ཟླ་7ཚེས་1ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ།
ཟླ་7ཚེས་1ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་ཆེན་ལ་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རང་རེའི་ཏང་གིས་ལོ་95ཡི་ལོ་རྒྱུས་ལམ་བུ་བརྒྱུད་ཟིན་མོད། འོན་ཀྱང་ང་ཚོས་ཏང་འཛུགས་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་འབད་འབུངས་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཐམས་ཅད་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད་པས་ཚང་མས་བརྒྱུད་མྱོང་བའི་ལམ་བུ་བརྗེད་མི་རུང་། རྒྱང་ཐག་རིང་པོ་ག་ཚོད་སླེབས་པ་དང་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་སླེབས་ནའང་བརྒྱུད་མྱོང་བའི་སྔོན་ཆད་བརྗེད་མི་རུང་ལ་རྡོག་ཐོན་བྱེད་དོན་དེ་བས་ཀྱང་བརྗེད་མི་རུང་། འབྱུང་འགྱུར་དང་འགྲན་སློང་ལ་ཁ་ཕྱོགས་སྐབས་ཏང་གི་བློ་མཐུན་ཚང་མས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་བསྐྱོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད་བཅུ་པར་ལི་ཁེ་ཆང་གིས་རྟེན་འབྲེལ་ཚོགས་ཆེན་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་རྗེས་ཚང་མ་ཀྲོང་ངེར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།
ལིའུ་ཡུན་ཧྲན་གྱིས《རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་སྦྱངས་གནང་ཞིང་། གཏན་འབེབས་ནང་ཀྲུང་གུང་ཀྲུང་དབྱང་གིས་ཅ་ལི་ཆུན་སོགས་གུང་ཁྲན་ཏང་ཡོན་100དང་། ཕུའུ་ཆི་ཕིང་སོགས་ཏང་དོན་ལས་དོན་པ་100 ཀྲུང་གོ་བཟོ་སྐྲུན་དངོས་ཁམས་ཞིབ་འཇུག་ཁང་ཏང་ཨུད་སོགས་གཞི་རིམ་ཏང་རྩ་འཛུགས་300བཅས་ལ་གཟེངས་བསྟོད་བྱས་ནས་ཁག་སོ་སོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ”“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”བཅས་ཀྱི་མཚན་སྙན་སྤྲོད་རྒྱུ་ཡིན་ཞེས་འཁོད་ཡོད།
སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་དུ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། དང་ཐོག་ཁོང་གིས་དེ་རིང་ང་ཚོ་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པའི་འབད་བརྩོན་ལྷོད་མེད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟ་བ། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་འོད་ཟེར་ལྡན་པའི་མདུན་ལམ་ལ་རྒྱང་ལྟ་བྱེད་པ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་དེ་བས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད།
ཞིས་ཅིན་ཕིང་གིས་ཀྲུང་གོར་གུང་ཁྲན་ཏང་ཐོན་པ་ནི་འཇིག་རྟེན་གསར་སྐྲུན་ལྟ་བུའི་དུས་འགྱུར་ཆེན་པོ་ཞིག་ཡིན། འཇིག་རྟེན་གསར་སྐྲུན་བྱེད་པའི་དུས་འགྱུར་ཆེན་པོ་དེ་ནས་བཟུང་། ཉེ་རབས་རྗེས་ཀྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་ཟབ་མོ་བྱུང་བ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་ཟབ་མོ་བྱུང་བ། འཛམ་གླིང་འཕེལ་རྒྱས་འགྲོ་ཚུལ་དང་དེའི་རྣམ་པར་འགྱུར་ལྡོག་ཟབ་མོ་བྱུང་ཡོད། ལོ་95ཡི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཀའ་ངལ་མང་པོ་ཡང་ནས་ཡང་དུ་ཁྱད་བསད་བྱས་པ་དང་རྒྱལ་ཁ་མང་པོ་ཡང་ནས་ཡང་དུ་བླངས་ཏེ་ཀྲུང་ཧྭ་མི་རིགས་ཆེད་རླབས་ཆེན་གྱི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་འཁྲིད་དེ་ཐོབ་པའི་རླབས་ཆེན་གྱི་རྒྱལ་ཁ་དེས་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་འཁྲིད་དེ་དེང་རབས་ཅན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་ཤེས་དཔལ་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་པ་མངོན་པ་བྱས་པ་དང་།
