《འཛམ་གླིང་ལོ་རྒྱུས་གནད་བསྡུས།》-----སའི་གོ་ལའི་སྐྱེས་ལོ།
དབྱིན་ཇི་བ་H·D·ཝེ་ཨོད་སིས་བརྩམས།
ཁྱུང་རྩེ་བཀྲ་ཤིས་ཀྱིས་བསྒྱུར།
ཉེ་བའི་ལོ་50ཡི་ནང་། ཚན་རིག་པ་རྣམས་ཀྱིས་སའི་གོ་ལའི་ལོ་ཚོད་དང་འབྱུང་ཁུངས་ཐད་ལ་ཞིབ་འཇུག་བྱེད་པ་མཚམས་བཞག་མ་མྱོང་ལ། ཞིབ་ཚགས་ཆེ་ལ་རིན་ཐང་ལྡན་པའི་ཚོད་རྩིས་ཀྱང་གང་མང་བྱས་སོང་། འོན་ཀྱང་། ཚོད་རྩིས་འདི་དག་གི་ནང་དཔག་པར་དཀའ་བའི་རྩིས་རིག་དང་དངོས་ལུགས་ཐད་ཀྱི་དོན་གནད་གང་མང་འདུས་པས། ང་ཚོས་འདིར་སྙིང་བསྡུས་རང་བཞིན་གྱིས་ཞིབ་བརྗོད་བྱ་ཐབས་བྲལ། དྲང་མོར་བཤད་ན་དེང་སྐབས(1923ལོ)ཀྱི་གནམ་དཔྱད་རིག་པ་དང་དངོས་ལུགས་རིག་པའི་འཕེལ་རྒྱས་ཀྱི་ཆུ་ཚད་འདིས་ད་དུང་རང་སྣང་གི་ཚོད་དཔག་དང་རིག་འདེད་དང་ཁ་བྲལ་ནས་འགྲེལ་རྒྱག་ཐུབ་པའི་ཚན་རིག་གི་དཔྱད་འབྲས་གང་ཡང་ཐོན་ཐུབ་ཀྱིན་མེད། ཡིན་ནའང་། མིག་སྔའི་འཕེལ་རྒྱས་ཀྱི་གནས་བབ་ལྟར་ན་སའི་གོ་ལའི་ལོ་ཚོད་ནི་མུ་མཐུད་དུ་ཡར་འདེད་བྱས་ཆོག་པ་ཚོད་རྩིས་བྱ་ཐུབ། དེང་སྐབས་ང་ཚོས་སའི་གོ་ལ་ནི་ལོ་ངོ་དུང་ཕྱུར་20ཡི་ཡར་སྔོན་ནས་བཟུང་རང་སྐྱ་ཐུབ་པར་འཁོར་སྐྱོད་བྱེད་པའི་སྐར་མ་ཞིག་གི་ཚད་ཀྱིས་ཉི་མར་བསྐོར་ཏེ་སྤྱི་འཁོར་བྱེད་ཀྱིན་པ་རྟོགས་ཐུབ་མོད། གོ་ལ་འདི་གྲུབ་པའི་ལོ་དུས་དངོས་ནི་དེ་ལས་ཀྱང་ཆེས་སྔ་བའི་དུས་རིམ་དུ་ཡིན་སྲིད་དེ། རིང་དྲགས་ནས་ཚོད་དཔག་བྱ་ཐབས་བྲལ།
