༄༅།། སྟག་ཚང་ལྷ་མོ་དགོན།

འཇོག་རི་ངག་དབང་བསྟན་འཛིན། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ཝེ་ཁེ་རིག་མཛོད་དྲ་བ། སྤེལ་དུས། 06-29


    ཚལ་གུང་ཐང་ཞེས་པ་དེ་ལྷ་སའི་སྐྱིད་ཆུའི་ཤར་རྒྱུད་སྦྲག་ས་གཅིག་གི་གནས་སུ་ཡོད། བྱང་ངོས་སུ་ཚལ་དང་། ལྷོ་རུ་གུང་ཐང་ཞེས་གནས་གཉིས་ཀྱི་མིང་བསྡེབས་ནས་ཚལ་གུང་ཐང་ཞེས་འབོད། ཚལ་གུང་ཐང་ཞེས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གནད་འགག་ཤིན་ཏུ་ཆེ་བ་ཞིག་ཡིན་པ་སྟེ། དེ་ཡང་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཚལ་པ་བཀའ་བརྒྱུད་ཀྱི་གདན་ས་གཙོ་བོ་ཡིན་ལ། བོད་ཁྲི་སྐོར་བཅུ་གསུམ་གྱི་ནང་ཚན་ཚལ་པ་ཁྲི་དཔོན་ཞེས་པ་དང་། ཉེ་གནས་དར་མ་གཞོན་ནུ་ནས་སྤྱན་སྔ་དངོས་གྲུབ་རྒྱལ་མཚན་བར་དཔོན་རབས་བཅུ་དྲུག་གི་ལོ་རྒྱུས་ཡོད་པ་དང་། དཔོན་རིན་ཆེན་རྒྱལ་མཚན་ལ་ཚལ་པ་ཁྲི་དཔོན་གྱི་འཇའ་ས་བྱུང་བ་ནས་དབུ་རུ་སྐྱིད་ཤོད་སྟོད་སྨད་ཀྱི་བདག་དབང་གི་དཔོན་རིམ་པར་བྱུང་ཞིང་། ལྷག་པར་བཀའ་བརྒྱུད་པའི་སྲོལ་གཏོད་མཛད་པོ་དྭགས་པོ་ལྷ་རྗེའི་ཡང་སློབ་བླ་མ་ཞང་ངམ་གཡུ་བྲག་པ་བརྩོན་འགྲུས་གྲགས་པ་མཆོག་གིས་བོད་རབ་བྱུང་གསུམ་པའི་ཤིང་ལུག་སྟེ་སྤྱི་ལོ་༡༡༧༥ལོར་ཚལ་ཡང་དགོན་ཐོག་མར་ཕྱག་བཏབ། དེ་ནས་མི་ལོ་བཅུ་གསུམ་སོང་རྗེས་བོད་རབ་བྱུང་གསུམ་པའི་མེ་ལུག་སྤྱི་ལོ་༡༡༨༧ལོར་གུང་ཐང་གཙུག་ལག་ཁང་ཕྱག་བཏབ། རྟེན་དུ་ལྷ་ཆེན་དཔལ་འབར(ཐུབ་དབང)སོགས་བཞེངས། བླ་མ་ཞང་བརྩོན་འགྲུས་གྲགས་པས་མཛད་པའི་ཆོས་ལ་ཚལ་པ་བཀའ་བརྒྱུད་ཞེས་གྲགས། གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ་མཆོག་བོད་རབ་བྱུང་གཉིས་པའི་ཆུ་སྟག་སྤྱི་ལོ་༡༡༢༢ལོར་ཡབ་སྔགས་འཆང་རྡོ་རྗེ་སེམས་པ་དང་ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་ཡུལ་ངོམ་ཤོས་ཚ་གྲུར་འཁྲུངས། དགུང་ལོ་ཉེར་དྲུག་ལ་སོན་སྐབས་མཁར་འགོས་པས་མཁན་པོ་དང་། གྲབ་མཁར་པས་སློབ་དཔོན་མཛད་ནས་བསྙེན་པར་རྫོགས། མཚན་བརྩོན་འགྲུས་གྲགས་པ་ཞེས་གསོལ། དྭགས་པོ་ཚུལ་ཁྲིམས་སྙིང་པོ་སོགས་བླ་མ་དུ་མའི་ཞབས་