མི་ཉག་རྫོགས་ཆེན་སློབ་གྲྭ་ནི་དཀར་མཛེས་ཁུལ་དར་མདོ་རྫོང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ་དོན་དྲུག་གི་མཚམས་ཏེ། ལྷ་སྒང་ཡུལ་གྱི་ཁོངས་སུ་གཏོགས་པའི་གནས་མཆོག་རྡོ་ར་དཀར་མོར་གཞིས་ཆགས་ཤིང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་13600དང་ལུས་རྩལ་ར་བར་སྨི་གྲུ་བཞི་12000ལྷག་ཡོད།
དེ་ཡང་སློབ་གྲྭ་འདི་ཉིད་ནི་རྒྱལ་ཁབ་ཀྱི་ལོ་དགུའི་འོས་བབས་སློབ་གསོའི་དགོངས་དོན་དང་བོད་ཀྱི་སྤྱི་ཚོགས་སློབ་གསོ་ལེགས་བཅོས། ཁྱད་པར་མི་ཉག་ཡུལ་ཁམས་ཀྱི་ཤེས་རྨོངས་གནད་སེལ་ལ་རྐང་བཙུགས་ཏེ། མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་2006ལོར་གསར་འཛུགས་གནང་བའི་ཆུང་འབྲིང་གི་སློབ་གྲྭ་ཞིག་ཡིན་ལ། ཐོག་མའི་ཆར་སློབ་མའི་གྲངས་ཀ་དང་སློབ་ཁང་། ཉལ་ཤག་བཅས་ཀྱི་སྤུས་ཚད་ཀྱང་ཞན་ཁར། དགེ་རྒན་ཚོའི་གཞུང་ལས་ཁང་ཡང་རས་ཀྱིས་གྲུབ་པའི་ཚོགས་གུར་ཙམ་དུ་གནས་ཀྱང་། རིམ་བཞིན་མཆོག་སྤྲུལ་ལགས་ཀྱིས་འབད་བརྩོན་ཆེན་པོར་བརྟེན་ནས། ཨར་འདམ་གྱིས་བརྩིགས་པའི་ཁང་རྩེག་བཞི་ཅན་ལེགས་འགྲུབ་བྱུང་བས། 2009ལོར་དགེ་སློབ་རྣམས་ཁང་རྩེག་གསར་པར་གཞི་ནས་གནས་སྤོར་ཐུབ་པར་གྱུར།
དེ་ལ་ཁང་རྩེག་གསར་པ་འདིའི་ཉི་འོད་ཚོམས་ཆེན་ལ་སྨི་གྲུ་བཞི་7000ཙམ་ཡོད་ཅིང་། སློབ་བུ་དྲུག་ཅུ་ཤོང་བའི་སློབ་ཁང་41དང་མལ་ཤག་200ཙམ། ལས་བྱེད་པའི་སྡོད་ཤག་91ལོན་པ། དེ་མིན་སྡེ་ཁག་སོ་སོའི་གཞུང་ལས་ཁང་དང་སྨན་ཁང་སོགས། ཁྱོན་ཆེ་ཆུང་མི་གཅིག་པའི་ཁང་ཤག་280ལྷག་ཡོད་པ་མ་ཟད། དཔེ་མཛོད་ཁང་དང་རྩིས་འཕྲུལ་ཁང་། ཚོད་ལྟ་ཁང་ལྟ་བུའི་སློབ་ཁྲིད་ཀྱི་སྒྲིག་ཆས་རྣམས་ཀྱང་འཐུས་ཚང་བྱུང་ཡོད།
གཞན་ཡང་སློབ་གྲྭ་འདིའི་སློབ་ཆུང་གི་ཁྲིད་བྱ་གཙོ་བོ་ཁག་ནི་བོད་རྒྱ་གྲངས་དབྱིན་དང་ཚན་རིག་ཤེས་བྱ། རོལ་དབྱངས་རིག་པ་སོགས་བསླབ་ཚན་བདུན་དང་། དམའ་འབྲིང་གི་བསླབ་བྱ་ནི་གཞུང་གི་བཀོད་སྒྲིག་ལྟར་གྱི་ཁྲིད་བྱ་ལས་གཞན། དབྱིན་རྒྱའི་སྐད་ཡིག་མ་གཏོགས་པའི་ཁྲིད་གཞི་མཐའ་དག་བོད་མིའི་སྐད་ཡིག་གིས་གཉེར་གྱི་ཡོད་ཕྱིར། གཞུང་གི་མི་རིགས་རང་སྐྱོང་སྲིད་ཇུས་ཀྱི་དགོངས་དོན་ལྟར། སློབ་གྲྭ་འདི་ཉིད་ནི་དཀར་མཛེས་ཁུལ་དར་མདོ་རྫོང་གི་གྲངས་རིག་སོགས། བོད་ཡིག་གི་སློབ་དེབ་ལག་བསྟར་ཐོག་མ་བྱེད་པའི་སློབ་གླིང་གཅིག་པུར་ཆགས་ཡོད།
