡིན། དྲོད་ཚད་ཏུའུ15ལས་དམའ་བ་དང་ཏུའུ55ལས་མཐོ་དུས་རྒྱུད་འཕེལ་མི་ཐུབ་པ་དང་ནད་དུག་ཀྱང་ཐོན་མི་ཐུབ་པ་ཡིན། ཡིན་ན་ཡང་ རང་ཞིང་གི་ནད་རྟགས་ཉུང་ཤས་ཤིག་ཟླ་དང་པོ་དང་ཟླ་གཉིས་པར་བྱུང་བའང་ཡོད། དེ་ནི་ཕལ་ཆེར་འབྲོག་ཁུལ་དུ་དགུན་ཤ་ཉར་ཚགས་བྱེད་པའི་ས་ཆ་ཐབ་ཀ་དང་བར་ཐག་ཉེ་ བའི་རྐྱེན་གྱིས་རེད།དཔལ་འབྱོར་དར་ཁྱབ་ཆེ་བའི་ཨ་མེ་རུ་ཀར་དཔེར་དྲངས་ནས་བཤད་ ན། ཤ་དུག་ཕོག་པའི་རྒྱུ་མཚན་གཙོ་བོ་ནི་ཁྱིམ་ཚང་རང་གིས་བཟོས་བའི་སྔོ་ཚོད་དང་སིལ་ཏོག་རིགས་ཀྱི་ལྕགས་ཀྲིན་དང་།ཆུ་ཐོན་དངོས་རྫས། ཤའི་རིགས། འོ་མའི་ཐོན་རྫས་བཅས་ ཡིན། དེའི་ནང་དུ་ཁྱིམ་ཚང་རང་གིས་བཟོས་བའི་ཟས་རིགས་ཀྱི་དུག་ཕོག་པ་ནི་མང་ཤོས་ཡིན་ལ། དེའི་འཕྲོ་ནས་ཤའི་རིགས་ཀྱི་ཟས་རིགས་ཡིན།རང་རྒྱལ་གྱི་ས་ཆ་ཁ་ཤས་སུ་དུག་ ཕོག་ཏུ་འཇུག་པའི་ཟས་རིགས་ཧ་ཅང་མང་ལ། ཟས་རིགས་དེ་དག་ལས་སྣོན་བྱེད་ཐབས་ ཀྱང་ཧ་ཅང་མང་པོ་ཡོད་པ་རེད། ཡིན་ན་ཡང་ངེས་པར་དུ་དབྱང་དབུགས་མེད་པའི་ཁོར་ཡུག་དང་དྲོད་ཚད།འཚོ་བཅུད་ཕུན་སུམ་ཚོགས་པ་བཅས་ལྡན་དགོས།དུས་མཚུངས་སུ་ཟས་རིགས་ཀྱི་རྒྱུ་ཆ་རྣམས་ལས་སྣོན་བྱེད་པའི་གོ་རིམ་ཁྲོད་ཤ་དུག་གི་ནད་འབུས་བཙོག་པོ་     བཟོས་རྗེས་ནད་དུག་བྱུང་བ་རེད། དེ་འདྲ་མིན་ཚེ་ནད་དུག་བསྐྱེད་པའི་ཟས་རིགས་ཀྱི་ཆ་རྐྱེན་བསྐྲུན་མི་ཐུབ་པ་ཡིན།བསྙལ་བའི་ཤ་དང་ལུག་ཤ། སྐམ་ཤ་དྲི་མ་ཅན། ལུག་མགོ་བཙོས་མ། ཕག་ཤ་རུལ་བ། ཕྱུགས་ཟོག་ཤི་རོའི་ཤ། བྱ་སྒོང་དྲི་མ་ཅན། ཉ་རུལ་བ། བསྙལ་ཤ་སྐམ་པོ།སྐམ་ཤ་དང་རྟ་ཤ་སྐམ་པོ། སྐམ་ཤ་བསྲེག་མ།ནོར་ལུག་གི་གྲོད་པུའི་ནང་