ལ་གཏུགས་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ནང་ཆོས་མང་པོ་གསན་བསམ་སྒོམ་གསུམ་མཛད། སྙན་པའི་གྲགས་པ་ཀུན་ཏུ་ཁྱབ། སྐུ་ཉིད་ཆུང་ངུ་ནས་དཀའ་བ་དུ་མ་སྤྱད་ནས་གནས་ངེས་མེད་ཀྱི་རི་ཁྲོད་མང་པོ་འགྲིམ་ནས་སྐུ་ཚེ་ཧྲིལ་པོ་འགྲོ་དོན་ཁོ་ན་མཛད་ཅིང་། ལྷག་པར་ལྷ་ས་གཙུག་ལག་ཁང་ཉམས་གསོ་བདག་གཅེས་དང་། དུས་ཀྱི་མཆོད་པ་སོགས་བླ་ན་མེད་པའི་ཞབས་ཏོག་རྒྱ་ཆེར་མཛད། བླ་མ་ཞང་གིས་ལྗགས་རྩོམ་མཛད་པའི་ཕྱག་བྲིས་ཕྱག་སྟར་མ་པོད་ལྔ་ཙམ་ཡོད་པ་དེ་དག་གུང་ཐང་བླ་བྲང་གི་གདུང་རྟེན་དུ་བཞུགས། ངོ་ཤུས་དེ་སྔ་པེ་ཅིང་མི་རིགས་ཕོ་བྲང་དུ་ཡོད་པར་གྲགས། བོད་རབ་བྱུང་གསུམ་པའི་སྤྱི་ལོ༡༡༩༣ལོར་སྐུ་གཤེགས། དེ་རྗེས་ཉེ་གནས་དར་མ་གཞོན་ནུས་ཡུལ་དེའི་སྲིད་དབང་འཛིན་སྐྱོང་གནང་ནས་དགོན་པའི་མཇུག་སྐྱོང་དང་། བླ་མ་ཞང་བརྩོན་འགྲུས་གྲགས་པའི་ཐུགས་ལྗགས་སྤྱན་གསུམ་བཞུགས་པའི་གདུང་རྟེན་བཀྲ་ཤིས་འོད་འབར་དང་། སྐུ་འབུམ་སོགས་གསར་བཞེངས་རྒྱ་སྐྱེད་སོགས་ལེགས་པར་མཛད་དོ། །

    དེ་ནས་ཚལ་པ་དཔོན་རབས་རིམ་བྱོན་གྱིས་འཛིན་སྐྱོང་མཛད་ནས་རྗེས་སུ་བླ་མ་ཞང་བརྩོན་འགྲུས་གྲགས་པའི་ཡོན་བདག་རྒྱལ་པོ་སྲོང་བཙན་སྐབས་ཀྱི་བློན་པོ་མགར་སྟོང་བཙན་གྱི་རྒྱུད་པ་མགར་རྒྱལ་བ་འབྱུང་གནས་ཀྱི་སྲས་སངས་རྒྱས་དངོས་གྲུབ་ཀྱི་སྲས་རིན་ཆེན་རྒྱལ་མཚན་རྒྱ་ནག་ཏུ་བྱོན། ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་རྒྱལ་པོས་ཚལ་པ་ཁྲི་དཔོན་གྱི་འཇའ་ས་གནང་། རིན་ཆེན་རྒྱལ་མཚན་གྱིས་སྲིད་དབང་བཟུང་རྗེས་གུང་ཐང་གཟིམ་ཁང་ཤར་དང་། ཁྱམས་ར་ཆེན་མོ་གསར་བཞེངས་མཛད། རིན་ཆེན་རྒྱལ་མཚན་གྱི་སྲས་གཉིས་པ་དགའ་བདེ་དཔལ་གྱིས་དཔོན་གྱི་གོ་ས་བཟུང་རིང་། རྒྱ་ནག་གོང་མའི་མདུན་དུ་ཐེངས་བདུན་བྱོན། རྒྱའི་བཟོ་བོ་མང་པོ་བོས་ཏེ་རྒྱ་ཕིབས་དང་། གསེར་འཕྲུ་སོགས་རྟེན་མང་པོ་བཞེངས། ཆོས་འཁོར་གླིང་དུ་མཚན་ཉིད་བཤད་གྲྭ་དང་། དབུས་གླིང་དུ་སྔགས་པ་གྲྭ་ཚང་སོགས་བཙུགས་ནས་མཛད་པ་རྒྱ་ཆེ་བྱུང་། ཚལ་པ་ཀུན་དགའ་རྡོ་རྗེ་མཆོག་ནི་ཚལ་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