ཉི་མ་དང་སའི་གོ་ལ་དང་། ཉི་མར་སྐོར་བ་རྒྱག་པའི་རྒྱུ་སྐར་གཞན་དག་ནི་ཆེས་སྔ་མོའི་དུས་རིམ་ནང་རང་སྐྱ་ཐུབ་པར་གྲུབ་ཡོད་ཅིང་། རང་སྐྱ་ཐུབ་པར་མ་གྱུར་བའི་ཡར་སྔོན་དུ། སྐར་མ་འདི་དག་ནི་བར་སྣང་སྟོང་བའི་དབྱིངས་སུ་ཚོགས་ཁྱུས་རྣམ་པས་མཉམ་གཅིག་ཏུ་འཁོར་བའི་ཆུ་འཁོར་ལྟ་བུའི་སྐར་ཚོགས་ཤིག་ཡིན་སྲིད། ང་ཚོས་རྒྱང་མཐོང་ལས་བལྟས་ཚེ། བར་སྣང་སྟོང་བའི་དབྱིངས་འདིར་འོད་འཚེར་བའི་དངོས་རིགས་ལ་ཤས་ཤིག་དུང་ལྟར་འཁྱིལ་བའི་རྣམ་པ་ཅན་དུ་འདུག་ལ། ཚང་མ་ལྟེ་སྙིང་གཅིག་ལ་གཏད་དེ་ཕྱོགས་གཅིག་ཏུ་འཁོར་སྐྱོད་བྱ་བཞིན་འདུག་པས། གནམ་དཔྱད་རིག་པ་བ་རྣམས་ཀྱིས་ཉི་མ་དང་སའི་གོ་ལ་སོགས་རྒྱུ་སྐར་གཞན་དག་བར་གྱི་འཁོར་ལམ་དེ་ད་ལྟའི་འདི་འདྲར་མ་གྱུར་བའི་ཡར་སྔོན་དུ། གོང་གི་དུང་ལྟར་འཁྱིལ་བའི་སྐར་ཚོགས་དེའི་རྣམ་པ་དང་འདྲ་བར་གནས་ཡོད་པ་དང་། དུས་ཡུན་རིང་མོའི་འཁོར་སྐྱོད་ཁྲོད་གཅིག་ཏུ་འདུས་པ་ལས་ད་ལྟའི་གནས་བབ་འདི་འདྲར་གྲུབ་པར་འདོད། དེ་འདྲའི་གཅིག་འདུས་ཀྱི་རྣམ་པ་ནི་ཆེས་སྔ་མོའི་སྔ་མོ་ནས་འགོ་བརྩམས་པ་ཡིན་ཏེ། སྐབས་ཐོག་དེའི་སའི་གོ་ལ་དང་ཟླ་བའི་གོ་ལ་ནི་ཉི་མ་དང་བར་ཐག་ཆེས་ཉེ་བས། རང་འཁོར་དང་ཉི་མར་བསྐོར་ནས་སྤྱི་འཁོར་རྒྱག་པའི་ཚད་ཀྱང་ཧ་ཅང་མགྱོགས་པ་དང་། ཉི་མ་ནི་བར་སྣང་ཁམས་ཀྱི་མེ་ཟླུམ་ཆེན་པོ་ཞིག་ཡིན་པས་དེའི་མཐའ་འཁོར་གྱི་རྒྱུ་སྐར་དག་གི་ཕྱི་ངོས་ཀྱང་དཀར་ཞིང་ཚ་བ་ཞིག་ཏུ་སྣང་ངེས།
གལ་ཏེ་ང་ཚོ་བསྐལ་བ་གྲངས་མེད་པའི་སྔ་རོལ་དུ་ཕྱིར་ལོག་ཐུབ་པའི་དབང་དུ་བཏང་ན། ང་ཚོས་སའི་གོ་ལའི་ཆེས་ཐོག་མའི་རྣམ་པ་མིག་གིས་དངོས་སུ་མཐོང་ཐུབ་ཅིང་། ད་ལྟའི་རྣམ་པ་དང་གཏན་ནས་མི་འདྲ་བའི་སྣང་ཚུལ་གཞན་ཞིག་མཐོང་སྲིད་དེ། སྐབས་དེའི་སའི་གོ་ལ་ནི་རྣོ་སྦྱངས་ཐབ་ཀའི་ནང་གི་ཞུས་ཟིན་པའི་གཏེར་རྫས་དང་འདྲ་ལ། འཁྱག་པར་མ་བྱས་ཤིང་དཀག་ཏུ་མ་བཅུག་པའི