ཀན་སུའུ་རྡོ་རྗེ་ཕག་མོའི་དགོན་གྱི་བྲག་ཕུག་རྗེས་ཤུལ་དུ་ཚ་ཚ་ཁྲི་ཕྲག་ལྷག་དང་ཆོས་དཔེ་འབོར་ཆེན་གསར་རྙེད་བྱུང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-18


        ད་ལོར་འགོ་ཚུགས་པའི་ཀན་སུའུ་ཝུའུ་ཝེ་རྡོ་རྗེ་ཕག་མོའི་དགོན་གྱི་བྲག་ཕུག་རྗེས་ཤུལ་སྔོག་འཚོལ་གྱི་ལས་ཀའི་ཁྲོད། མིག་སྔར་ཚ་ཚ་ཁྲི་ཕྲག་ལྷག་དང་ཆོས་དཔེ་འབོར་ཆེན་གསར་རྙེད་བྱུང་། དེ་ནི་ཏུན་ཧོང་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་བྱང་ཁུལ་བྲག་ཕུག་གི་ཚ་ཚ་ཁྲི་ཕྲག་ལྷག་གསར་འབྱེད་བྱས་རྗེས་སུ་ཀན་སུའུ་རིག་དངོས་གནའ་རྫས་རྟོག་ཞིབ་ཀྱིས་སླར་ཡང་གསར་རྙེད་བྱུང་བ་ཁྲི་ལས་བརྒལ་བའི་ཚ་ཚ་རེད།

        མིག་སྔར་ཚ་ཚ་ཁྲི་1.8ལྷག་ས་འོག་ནས་འཚོལ་སྡུད་བྱས་ཤིང་། ས་འོག་ནས་ཐོན་པའི་ཆོས་དཔེ་ལ་དཔག་ན་མི་ཉག་ཡི་གེ་དང་ལེགས་སྦྱར་ཡི་གེ བོད་ཡིག རྒྱ་ཡིག་སོགས་འདུག་ཅེས་ཀན་སུའུ་ཞིང་ཆེན་རིག་དངོས་གནས་རྫས་ཞིབ་འཇུག་སོའོ་ཡི་སོའོ་ཞིབ་འཇུག་པ། སྣེ་ཁྲིད་པ་ཀྲའོ་ཞའེ་ཡེ་ཡིས་དེ་ལྟར་གསལ་བཤད་བྱས།

       ཚ་ཚ་ནི་པར་སྐོང་ལས་དཔར་བཟོ་བྱས་པའི་འདམ་སྐུའམ་མཆོད་རྟེན་ཆུང་གྲས་ཤིག་ཡིན་ལ། དེ་ཡང་བོད་ཡིག་གམ་ལེགས་སྦྱར་ཡི་གེའི་སྔགས་ཡིག་ཉུང་གྲས་ཡོད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་ཏུན་ཧོང་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་བྱང་ཁུལ་བྲག་ཕུག་ལ་གཙང་བཟོ་བྱེད་སྐབས་ཚ་ཚ་ཁྲི་བདུན་ལྷག་གསར་རྙེད་བྱུང་བ་རེད།

       གསར་འགོད་པས་ཚེས་11ཉིན་གྱི་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། གནའ་རྫས་རྟོག་ཞིབ་མི་སྣས་ཁྲི་1.8ལྷག་གི་ཚ་ཚ་བཟོ་རྩལ་དང་བཟོ་དབྱིབས་ལྟར་དབྱེ་འབྱེད་བྱས་ཤིང་། སྔོག་འཚོལ་འཆར་གཞི་ལྟར་ན། རྡོ་རྗེ་ཕག་མོའི་བྲག་ཕུག་གི་རྗེས་ཤུལ་སྔོག་འཚོལ་ལས་ཀ་སྔ་གཞུག་ཏུ་ལོ་གསུམ་རིང་རྒྱུན་མཐུད་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1