ད་ལྟའི་ཆར། སློབ་གྲྭ་འདིར་སློབ་མ་2000ལྷག་དང་དགེ་བཟོ་བ་150ལོན་པ། ལོ་རེར་གསར་ཞུགས་སློབ་མ་200ཉེ་བ་བསྡུ་ལེན་བྱེད་ཀྱིན་ཡོད་ཅིང་། ཕྱིའི་ཁོར་ཡུག་གི་བཀོད་པ་དང་བར་སློབ་ཁྲིད་ཀྱི་སྒྲིག་རིམ། ནང་ཤེས་ཡོན་གྱི་སྦྱང་འབྲས་གང་གི་ཆ་ནས་ཀྱང་། དེང་རབས་ཀྱི་ཁ་ཕྱོགས་མ་བོར་བ་དང་སྲོལ་རྒྱུན་གྱི་རྣམ་པས་མཛེས་པ། དགེ་སློབ་ཀྱི་མཛའ་བརྩེ་ཟབ་པའི་བདག་ཉིད་དུ་གྱུར་ཡོད་པ་མ་ཟད། སློབ་གསོ་ནི་སྤྱི་ཚོགས་ཡར་སྐུལ་གྱི་སྒུལ་ཤུགས་ཨང་དང་བོ་ཡིན་པ་དང་། མི་རིགས་ཡར་རྒྱས་ནི་རྒྱལ་ཁབ་དར་རྒྱས་ཀྱི་སྲོག་རྩར་གཏོགས་པས། དར་མདོའི་རྫོང་ཁོངས་སུ་ཐེ་བའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་སྐལ་ལེགས་བཅོས་ཀྱི་ཐད་དུ། ད་ལྟའི་བར་སློབ་གྲྭ་འདི་ཡིས་མི་ཉག་ས་ཁུལ་དུ་དངོས་ཕན་གྱི་དཔེ་བཟང་ཟླ་མེད་བསྐྲུན་ཡོད།
དེ་བས། སྐུ་ཞབས་ལུའུ་ཞུན་ལགས་ཀྱིས“སློབ་གསོ་ནི་བརྩེ་བའི་རྨང་གཞི་ལས་འཁྲུངས”པར་བསྟན་པ་བཞིན། བརྩེ་བས་ཕྱུག་པའི་སློབ་གྲྭ་འདི་གའི་དབུ་ཁྲིད་དང་དགེ་སློབ་ཡོངས་ཀྱིས་ལོ་ཟླ་མང་བོར་འབད་འབུངས་རྒྱུན་སྐྱོང་བྱས་པའི་སྟོབས་ཀྱིས། ཉེ་འཁོར་གྱི་སློབ་གྲྭ་བཅུ་ཕྲག་དག་གི་མཉམ་རྒྱུགས་འགྲན་སྡུར་ཁྲོད། བསྟུད་མར་ལོ་བཞིར་བོད་ཡིག་གི་རྒྱུགས་སྐར་ཨང་དང་བོ་ཐོབ་པ་སོགས། སློབ་བུ་ཀུན་གྱི་སྦྱངས་ཐོབ་ལ་གྲུབ་འབྲས་མངོན་གསལ་བྱུང་བས། ཞིང་ཆེན་དང་ཁུལ། རྫོང་རིམ་པའི་དབུ་ཁྲིད་ཆེ་གྲས་རྣམ་པ་སློབ་གྲྭ་འདིར་ཐེངས་མང་བོར་གཟིགས་ཞིབ་ཏུ་ཕེབས་ཏེ། སློབ་མ་རྣམས་ཀྱི་ཀུན་སྤྱོད་དང་སློབ་གཉེར་གྱི་སྐོར་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་རེད།
མདོར་ན། ཁྱིམ་ཚང་དང་བུ་ཕྲུག་གི་འབྱུང་འགྱུར་ལ་དོ་ཁུར་ཟབ་པའི་ཁྱིམ་བདག་དང་། ཤེས་ཡོན་དང་ལྷག་བསམ་གྱིས་གཏམས་པའི་དགེ་རྒན། རང་ཉིད་དང་རིགས་ཀྱི་མདུན་ལམ་ལ་ཧུར་བརྩོན་མངའ་བའི་སློབ་བུ་མཉམ་འཛོམས་ཀྱིས་གྲུབ་པའི་སློབ་གྲྭ་འདི་ཉིད་ནི། ཁམས་མི་ཉག་ཡུལ་གྱི་ཤེས་རིག་གི་བསྟི་གནས་དཀྱེལ་ཡངས་པ་ཞིག་ཏུ་འགྱུར་བཞིན་པས་མི་ཚད། མ་འོངས་པར་སོ་སོའི་ཡུལ་སྡེ་ལ་རླབས་ཆེན་བྱས་རྗེས་གཞག་པའི་སྐྱེས་བུ་དུ་མ་འཁྲུང་བར་ཡང་། གནས་འདིའི་མང་ཚོགས་དང་དགེ་སློབ་ཐུན་མོང་གིས་ཆོད་སེམས་བརྟན་པོ་འཆང་ཡོད་དོ། །