ལོ་ངོ་500ཡི་ལོ་རྒྱུས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདོད་ཚུལ་དེས་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་ཚད་མཐོའི་དངོས་ཡོད་རང་བཞིན་དང་སྤྱོད་གོ་ཆོད་པའི་ཡང་དག་ལམ་བུ་བདེ་བླག་ངང་བཏོད་དེ་དུས་རབས་21པར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་པ་མངོན་པ་བྱས་པ། ལོ་ངོ་60ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་གོ་གསར་པ་འཛུགས་སྐྲུན་ལ་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་དུས་ཐུང་ལོ་30ལྷག་ཙམ་ནང་དབུལ་ཕོངས་ལས་སྒྲོལ་བ་མ་ཟད། འཛམ་གླིང་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་མཆོང་སྐྱོད་བྱུང་བ་དང་ས་གོ་ལའི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཉེན་ཁ་ལས་རྦད་དེ་སྒྲོལ་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གནམ་ས་གཡོ་བ་ལྟ་བུའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་པ་མངོན་པ་བཅས་བྱས་ཡོད་ཅེས་གསུངས་པ་རེད།
ཞིས་ཅིན་ཕིང་གིས་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་གདམ་ག་བྱས་པ་དེ་ནི་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བཏོད་པ་དེ་ནི་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ས་གཞི་ཆེ་མོའི་ཐོག་རྩ་བ་ཚུགས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ཕུལ་བྱུང་གྲུས་འབྲས་དང་ལེན། རང་རྟོགས་རང་བརྟེན་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་མངོན་འགྱུར་ཡོང་བ་བཅས་བྱས་པ་དེ་ནི་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་བཅས་བྱེད་དགོས་ལུགས་ལོ་རྒྱུས་ཐོག་ནས་ང་ཚོར་གསལ་པོ་བསྟན་ཡོད་ཅེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་དེ་རིང་ང་ཚོས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་དོན་ནི་གྲུབ་འབྲས་ཁྲོད་ནས་སེམས་གསོ་ཡོང་བ་བྱེད་པ་ཞིག་མིན་ལ་བྱས་རྗེས་འགོད་དེབ་ལ་བལྟས་ནས་སྡོད་པ་ཞིག་དང་ད་ཆ་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་གཡོལ་ཆེད་ཁ་གཡར་ས་འཚོལ་བ་ཞིག་དེ་བས་ཀྱང་མིན་པར། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ནས་གསར་འབྱེད་མདུན་སྐྱོད་བྱེད་པའི་སྙིང་སྟོབས་དང་སེམས་ཤུགས་ཆེ་རུ་གཏོང་ཆེད་ཡིན་ཞེས་གསུངས་པ་རེད།