་བྲག་རྡོ་ཞུན་མའི་ཕྱི་ངོས་དང་ཀུན་ནས་འདྲ། སྐབས་དེར་གཤེར་གཟུགས་ཀྱི་ཆུ་འདི་ཡང་མཐོང་དཀའ་སྟེ། ཆུ་རྡུལ་ཡོད་ཚད་མུ་ཟིའི་རླངས་པ་དང་ལྕགས་རིགས་ཀྱི་རླངས་པ་དང་འདྲེས་ནས་བར་སྣང་དུ་ཁྱབ་ཡོད་པ་དང་། ཆུ་རྡུལ་དེ་དག་གི་འོག་ཏུ་ལྷོག་ལྷོག་འཕྱུར་བའི་ཞུན་རྡོའི་རྒྱ་མཚོ་ཡོད་པ་རེད། མེ་འོད་དང་རླངས་སྤྲིན་གྱིས་ཁྱབ་པའི་ནམ་མཁའ་དེར་ཉི་མ་དང་ཟླ་བའི་ལམ་ལམ་དུ་འཚེར་བའི་འོད་སྣང་ཕོག་ཚེ། དངོས་གནས་ཚ་ཞིང་སྲེག་པའི་མེ་ལྕེ་ཞིག་དང་ཀུན་ནས་མཚུངས་པའི་སྣང་བ་སྟེར།
ལོ་ངོ་ཁྲི་སྟོང་མང་པོ་འདས་པའི་རྗེས་སུ། ལྷོག་ལྷོག་ཏུ་འཕྱུར་བའི་མེ་མཚོ་ཆེན་པོ་དེ་ད་གཟོད་རིམ་གྱིས་ཞི་འཇགས་སུ་སོང་ཞིང་། བར་སྣང་གི་ཆུའི་རླངས་པ་ཆར་ཆུ་རུ་གྱུར་ཏེ་ས་ངོས་སུ་བབས་པ་དང་། མཁའ་དབུགས་ཁྲོད་ཀྱི་རླངས་པའང་ཇེ་ཉུང་དུ་སོང་བ་རེད། བྲག་རྡོ་ཞུན་མའི་རྒྱ་མཚོ་ནང་གི་སྲ་གཟུགས་ཀྱི་ཞུན་རྡོ་ནི་མཚམས་རེར་ཁ་རུ་གཡེང་ཞིང་མཚམས་རེར་གཏིང་དུ་འཛུལ་འགྲོ་ལ། མཚོ་ཁར་གཡེང་བའི་དངོས་རྫས་གཞན་དག་དང་འཕུར་བརྡབ་བྱས་ནས་རིམ་གྱིས་མི་མཐོང་བར་གྱུར་པ་རེད། ཉི་མ་དང་ཟླ་བ་གཉིས་སའི་གོ་ལ་དང་བར་ཐག་ཆེས་རིང་བའི་སར་ཕྱིན་སོང་ཞིང་བོངས་ཚད་ཀྱང་ཇེ་ཆུང་དུ་སོང་ལ། བར་སྣང་ཁམས་ནས་འཁོར་སྐྱོད་བྱེད་ཚད་ཀྱང་ཇེ་དལ་དུ་སོང་འདུག ཟླ་བའི་གོ་ལའི་བོངས་ཚད་ཅུང་ཆུང་བར་གྱུར་པས་དེ་སྔའི་ཚ་དྲོད་ཡལ་ཏེ་ཇེ་འཁྱག་ཏུ་སོང་ལ། ཉི་མའི་འོད་སྣང་ཚུར་འཕྲོས་ཡོང་དུས་ཟླ་བས་མཚམས་རེར་ཉི་འོད་སྒྲིབ་པར་བྱེད་ཅིང་མཚམས་རེར་ལྡོག་འཕྲོ་བྱེད་དེ། ཉི་འོད་བསྒྲིབས་པར་བྱས་ཚེ་ང་ཚོར་ཉི་མ་གཟའ་ཡིས་བཟུང་བའི་སྣང་བ་སྟེར་ཞིང་། ཉི་འོད་ལྡོག་འཕྲོ་བྱས་ཚེ་ང་ཚོར་ཟླ་བ་ཉ་གང་བའི་སྣང་བ་སྟེར།
ཡུན་རིང་གི་ལོ་ཟླ་གང་མང་བརྒྱུད་མཐར། སའི་གོ་ལ་ཉིད་ཆེས་དལ་བ་དལ་བུར་འགྱུར་ལྡོག་བྱུང་སྟེ་རིམ་བཞིན་ད་ལྟ་ང་ཚོ་འཚོ་སྡོད་བྱེད་ཀྱིན་པའི་རྣམ་པ་འདི་འདྲར་གྲུབ་པ་དང་། མཐའ་མཇུག་ཆུའི་རླངས་པ་དག་མཁའ་དབུགས་འཁྱག་པ་དང་འཕྲད་ནས་སྤྲིན་དུ་གྱུར་ལ། ཆེས་ཐོག་མར་གྲུབ་པའི་བྲག་རྡོའི་སྟེང་རློན་ཤིག་ཤིག་གི་ཆར་ཆུས་བཀབ་འདུག་པའི་སྣང་ཚུལ་ཡང་བྱུང་བ་རེད། དེའི་རྗེས་ཀྱི་རྒྱུན་རིང་གི་ལོ་ཟླའི་ནང་གཤེར་གཟུགས་ཅན་གྱི་ཆུ་འདི་ཕལ་ཆེན་སྔར་བཞིན་རླངས་པའི་རྣམ་པས་བར་སྣང་དུ་བསྡད་ཡོད་མོད། ཉིན་ཞིག་ལ་སྲ་གཟུགས་སུ་གྲུབ་པའི་བྲག་རྡོ་དག་གི་སྟེང་ནས་ལྷོག་ལྷོག་ཏུ་འཕྱུར་ཞིང་རྒྱུག་པའི་ཆུ་ཕྲན་བྱུང་སྟེ་ཆུ་རྫིང་དང་ནེའུ་གསིང་། མཚེའུ་རུ་གྱུར་ཅིང་། རྡོ་ཐལ་དང་དིམ་དངོས་ཡོད་ཚད་བཤལ་ནས་སོང་བ་རེད།
དེ་ལྟར་བྱས་པས། མཇུག་མཐར་ང་ཚོ་མིའི་རིགས་སའི་གོ་ལ་འདིའི་སྟེང་འཚོ་སྡོད་བྱེད་པའི་ཆ་རྐྱེན་རིམ་གྱིས་ཚང་སོང་བ་རེད། གལ་ཏེ་ང་ཚོ་སྐབས་དེའི་སའི་གོ་ལའི་སྟེང་ཕྱིར་ལོག་ཐུབ་པའི་དབང་དུ་བཏང་ན། ང་ཚོའི་མིག་མདུན་དུ་ཤར་ཡོང་བའི་སྣང་ཚུལ་ནི་བར་སྣང་ནས་དྲག་ཆར་འབབ་ཅིང་རླུང་ཆེན་གཡུག་ལ། ས་ཐོག་ཏུ་ཞུན་མར་གྱུར་པའི་བྲག་རྡོ་ཁོ་ན་ལས་ས་ལེབ་མོ་གཅིག་དང་རྩྭ་རྩི་ཤིང་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པ་ཞིག་ཡིན་ངེས། སྐབས་དེའི་ཚ་ཞིང་སྲེག་པའི་དྲག་རླུང་དེའི་རྔམ་གཏུམ་དང་རྩུབ་སྤྱོད་ནི་དེང་སྐབས་ཀྱི་འཇིགས་སུ་རུང་བའི་དྲག་རླུང་འཁྱིལ་མ་འདིས་ཆ་ཤས་ཙམ་ལའང་མི་