་། མདོ་སྔགས་རིག་གནས་སོགས་གང་ལ་མཁས་པ། བོད་ས་གནས་སུ་སི་ཏུ་ཐམས་ཅད་མཁྱེན་པ་ཞེས་བསྔགས་བརྗོད་ཀྱི་རྔ་བོ་ཆེ་གང་སར་གྲགས། བོད་རབ་བྱུང་ལྔ་པའི་ཆུ་ཕག་སྤྱི་ལོ་༡༢༢༣ལོར། དགུང་ལོ་བཅོ་ལྔ་ནས་ཁྲི་དཔོན་གནང་ནས་མི་ལོ་ཉི་ཤུ་རྩ་བརྒྱད་རིང་སྐྱིད་ཤོད་སྟོད་སྨད་ཀྱི་སྲིད་དབང་བཞེས། དེའི་རིང་གུང་ཐང་གཙུག་ལག་ཁང་དང་། ལྷ་ས་གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལ་བཅས་ལ་ཉམས་གསོ་བདག་སྐྱོང་ལེགས་པར་མཛད། བུ་སྟོན་ཐམས་ཅད་མཁྱེན་པ་གདན་དྲངས་ཏེ་སྣར་ཐང་གི་བཀའ་འགྱུར་རིན་པོ་ཆེ་དང་། བོད་དུ་བཞུགས་པའི་བཀའ་འགྱུར་ཡོད་དོ་ཅོག་ཞིབ་བསྡུར་ཞུས་དག་ལེགས་པར་མཛད་ནས་གསེར་དངུལ་ལས་བྲིས་པའི་བཀའ་འགྱུར་པོད་ཉིས་བརྒྱ་དྲུག་ཅུ་གསར་བཞེངས་མཛད་པས་ཚལ་པ་བཀའ་འགྱུར་ཞེས་ཤིན་ཏུ་མཆོག་པའི་ཚད་མར་འཛིན། ཁྲི་དཔོན་འདིས་མཛད་པའི་གསུང་རབ་ཚལ་པ་བཀའ་འགྱུར་གྱི་དཀར་ཆག《དེབ་ཐེར་དཀར་པོ》དང་། 《དེབ་ཐར་དམར་པོ》《དེའི་ལྷན་ཐབས་དེབ་ཐེར་མཁས་པའི་ཡིད་འཕྲོག》《གུང་ཐང་བླ་མ་ཞང་གི་རྣམ་ཐར》《དེབ་ཐེར་ཕྲ་བོ》རང་ཉིད་ཀྱི་ཡབ《ཡབ་སྨོན་ལམ་རྡོ་རྗེའི་རྣམ་ཐར》སོགས་མང་པོ་ཡོད།
    དེ་རྗེས་བོད་ཁྲི་སྐོར་བཅུ་གསུམ་བར་ལ་འགལ་བ་བྱུང་ནས་ཆུ་འབྲུག་སྤྱི་ལོ་༡༣༥༢ལོར་ཕག་གྲུ་ཁྲི་དཔོན་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་མ་མཐུན་པར་དམག་འཐབ་བྱས་པས་སྲིད་དབང་ཤོར། བོད་རབ་བྱུང་དགུ་པའི་མེ་ལུག་ལོར་གུང་ཐང་གཙུག་ལག་ཁང་ལ་མེ་སྐྱོན་ཆེན་པོ་བྱུང་། གཙུག་ལག་ཁང་དབུས་སུ་བཞུགས་པའི་ལྷ་ཆེན་དཔལ་འབར(ཐུབ་དབང)ཆོས་ཁྲི་ཁང་། གཟིམ་ཁང་ཤར་གྲྭ་ཚང་ཆུང་ངུ་གཉིས་ཙམ་མ་གཏོགས་ཕལ་ཆེ་བར་མེ་སྐྱོན་བྱུང་། དེ་ནས་རིམ་བཞིན་ཉམས་རྒུད་དུ་གྱུར། དགའ་ལྡན་ཁྲི་ཐོག་དགུ་པ་རྗེ་དབོན་བློ་བཟང་ཉི་མའི་སྐུ་དུས་རི་བོ་དགེ་ལུགས་པའི་བསྟན་པ་ཉི་མ་ཤར་དར་རྒྱས་སུ་ཕྱིན་ནས་ཚལ་གུང་ཡང་དགེ་ལུགས་པའི་གྲུབ་མཐར་གྱུར། རྗེ་ཀུན་མཁྱེན་དམ་པས་དུས་རབས་བཅུ་གསུམ་པའི་ནང་ཚལ་དབུས་གྲྭ་ཚང་ཕྱག་བཏབ། དགོན་བདག་སེ་ར་ཧར་གདོང་ཁང་ཚན་ནས་བྱས། བོད་རྒྱལ་