ཞིས་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་སྟབས་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་བསྟན་ཡོད། དེས་ཏང་ཡོངས་ལ་དུས་དང་རྣམ་པ་ཀུན་ཏུ་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་པ་དང་། ཉམས་ཉེན་ཚབས་ཆེན་འགོག་པ། འགལ་རྐྱེན་ཆེན་པོ་ཁྱད་བསད་བྱེད་པ། འགལ་བ་ཆེ་རིགས་སེལ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་འབྲེལ་འཕེལ་རྒྱས་ཀྱང་གཏོང་བ། ཏང་གི་འགོ་ཁྲིད་གནས་བབ་དང་སྲིད་འཛིན་གནས་བབ་མཐའ་འཁྱོངས་བྱེད་པ་དང་འབྲེལ་སྲ་བརྟན་དུའང་གཏོང་བ་བཅས་བྱས་ནས་རང་རེའི་ཏང་དང་། རང་རེའི་རྒྱལ་ཁབ། ང་ཚོའི་མི་དམངས་བཅས་ནམ་ཡང་མི་ཕམ་པའི་གནས་སུ་གནས་ཐུབ་པ་བྱེད་དགོས་ལུགས་བསྟན་ཡོད་ཅེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་འབྱུང་འགྱུར་ལ་ཕྱོགས་པ་དང་འགྲན་སློང་གི་མདུན་དུ་ཏང་ཡོངས་ཀྱི་བློ་མཐུན་ཚོར་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་དང་འབྲེལ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་དགོས་པའི་ཐད་བླང་བྱ་ཁག་བརྒྱད་བཏོན་གནང་བ་སྟེ། གཅིག་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དེ་དེང་རབས་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མར་ཁེ་སི་རིང་ལུགས་དེ་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཆེད་འབད་འཐབ་བྱ་རྒྱུ་དེ་རང་ཉིད་ཀྱི་རྩ་འཛིན་དུ་གཏན་འཁེལ་བྱས་པ་བློ་ལ་བརྟན་པོ་ངེས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་དུ་བཏང་སྟེ་བླ་ན་མེད་པའི་ཕུགས་བསམ་ཆེད་འབད་འཐབ་བྱེད་པའི་རླབས་ཆེན་ལག་ལེན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། གསུམ་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་མཐའ་འཁྱོངས་དང་ཏང་གི་གཞི་རྩའི་ལམ་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། བཞི་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་པར་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་ཁོག་ཆེན་པོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་གཏོང་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། དྲུག་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་པར་མི་དམངས་ནི་ཏང་གི་གཞི་རྩ་དང་ཏང་གི་སྟོབས་ཤུགས་མི་དམངས་ཡིན་པའི་དད་སེམས་བརྟན་དུ་གཏོང་བ་དང་། མཐའ་དག་མི་དམངས་ཀྱི་ཆེད་དུ་དང་ཚང་མ་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། བདུན་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་པར་ཐོག་མཐའ་བར་གསུམ་དུ་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ། རྒྱལ་ཁབ་ཁག་དང་མཛའ་མཐུན་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། བརྒྱད་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་པར་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། སྲིད་འཛིན་ནུས་པ་དང་འགོ་ཁྲིད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ། ཉེན་ཁ་འགོག་པ་དང་རུལ་རྒོལ་དང་འགྱུར་འགོག་གི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་ཏང་གི་རླབས་ཆེན་འདུ་འགོད་གསར་པ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཞིས་ཅིན་ཕིང་གིས་ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་གྱི་འགག་རྩ་དེ་ཏང་ལ་ཐུག་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་གནས་ས་དང་སྲོག་རྩར་ཐུག་ས་ཞིག་ཡིན་