ང་པོ་ཨེ་ཛིའི་ནད་ཡམས་ཀྱི་ལོ་རྒྱུས་ནི།
ཨེ་ཛིའི་ནད་ཡམས་ཞེས་པ་འདི་ནི་ཆེས་ཤིན་ཏུ་འཇིགས་སུ་རུང་བའི་འགོ་ནད་ཚབས་ཆེན་ཞིག་ཡིན་ཏེ། ཐོག་མར་ཨ་ཧྥེ་རི་ཀ་ནས་བྱུང་ཞིང་ད་ལྟའང་འཛམ་གླིང་གི་ཡུལ་གྲུ་ཐམས་ཅད་ལ་ཁྱབ་ཡོད།
སྤྱི་ལོ་༡༩༨༡ལོར་མི་རྣམས་ཀྱིས་ནད་འདི་གསར་དུ་ངོ་ཤེས་པར་གྱུར། དེ་ནས་བཟུང་ད་ལྟའི་བར་ལོ་༣༠ཙམ་གྱི་རིང་ལ་འཛམ་གླིང་གི་མི་བྱེ་བ་དྲུག་ལ་ནད་འདི་འགོས། དེ་ལས་མི་བྱེ་བ་གསུམ་ལ་ཉེ་བ་ཙམ་གྱི་སྲོག་ཤོར། འོན་ཀྱང་ད་དུང་བཅོས་ཐབས་རྩ་བ་ནས་རྙེད་མེད། དེས་ན་འདི་སྔོན་འགོག་བྱ་བ་ནི་མི་རིགས་སམ་མི་སྒེར་སུ་ཡིན་ཡང་རུང་ཆེས་ཤིན་ཏུ་གལ་ཆེ་བའི་བྱ་བ་ཞིག་ཡིན་པས་བོད་གངས་ཅན་པའི་སྐྱེ་བོ་ཡོངས་ཀྱིས་འབད་བརྩོན་བྱ་དགོས་སོ། །
གཉིས་པ་ནད་འགོ་ཚུལ་ཤེས་པར་བྱ་བ་ནི།
ཐོག་མར་ནད་འདི་ཇི་ལྟར་འགོ་བའི་ཚུལ་ཤེས་དགོས་ཏེ། དེ་ཤེས་ན་སྔོན་འགོག་གི་བྱ་བ་བསྒྲུབ་སླ་བའི་ཕྱིར་རོ། །དེས་ན་ད་ལྟ་ཡོངས་སུ་ཤེས་པ་ལྟར་ན། ནད་འདི་འགོ་བའི་བརྒྱུད་ལམ་ཆེན་པོ་གསུམ་ཡོད་དེ། དང་པོ། ཕོ་མོ་ལུས་འབྲེལ་བྱས་པ་ལ་བརྟེན་ནས་འགོ་བ་དང་། གཉིས་པ། ཁྲག་ལ་བརྟེན་ནས་འགོ་བ་དང་། གསུམ་པ། མའི་མངལ་ལམ་ནུ་འོ་ལ་བརྟེན་ནས་འགོ་བའོ། །
ལུས་འབྲེལ་ལས་འགོ་བ་ནི།
ལུས་འབྲེལ་བྱེད་པའི་ཚེ་ཕོ་མོ་གང་རུང་ཞིག་ཨེ་ཛིའི་ནད་དུག་ཅན་ཡིན་ན། དེས་ཅིག་ཤོས་ལ་བགོས་ནས་ནད་དུག་ཅན་དུ་འགྱུར་ཞིང་། དེས་ཀྱང་གཞན་ལ་བགོས་ནས་མཐར་མི་རབས་མང་པོ་ལ་མཆེད་པར་འགྱུར་ཏེ། ཨེ་ཛིའི་ནད་དུག་བརྒྱ་ཆ་༨༠ཙམ་ཞིག་ཚུལ་འདིའི་སྒོ་ནས་འགོས་པ་ཡིན་པས་ཉེན་ཁ་ཤིན་ཏུ་ཆེའོ། །
ཁྲག་ལས་འགོ་བ་ལ་བཞི་སྟེ།
དང་པོ། ནད་པའི་ལུས་ལ་ཁྲག་ཁབ་རྒྱག་པའམ་མཁལ་མ་སོགས་དོན་སྣོད་བརྗེ་བ་དང་།
གཉིས་པ། དུད་ནག་འཐེན་མཁན་རྣམས་ཀྱིས་ཁབ་ཆས་གཅིག་གིས་མི་མང་པོའི་ཁྲག་རྩའི་ནང་དུ་དུག་ཁབ་རྒྱག་པ་དང་།