བཞག་ནས་དགུན་བརྒལ་བའི་ཤ་སོགས་ལྟ་བུ།དེ་མིན་ཡུང་མ་རིལ་བ་དང་མ་རྨོས་ལོ་ཏོག་རུལ་བ། སྲན་མ་རུལ་བ། དུས་ཡུན་འགོར་ཞིང་ངོ་བོ་འགྱུར་བའི་ལྕགས་ཀྲིན་སོགས་རིགས་སྣ་ཚོགས་ཡོད། རང་ཞིང་དུ་ཤ་དུག་ཕོག་པའི་འབྲོག་ཁུལ་དུ་དགུན་བརྒལ་བའི་ལུག་ཤ་དང་སྐམ་ཤ་ཉར་ནས་ཕྱི་ལོའི་ཟླ་གཉིས་པ་ནས་བདུན་པའི་བར་བསླེབས་པས་རུལ་བ་དང་དྲི་ངན་བྲོ་བ་ལས་བྱུང་བའི་དུག་ཕོག་པའི་གོ་སྐབས་ཧ་ཅང་མང་བ་དང་།   ཤའི་ཐོན་རྫས་ལས་ནད་དུག་བྱུང་བ་ཡང་ཅུང་མང་། གཞན་ད་རུང་བསྐྱུར་ཕབ་པའི་རྩི་ཤིང་ཟས་རིགས་ལས་བྱུང་བའང་ཡོད། དེའི་རྒྱུ་མཚན་ནི་འབྲོག་པ་མང་ཚོགས་ཀྱིས་དགུན་ཤ་བཤའ་བ་ནས་ཉར་ཚགས་བྱེད་སྐབས་མང་ཆེ་ཤོས་ཀྱིས་དགུན་ཤ་གྲོད་པུའི་ནང་དུ་བཅུག་སྟེ། གྲོད་ཁ་དམ་པོར་བསྡམས་པ་དང་།   ལ་ལས་ཤ་རྣམས་རྐྱལ་བའི་ནང་དུ་བཅུག་པའམ་ཀོ་པགས་ཀྱིས་བཏུམས་ནས་ འཇོག་པ།  ཡང་ལ་ལས་སྦྲ་གུར་ནང་དུ་འཇོག་བཞིན་ཡོད་པས། ཤ་དུག་གི་ནད་འབུ་ འབོར་ཆེན་ཞིག་རྒྱུད་འཕེལ་བྱུང་བ་མ་ཟད་ནད་དུག་བྱུང་བ་རེད། ལུག་ཤ་དང་སྐམ་ཤ་ལ་ཤ་དུག་གི་ནད་འབུ་འགོས་པའི་རྒྱུ་མཚན་གཙོ་བོ་ནི་ཕྱུགས་ཟོག་ཐག་ཉེ་སར་བཤའ་བས།ས་གཤིས་དང་ནོར་ལུག་གི་གཤང་གཅི་ནང་དུ་ཡོད་པའི་ནད་འབུས་འགོས་བཙོག་བཟོས་བ་ ལས་ནད་དུག་བྱུང་བ་དེ་རེད། ཤ་དུག་དེ་ཚ་བ་མི་ཐུབ་པས་དྲོད་ཚད་ཏུའུ80ཡིན་པའི་ཆུ་ཁོལ་མའི་ནང་དུ་དུས་ཚོད་སྐར་མ30ཡན་བཙོས་ན་ནད་དུག་མེད་པར་གཏོང་ཐུབ། དེའི་ཕྱིར་ཤ་དུམ་བུར་གསིལ་བའམ་སྲབ་མོར་གཏུབ་ནས་ཆུ་ཁོལ་མའི་ནང་དུ་དུས་ཚོད་   