༄༅།། ང་ཡི་ཕ་ཡུལ། མཛེས་པའི་གམ་པ།

ཚེ་དབང་དཔལ་འབྱོར། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-01


མཐའ་ནས་གངས་རི་ར་བས་ཡོངས་སུ་སྐོར་གྱུར་བ། །

བར་དུ་མུ་མེད་རྩྭ་ཐང་ཡངས་པོ་རབ་མཛེས་ཞིང་། །

གངས་ལྗོངས་བདུད་རྩིའི་ལྷ་ཆུའི་འབྱུང་ཡུལ་ཞེས་གྲགས་པའི། །

ང་ཡི་མཛེས་སྡུག་ལྡན་པའི་ཕ་ཡུལ་གམ་པ་སྐྱིད། །


དྲིན་ཆེན་སློབ་དཔོན་པད་མའི་མཛད་རྗེས་ཁྱད་པར་ལས། །

ནད་རིགས་བཞི་བརྒྱ་རྩ་བཞི་ཡོངས་སུ་བཅོས་གྱུར་པའི། །

བདུད་རྩིའི་སྨན་མཆོག་བོད་ལྗོངས་ལྷ་ཆུ་རྟག་ཅན་དེ། །

སྙན་གྲགས་བ་དན་ཕྱོགས་བཅུར་ཁྱབ་པ་ང་ཚོའི་རྒྱན། །


ལྷོ་ཡི་གནས་རི་གཞི་བདག་གངས་ཅན་རྒྱ་བོ་གཅིག། །

བྱང་གི་གནས་བཟང་གུར་མེའི་ལྷ་ཆེན་ཟངས་ར་དང་། །

བཙན་པོའི་སྐབས་ཀྱི་རང་བྱུང་གནས་བརྒྱའི་སྒྲུབ་ཁང་སོགས། །

རང་ཅག་ཁ་བའི་རྒྱན་དུ་གྱུར་བ་ངོ་མཚར་ཆེ། །


སྐྱེས་ཆེན་དམ་པ་ནམ་མཁའི་སྐར་ཚོགས་བཞིན་གྱི་ཁྲོད། །

གཙང་གི་གདན་ས་བཀྲས་ལྷུན་དགོན་ཆེན་ཕྱག་འདེབས་མཁན། །

རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་མཆོག། །

གམ་པའི་གུར་མེའི་ཡུལ་དུ་འཁྲུངས་པ་ངོ་མཚར་ཆེ། །


བོད་རྒྱུད་ནང་བསྟན་རྙིང་མའི་ཆོས་ཀྱི་དགོན་ལག་གཙོ། །

རིན་ཐང་གཞལ་དུ་མེད་པའི་རྟ་མགྲིན་རང་བྱོན་སྐུ། །

དད་ལྡན་བུང་བ་སྤྲིན་ཚོགས་འཁོར་བའི་གནས་བྱིན་ཆེན། །

གནས་མཆོག་རྡོ་རྗེ་ཉི་མའི་མཆོད་རྟེན་ང་ཚོའི་རྒྱན། །


ངོ་མཚར་ཅན་གྱི་མཚོ་མོ་གཡུ་མཚོ་དུང་མཚོ་ལས། །

འགྲོ་བའི་སེམས་ཅན་རྣམས་ཀྱི་ལས་གྲིབ་ལྕི་ཡང་དང་། །

རང་གི་འབྱུང་འགྱུར་ལས་དབང་མེ་ལོང་ལྟར་གསལ་བ། །

རྡོ་རྗེ་མཆོད་རྟེན་ཉི་མའི་གནས་མཚོོ་ང་ཚོའི་རྒྱན། །


རིན་ཆེན་ས་འོག་གཏེར་རྫས་དུ་མས་གྲུབ་གྱུར་པ། །

ནད་རིགས་དུ་མ་བཅོས་པའི་ངོ་མཚར་ཅན་གྱི་གནས། །

ལུང་གྲོང་དར་རྒྱས་གུར་མེའི་རང་བྱུང་ཆུ་ཚན་དག། །

ང་ཚོ་གམ་པའི་རྒྱན་དུ་གྱུར་བར་ངོ་མཚར་ཆེ། །




མདོར་ན་ང་ཡི་སྐྱིད་པའི་ཕ་ཡུལ་གམ་པའི་ཕྱོགས། །

ངོ་མཚར་ཅན་གྱི་གནའ་ཤུལ་གྲགས་ཅན་དེ་དག་ལ། །

ས་ཕྱོགས་ཁག་གི་སྐྱེ་བོ་ཕོ་མོ་རྒན་གཞོན་ཚོས། །

ལན་ཅིག་གཟིགས་པར་ཕེབས་རྒྱུར་བསུ་ཡང་ཡང་ཞུ། ། 

            2016《ཁ་བཏགས་དཀར་པོ།》དེབ་གསུམ་པ་ལས་བཤུས། 


རྩོམ་ཡིག་སྔོན་མ།
༄༅།། ཁ་བ་བབས་པའི་རྗེས་སུ།
རྩོམ་ཡིག་རྗེས་མ།
༄༄།། རེ་སྨོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1