དོ་ནུབ་ཁང་པའི་ལྷིང་འཇགས་ཧ་ཅང་བཙན། །
ཁྱི་སྐད་རེ་གཉིས་རྒྱང་རིང་ཕྱི་ནས་གྲགས། །
ཇ་ཡི་ཁ་རླངས་ཡར་ལ་འཕགས་ཚུལ་སོགས། །
སྣང་བ་དབེན་པར་ཁྲིད་པའི་གཏམ་རྒྱུད་ཡིན། །
སྟོན་མཚན་ཟླ་བ་སྒེའུ་ཁུང་འགྲམ་དུ་ཉལ། །
སྐར་མའི་ཚོགས་པ་ཁོང་དང་ལྷན་དུ་འཛུམ། །
མཐོ་སྒང་ཡུལ་དབུས་འདི་ཡི་མཛེས་པ་དག །
དོ་ནུབ་ང་དང་ལྷན་དུ་འདུག་ལ་ལྟོས། །
སྔས་དང་དཔེ་སྟེགས་སྟེང་གི་དབྱངས་གསལ་རྣམས། །
སྐབས་རེར་སྐར་ཞོགས་འབབ་པའི་ཚུལ་དུ་གྱུར། །
ང་ཡི་རྣམ་ཤེས་བྱིས་པར་བརྫུས་བྱས་ནས། །
དེ་དག་རེ་རེ་འཛིན་པའི་ངལ་བ་སྐྱིད། །
མཚན་གཞུང་མཛེས་པར་བྱེད་པའི་རྨི་ལམ་དང་། །
ཀུན་ལ་དགའ་བ་སྐྱེད་པའི་ཉིན་མོ་དག །
ཁྱོད་ཉིད་ཁོ་ནར་ཡིད་རྟོན་ཆོག་པ་ཡི། །
ཉམས་སྣང་ཟ་རི་ཟི་རིའི་སྒྱུ་འཕྲུལ་བལྟམས། །
ང་ཡི་སེམས་ཀྱིས་བསྐྲུན་པའི་ལྷ་མོ་ཡིས། །
སྣང་བའི་ཕྱི་ནང་གཉིས་སུ་མེལ་ཚེ་བྱེད། །
གཏན་དུ་བདེ་བར་གཟིམས་པའི་རྨུ་ཐག་ཅིག །
དོ་ནུབ་ཟླ་བའི་གསེབ་ནས་ཐུར་ལ་དཔྱངས། །
2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་བཞི་བ་ལས་བཤུས།