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་གནས་ས་དང་བདེ་སྐྱིད་འབྱུང་ས་ཞིག་ཡིན། རང་རེའི་ཏང་འདི་ཉིད་ཏང་ཡོན་ཁྲི་8800ལྷག་ཙམ་ཡོད་པ་དང་། ཏང་རྩ་འཛུགས་ཁྲི་440ལྷག་ཙམ་ཡོད་པ། མི་འབོར་དུང་ཕྱུར་13ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོར་ཡུན་རིང་སྲིད་འཛིན་མཁན་ཏང་ཞིག་ཡིན་པས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་གལ་འགངས་ཆེ་ལ་ཏང་གི་ཁྱོན་ཡོངས་དང་ཡང་འབྲེལ་བ་ཡོད། ཏང་དང་མི་དམངས་ཀྱི་བྱ་གཞག་དུས་མཚམས་གང་དུ་འཕེལ་རྒྱས་བྱུང་ཚེ་ཏང་འཛུགས་སྐྱོང་དུས་མཚམས་ཡང་དེ་བར་དུ་སྐུལ་འདེད་གཏོང་དགོས། དེ་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ངེས་པར་དུ་ཁོང་དུ་ཆུད་པར་བྱེད་དགོས་པའི་གཞི་རྩའི་ཆོས་ཉིད་ཅིག་ཡིན་ཞེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ངོ་བོའི་རིགས་ཤིག་ཡིན། ང་ཚོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་པ་ནི་སྔོན་ཐོན་རང་བཞིན་ཆུང་དུ་གཏོང་བ་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་བཟོ་བའི་གནད་དོན་མཐའ་དག་དང་འཐབ་རྩོད་བྱས་ཏེ་ནད་བཅོས་རྨ་གསོ་དང་བཟང་བསྟོད་ངན་སྨད་བྱེད་དགོས་པ་དེ་ཡིན། ཏང་ཡོངས་ཀྱིས་རང་གིས་རང་གསར་བརྗེ་བྱེད་པའི་ཆབ་སྲིད་སྙིང་སྟོབས་ལ་བརྟེན་ནས་ཏང་ནང་ཁུལ་དུ་ལྷག་པའི་གནད་དོན་མངོན་གསལ་དོད་རིགས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། ཏང་རང་གིས་རང་གཙང་སེལ་བྱེད་པ། རང་གིས་རང་འཐུས་སྒོ་ཚང་དུ་གཏོང་བ། རང་གིས་རང་རྙིང་གཏོར་གསར་གཏོད་བྱེད་པ། རང་གིས་རང་གི་ནུས་པ་ཆེ་རུ་གཏོང་བ། “ཚོད་བགམ་ཆེན་པོ་བཞི”ཐེག་པར་བྱེད་པ། “ཉེན་ཁ་མི་འདྲ་བ་བཞི”ཁྱད་བསད་བྱེད་པ་བཅས་ཀྱི་ཐོག་ནས་ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཞིས་ཅིན་ཕིང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རིང་ངེས་པར་དུ“ནན་པོ”ཞེས་པ་གཙོ་བོར་བཟུང་སྟེ་བླང་བྱ་ནན་པོ་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ནས་དོ་དམ་དངོས་འབྲེལ་བྱེད་ལ་ནན་པོ་དངོས་འབྲེལ་བྱེད་ཐུབ་པ་དང་། དོ་དམ་བྱེད་ཕོད་ལ་ནན་པོ་བྱེད་ཕོད་པ། དོ་དམ་ཡུན་རིང་བྱེད་ལ་ནན་པོ་ཡུན་རིང་བྱེད་ཐུབ་པ་བཅས་བྱེད་དགོས། ང་ཚོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་དང་། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་ཆེ་རུ་བཏང་སྟེ་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཁྱོན་ཡོངས་ནས་གཙང་དུ་གཏོང་དགོས། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཅས་ནས་དམ་འཛིན་དང་མཐོ་རིམ་ལས་བྱེད་པ་ནས་དམ་འཛིན་བྱེད་འགོ་འཛུགས་དགོས་ཤིང་། སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཤུགས་སྣོན་རྒྱག་པ་དང་། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མཐའ་འཁྱོངས་བྱེད་པ་དང་འབྲེལ་དར་སྤེལ་ཡང་གཏོང་བ། རྒྱུན་དུ་དམ་འཛིན་དང་། གནད་དོན་ཆུང་རྩག་ནས་དམ་འཛིན། ཡུན་རིང་དམ་འཛིན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་གཏད་བཅས་ཡོང་བ་བྱེད་དགོས། ང་ཚོས་བློ་རྩ་བརྟན་ཞིང་འགྱུར་བ་མེད་པའི་སྙིང་སྟོབས་ལ་བརྟེན་པ་དང་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