ཕྱེད་ཀ་ཡན་བཙོས་ན་ནད་དུག་གཏོར་ཏེ་དུག་ཕོག་པ་སྔོན་འགོག་བྱེད་ཐུབ། ཁྱད་པར་དུ་དྲན་བསྐུལ་བྱེད་རྒྱུ་ཞིག་ནི་ནམ་རྒྱུན་མི་གཙང་བའི་འཚོ་བའི་གོམས་སྲོལ་དོར་ཏེ་ཤ་རྗེན་པ་ཟ་བ་དང་ཚོས་མེད་པའི་ཤ་ཟ་བ། ཡང་ན་ཕྱི་ཚོས་དང་ནང་ཚོས་མེད་པའི་ཤ་ཟ་བ་བཅས་ སྤངས་དགོས། ཕྱི་ལོར་བཞག་པའི་དགུན་ཤ་བཙོ་བའི་དུས་ཚོད་དེ་བས་ཀྱང་རིང་དགོས། ཤ་བཙོས་མ་ཡིན་ཡང་བསྐྱར་དུ་དུག་མི་ཕོག་པའི་ཆེད་དུ་ཤ་རྗེན་པ་གཏུབ་པའི་ཤ་སྟན་གྱི་སྟེང་མི་འཇོག་པར་སོ་སོར་བཀར་ནས་བཞག་ན་དུག་ཕོག་པ་སྔོན་འགོག་བྱེད་ཐུབ།ཤ་དུག་ཕོག་པའི་ནད་རྟགས་མི་མངོན་པའི་དུས་ཡུན་ཐུང་ཤས་ནི་དུས་ཚོད་གཉིས་ནས་དྲུག་གི་   བར་ཡིན་ལ།རིང་ཤོས་ནི་ཉིན་བརྒྱད་ནས་བཅུ་བར་ཡིན། ལ་ལ་ཞིག་ཉིན་དྲུག་ཅུ་ཡིན། མང་ ཆེ་བ་ཉིན་གཅིག་ནས་བཞིའི་བར་ཡིན། ནད་རྟགས་མི་མངོན་པའི་དུས་ཀྱི་རིང་ཐུང་དང་ནད་ཀྱི་ཡང་ལྕི་དེ་ཟོས་པའི་ཟས་རིགས་ནང་དུ་ནད་དུག་འདུས་བའི་མང་ཉུང་ལ་རག་ལས་བ་ཡིན། ནད་རྟགས་མི་མངོན་པའི་དུས་ཚོད་ཅི་ཙམ་ཐུང་ན་ན་ཚུལ་དེ་ཙམ་གྱིས་ལྕི་ཞིང་ཤི་བའི་གོ་སྐབས་ཀྱང་དེ་ཙམ་གྱིས་མཐོ་བ་ཡིན། ནད་རྟགས་མི་མངོན་པའི་དུས་ཚོད་ཅི་ ཙམ་རིང་ན་ནད་རྟགས་ཡང་ཞིང་ཤི་བའི་གོ་སྐབས་ཀྱང་དེ་ཙམ་གྱིས་ཉུང་བ་ཡིན། ཤ་དུག་ ཕོག་པའི་ནད་རྟགས་གཙོ་བོ་ནི་ལུས་ཡོངས་ལ་ཤུགས་མེད་པ་དང་མགོ་ཡོམ་འཁོར་བ།མགོ་ན་བ། ཡི་ག་འགག་པ་སོགས་ཡིན་ལ། ནད་པ་ལ་ལ་ཞིག་ལ་དུས་མཉམ་དུའམ་ནད་མ་བྱུང་བའི་སྔོན་ལ་ཞེན་ཁ་ལོག་པ་དང་སྐྱུགས་པ། ཁོག་པ་སྦོས་བ།ན་བ། བཤལ་བའམ་རྩ་འགག་པ་ སོགས་རྒྱུ་ལམ་གྱི་ནད་རྟགས་འབྱུང་སྲིད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1