ལྷ་བཟང་ཁང་གིས་ཚལ་གུང་ཐང་གི་དགོན་གཞིས་ཡོངས་རྫོགས་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ལ་ཕུལ། དེའི་ཡང་སྲིད་བསྟན་པའི་སྒྲོན་མེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་སྐབས་གུང་ཐང་ཚང་ཞེས་འབོད་པ་དེས་ཚལ་གུང་ཐང་གཞུང་ཕུལ་མཛད་དོ། སྔར་གུང་ཐང་གཙུག་ལག་ཁང་གི་འདུ་ཁང་གི་དབུས་སུ་ལྷ་ཆེན་དཔལ་འབར(ཐུབ་དབང)ཐོག་ཚད་གཉིས་ལྡན་མ་དང་ཉེ་སྲས་བརྒྱད། ཚེ་དཔག་མེད། སངས་རྒྱས་སྨན་བླ། གདུགས་དཀར། སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་སོགས་སྐུ་བྱིན་ཅན་མང་པོ་བཞུགས་ཡོད་པ་དང་། འདུ་ཁང་ནུབ་ཞང་ལྷ་ཁང་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པའི་ཤར་ལི་ལས་གྲུབ་པའི་སྐུ་ང་འདྲ་མ་དང་ཉེ་གནས་གཞོན་ནུའི་འདྲ་སྐུ། བླ་མ་དཔལ་ཆེན་རྒ་གཞོན་ནུ་དཔལ་གྱི་འདྲ་སྐུ་སོགས་བཞུགས་ཡོད། ཁོར་ཡུག་ཏུ་སྒྲོལ་མ་ལྷ་ཁང་དང་། བྱམས་ཆེན་ལྷ་ཁང་། ཚེ་དཔག་མེད་ལྷ་ཁང་སོགས་ཡོད། དེ་མིན་རྟེན་བྱིན་ཅན་ཆེ་ཆུང་སྣ་ཚོགས་བརྗོད་ཀྱིས་མི་ལངས་པ་ཡོད་པར་གྲགས། གུང་ཐང་གཙུག་ལག་ཁང་དུ་དུས་ཀྱི་མཆོད་པ་འབུལ་བ་ཙམ་མ་ཟད་ལོ་རེ་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གུང་ཐང་མེ་ཏོག་མཆོད་པ་ཞེས་པའི་དུས་ཆེན་དང་། དེ་ཉིན་སྟོན་པ་གཙོ་འཁོར་གསུམ་དང་། རིགས་གསུམ་མགོན་པོའི་གོས་སྐུ་བཤམས་ནས་མཆོད་ཕུལ་བསང་གསོལ་སོགས་དང་། བོད་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་གུང་ཐང་དཀར་མེ་ཞེས་གྲིབ་རྫོང་བཙན་དང་གུང་ཐང་དཔལ་ལྷ་མོ་གཉིས་མཇལ་འཛོམས་ཐོག་དགོན་པའི་གར་འཆམ་རྒྱག་པ་སོགས་བྱེད་ཅིང་། དེ་ཉིན་ཉེ་འཁོར་གྱི་ཞིང་པ་དང་། ལྷ་ས་བ་སོགས་གཟབ་མཆོར་གང་ལེགས་སྤྲས་ཏེ་ཆོས་མཇལ་དང་། གར་འཆམ་བལྟ་བ། སྤྲོ་སྐྱིད་གཏོང་བ་སོགས་ཀྱི་ལུགས་སྲོལ་ཡོད། ལོ་རྒྱུས་ཞིབ་འཇུག་པ་འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི《ཚལ་གུང་ཐང་གི་དཀར་ཆག་འགྲོ་མགོན་ཞལ་ལུང》དང《དེབ་ཐེར་དམར་པོ》སོགས་ལས་གསལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1