དོ་ཞིང་། སྐབས་དེའི་ཤུགས་ཀྱིས་འབབ་པའི་དྲག་ཆར་དེའི་རྔམ་ཟིལ་ནི་ང་ཚོས་ནམ་ཡང་དཔག་ཐབས་བྲལ། ཆར་བ་དྲག་པོ་ཆུ་འཕོ་བ་བཞིན་ཤུགས་ཀྱིས་བབས་ནས་རྡོ་དུམ་དང་མཉམ་དུ་རྒྱུག་ཅིང་། རིམ་གྱིས་ཆུ་ལོག་ཏུ་གྲུབ་ནས་ལུང་ཤུར་དང་གྲོག་རོང་མང་དུ་གཤགས་ལ། དིམ་དངོས་ཡོད་ཚད་རྒྱ་མཚོ་ཆེན་པོར་བསྐྱུར་འགྲོ་བ་རེད། ད་ལྟ་ང་ཚོས་སྤྲིན་རུམ་བརྒྱུད་ནས་བར་སྣང་དུ་རྒྱུ་བའི་ཉི་མ་མཐོང་ཐུབ་ཅིང་། རྒྱུན་ཆད་མེད་པའི་ས་ཡོམ་དང་ས་ཤུན་འགུལ་སྐྱོད་ཀྱི་འབུར་བརྙན་མཐོང་ཐུབ་ནའང་། ཟླ་བའི་གོ་ལའི་ངོས་གཅིག་ལས་མཐོང་གིན་མེད། ཡིན་ནའང་སྔོན་གྱི་བསྐལ་བར་ཁྱེད་ཀྱིས་ཟླ་བའི་གོ་ལའི་ཕྱོགས་གཞན་དེའང་མཐོང་སྲིད་དེ། ང་ཚོས་ཟླ་བའི་གོ་ལ་འདི་འཁོར་སྐྱོད་བྱེད་བཞིན་པ་མཐོང་ཐུབ།
སའི་གོ་ལའི་ལོ་ཚོད་ཇེ་ཆེར་སོང་བ་དང་བསྟུན། ཉི་མ་གཅིག་རིང་གི་ཉིན་གང་བོའི་ཡུན་ཚད་ཀྱང་སྔོན་མ་ལས་ཇེ་རིང་དུ་སོང་བ་དང་། སའི་གོ་ལ་དང་ཉི་མའི་བར་ཐག་ཀྱང་ཇེ་རིང་དུ་འགྲོ་འགོ་བརྩམས་ཤིང་། ཉི་འོད་ཀྱང་ཚ་ཞིང་སྲེག་པ་མ་ཡིན་པར་དྲོད་འཇམ་དུ་གྱུར་འདུག་ལ། ཟླ་བའི་གོ་ལའི་འཁོར་ཚད་ཀྱང་ཇེ་དལ་དུ་སོང་བ་རེད། དྲག་ཆར་གྱི་རྔམ་ཟིལ་ཇེ་ཆུང་དུ་གྱུར་པ་དང་། མཚོ་ཆུ་ཇེ་མང་ནས་ཇེ་མང་དུ་སོང་སྟེ་མུ་མཐའ་མེད་པའི་རྒྱ་མཚོར་གྱུར་ཅིང་འཛམ་གླིང་ཡོང་སུ་ཁེབས་པར་གྱུར་པ་རེད།
ཡིན་ནའང་སྐབས་དེའི་སའི་གོ་ལའི་སྟེང་སྔར་བཞིན་ཚེ་སྲོག་ཅན་གྱི་སྲོག་ཆགས་གཅིག་ཀྱང་མེད་དེ། རྒྱ་མཚོའི་ནང་ཚེ་སྲོག་ཅན་མེད་ཅིང་སྐམ་སའི་སྟེང་དེ་ལས་ཀྱང་ཐང་སྐྱ་ལུང་སྟོང་དུ་གནས་འདུག །
2015ལོའི་《ཁ་བཏགས་དཀར་པོ།》དེབ་གཉིས་པ་ལས་བཤུས།