་འགྱུར་ལྡོག་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྱོད་གཞི་མཐའ་དག་རྩད་གཅོད་དང་རུལ་སུངས་མཐའ་དག་ལ་ཆད་གཅོད་ཀྱིས་རུལ་སུངས་པ་རྣམས་ཏང་ནང་ཁུལ་དུ་ཆགས་ས་གབ་ས་གཏན་ནས་མེད་པར་བཟོ་དགོས། ང་ཚོས་སྤྱོད་ཡོན་གཉིས་ལྡན་དང་སྤྱོད་བཟང་ལ་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས། བྱ་གཞག་ཐམས་ཅད་ལས་ལྷག་པར་བརྩི་རྒྱུ་དང་གཞུང་དྲང་ཚུལ་ལྡན་ཡོང་རྒྱུ་མཐའ་འཁྱོངས་བཅས་བྱེད་པ་དང་ཆབས་ཅིག་མི་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་སྔོན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས་ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་ཞིབ་ཚགས་ཐུབ་པ་དང་། དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ། བེད་སྤྱོད་ལུགས་མཐུན་ཐུབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་གཞོན་ནུ་ནི་མེས་རྒྱལ་གྱི་མ་འོངས་དང་མི་རིགས་ཀྱི་རེ་བ་ཡིན་ལ་རང་རེའི་ཏང་གི་འབྱུང་འགྱུར་དང་རེ་བའང་ཡིན། དེས་ན་ཏང་ཡོངས་ཀྱིས་གཞོན་ནུར་མཐོང་ཆེན་དང་། གཞོན་ནུར་ཐུགས་ཁུར། གཞོན་ནུར་གཅེས་སྐྱོང་བཅས་བྱེད་དགོས། གཞོན་ནུའི་སྙིང་གཏམ་ཉན་ནས་གཞོན་ནུ་གྲོགས་པོ་ཚོའི་སྙིང་ཉེ་བ་དང་། སེམས་རྩ་འཁོལ་བའི་གཞོན་ནུའི་ལས་དོན་པ། གཞོན་ནུ་མང་ཚོགས་ཀྱི་སྣེ་འདྲེན་པ་བཅས་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་ཉེ་རབས་ཚུན་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འབད་འབུངས་ལྷོད་མེད་བྱས་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་རླབས་ཆེན་ལོ་རྒྱུས་ལམ་བུ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་བློ་བརྟན་འགྱུར་མེད་ངང་འབྲང་བ། བློ་ཁོག་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་མཁན་ཡར་བརྩོན་པ་དང་། གསར་འབྱེད་པ། ལེགས་སྐྱེས་པ་བཅས་བྱས་ནས་མེས་རྒྱལ་དང་། མི་དམངས། མི་རིགས་བཅས་ལ་ལེགས་སྐྱེས་འབུལ་བའི་ཁྲོད་ལང་ཚོ་ལས་བཀྲག་མདངས་འཚེར་བར་བྱེད་དགོས་ཞེས་གསུངས་པ་རེད།
ཞིས་ཅིན་ཕིང་གིས་1949ལོའི་ཟླ་3ཚེས་23ཉིན་གྱི་སྔ་དྲོ་ཏང་ཀྲུང་དབྱང་ཤིས་པེ་ཕོ་ནས་པེ་ཅིང་དུ་སྐྱོད་སྐབས་བློ་མཐུན་མའོ་ཙེ་ཏུང་གིས“དེ་རིང་ནི་པེ་ཅིང་དུ་རྒྱུགས་སྤྲོད་པར་འགྲོ་བའི་ཉིན་མོ་ཞིག་རེད”ཅེས་གསུངས་མྱོང་ཡོད། ལོ་60ལྷག་ཙམ་གྱི་ལག་ལེན་གྱི་ཐོག་ནས་ལོ་རྒྱུས་རང་བཞིན་གྱི་ཡིག་རྒྱུགས་དེའི་ནང་རང་རེའི་ཏང་ལ་སྦྱངས་འབྲས་ཕུལ་དུ་བྱུང་བ་ཐོབ་པ་ར་འཕྲོད་ཡོད། དུས་མཚུངས་སུ་ཡིག་རྒྱུགས་དེ་ད་དུང་མཇུག་འགྲིལ་མེད་པར་མུ་མཐུད་སྤྲོད་དགོས་ཀྱི་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་པ་དང་། ཁེངས་སྐྱུང་དང་། གཟབ་ནན། ང་རྒྱལ་དང་འཚབ་འཚུབ་མེད་པ་བཅས་ཀྱི་སྤྱོད་ཚུལ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ་བྱེད་པ། ནམ་ཡང་རེངས་པོར་མི་འགྱུར་བ་དང་ནམ་ཡང་འཕེལ་རྒྱས་འགྲོ་མཚམས་མི་ཆད་པར་བྱེད་པ། ལོ་རྒྱུས་རང་བཞིན་གྱི་ཡིག་རྒྱུགས་དེའི་ནང་གི་ཚོད་བགམ་མུ་མཐུད་ཐེག་པ་བྱེད་པ་བཅས་ཀྱི་ཐོག་ནས་ལོ་རྒྱུས་དང་མི་དམངས་ལ་སྔར་བས་གཟེངས་སུ་ཐོན་པའི་རྒྱུགས་ཤོག་ཅིག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།།