གསུམ་པ། སྨན་དཔྱད་ཀྱི་ཡོ་བྱད་དག་ལ་དུག་སེལ་མཐར་ཕྱིན་པ་མ་བྱས་པ་སྟེ། དེ་ཡང་སྨན་ཁབ་རྒྱག་པ་དང་གཤག་བཅོས་དང་ཁ་ནད་དང་མོ་ནད་དང་བཞིན་བཅོས་སོགས་བྱེད་པའི་ཡོ་བྱད་རྣམས་ཀྱི་ཐོག་ན་ནད་དུག་ཡོད་པ་དེ་སྨན་ཁང་ཚད་དང་མི་ལྡན་པ་དག་གིས་དུག་སེལ་ལེགས་པོ་མ་བྱས་པས་གཞན་ལ་ནད་དུག་འགོ་བ་དང་།
བཞི་པ། འཚོ་བའི་ཡོ་བྱད་རྣམས་ལས་སྨར་བཞར་དང་སོ་ཕྱིས་དང་སོ་ཐུར་དང་སེན་གྲི་སོགས་ཁྲག་འགོ་རུང་བའི་ཡོ་བྱད་རྣམས་ནད་དུག་ཅན་གྱི་མིས་སྤྱད་པའི་དབང་གིས་དེའི་ཐོག་ན་ནད་དུག་ཡོད་པ་རྣམས་བཀོལ་བ་ལས་འགོ་བའོ། །
གསུམ་པ་ནི། ནད་དུག་ཅན་གྱི་མའི་མངལ་ན་ཡོད་པའི་ཕྲུ་གུ་དང་། མ་དེའི་ནུ་འོ་འཐུང་བ་སོགས་བྱེད་པའི་བྱིས་པ་ལ་འགོ་བའོ། །
གསུམ་པ་ཨེ་ཛིའི་ནད་སྔོན་འགོག་བྱ་བ་ནི།
བརྒྱུད་ལམ་གསུམ་གྱི་དང་པོ་སྔོན་འགོག་བྱེད་པ་ལ། ཕོ་མོ་ལུས་འབྲེལ་གྱི་བྱ་བ་གཏན་ནས་མ་བྱས་ན་དེ་ལས་བྱུང་བའི་ནད་ཀྱང་འགོ་དོན་མེད་མོད། འོན་ཀྱང་དེ་མི་ཕལ་མོ་ཆེས་བསྒྲུབ་དཀའ། དེ་ལྟར་མ་ནུས་ན་ནད་དུག་མེད་ངེས་ཀྱི་མི་གཅིག་མ་གཏོགས་གཞན་མང་པོ་ལ་ལུས་འབྲེལ་མི་བྱེད་ཅིང་། ཁྱད་པར་དུ་སྨད་འཚོང་མ་ལ་ལུས་འབྲེལ་གཏན་ནས་མི་བྱེད་པ་དང་། སྤྱིར་ལུས་འབྲེལ་བྱེད་པའི་གནས་སྐབས་ཀུན་ཏུ་བདེ་འཇགས་སྲུང་སྐྱོབ་ལ་ནན་ཏན་བྱེད་དགོས་ལ། དེ་ཇི་ལྟར་བྱ་བའི་ཚུལ་རྣམས་ཞིབ་པར་ཤེས་པར་བྱའོ། །
བརྒྱུད་ལམ་གཉིས་པ་སྔོན་འགོག་བྱེད་པ་ལ་ལྔ་སྟེ།
དང་པོ་ཅི་ནུས་ཀྱིས་ལུས་ལ་ཁྲག་ཁབ་མི་རྒྱག་པ་དང་། ཅིས་ཀྱང་རྒྱག་དགོས་ན་ཨེ་ཛིའི་ནད་དུག་མེད་པར་གཏན་ཁེལ་བྱས་པའི་རྟགས་མ་ཅན་གྱི་ཁྲག་རྒྱག་པ་དང་། གཉིས་པ་སྨན་བཏུང་བ་ལས་ཅི་ནུས་ཀྱིས་ཁབ་མི་རྒྱག་པ་དང་། ཅིས་ཀྱང་རྒྱག་དགོས་ན་སྨན་ཁབ་ཐེངས་གཅིག་པ་ལས་མི་མང་པོ་ལ་བཀོལ་བའི་ཁབ་ཆས་མི་སྤྱད་པ་དང་། ཁབ་མགོ་དང་རྨ་རས་སོགས་ལ་མི་རེག་པ་དང་། སོ་ནད་དམ་དེ་ལས་གཞན་པའི་ཁ་ནད་སྨན་བཅོས་བྱེད་པ་སོགས་ཀྱི་སྐབས་སུ་ཡོ་བྱད་རྣམས་ལ་དུག་སེལ་ལེགས་པོ་བྱས་ཡོད་མེད་བརྟག་པར་བྱ་བ་དང་། ཁྱད་པར་དུ་སྨན་ཁང་ཚད་དང་མི་ལྡན་པ་རྣམས་ཀྱི་ནང་ནས་ཁབ་རྒྱག་པ་སོགས་མི་བྱ་བ་དང་། གསུམ་པ་ཚད་དང་མི་ལྡན་པའམ་དུག་སེལ་ལེགས་པོ་མི་བྱེད་པའི་སྐྲ་བཞར་ཁང་དང་བཞིན་ལས་ཁང་སོགས་ནས་སྐྲ་བཞར་བ་སོགས་མི་བྱེད་པ་དང་། བཞི་པ་རང་ཉིད་ཀྱི་སྨར་བཞར་དང་སོ་ཕྱིས་སོགས་ལས་གཞན་གྱི་དེ་དག་མི་བཀོལ་བ་དང་། ལྔ་བ་ཁྲག་ཐོན་པའི་རྨས་མ་སྐྱོབ་པའི་ཚེ་ན་དེའི་ཁྲག་རང་གི་ལུས་ཀྱི་པགས་པའམ་ཁྱད་པར་དུ་རྨ་ཁ་ཡོད་ན་དེ་ལ་མ་རེག་པར་བྱེད་དགོས་ཏེ། དེ་རྣམས་ཀྱིས་རིགས་འགྲེས་ནས་བྱ་བ་གཞན་ཀུན་ལ་ཤེས་པར་བྱའོ། །
བརྒྱུད་ལམ་གསུམ་པ་སྔོན་འགོག་བྱེད་པ་ལ་གཉིས་ཏེ།
དང་པོ་ཕྲུ་གུ་སྐྱེ་གསོའི་ན་ཚོད་དང་ལྡན་པའི་བུད་མེད་རྣམས་ཀྱིས་ལྷག་པར་དུ་ཨེ་ཛིའི་ནད་དུག་གི་བརྒྱུད་ལམ་དོགས་ཟོན་བྱས་ནས་དེ་མི་འགོ་བར་བྱ་བ་དང་། གཉིས་པ་མངལ་ཆགས་པའི་སྔ་རོལ་ཏུ་ནད་དུག་ཡོད་པར་ཤེས་ན་མངལ་ཆགས་སུ་མི་འཇུག་པ་སོགས་ཀྱི་ཐབས་ཤེས་བསྟེན་པ་དང་། ནུ་འོ་དང་མའི་ཁ་ནང་ནས་བུ་ལ་ཟས་མི་སྦྱིན་པ་སོགས་དགོས་སོ། །
བཞི་པ་ཨེ་ཛིའི་ནད་པ་ལ་བྱམས་སྐྱོང་བྱ་བ་ནི།
ནད་དུག་ཅན་གྱི་མི་རྣམས་ལ་སྤྱི་ཚོགས་ཡོངས་ཀྱིས་བརྩེ་གཟིགས་བྱམས་སྐྱོང་བྱེད་པ་ལས་དེ་དག་ལ་མཐོང་ཆུང་དང་བརྙས་བཅོས་མི་བྱ་ཞིང་། ཨེ་ཛིའི་ནད་དུག་ཅན་ལ་ལག་འཇུ་བྱས་པ་དང་། མཉམ་དུ་ཟས་ཟོས་པ་དང་། ཆུ་རྐྱལ་བྱས་པ་དང་། ཆབ་ཁང་སོགས་གནས་དང་ཡོ་བྱད་གཅིག་ལ་མཉམ་དུ་ལོངས་སྤྱད་པ་དང་། ཁ་རླངས་ཕོག་པ་ཙམ་གྱིས་ནད་འགོ་བར་མི་འགྱུར་བས་ཧ་ཅང་ཁུ་འཕྲིག་ནས་མིའི་ཁྱུ་ནས་ཕྱིར་འབུད་བྱས་ན་མི་འཐད་ཅིང་མི་དགོས་པས་དེ་ལྟར་མི་བྱེད་པ་གལ་ཆེའོ། །
ལྔ་པ་ཨེ་ཛིའི་ནད་པ་རང་གིས་ཇི་ལྟར་བྱ་བ་ནི།
ནད་དུག་ཅན་གྱི་མི་རྣམས་ཀྱིས་རང་གི་ནད་རྩ་བ་ནས་བཅོས་ཐབས་མ་རྙེད་ཀྱང་རེ་ཞིག་ཕན་པའི་སྨན་བསྟེན་པ་དང་། ཁྱད་པར་དུ་གཞན་ལ་མི་འགོ་བའི་ཐབས་ལ་བརྩོན་པ་ནན་ཏན་བྱ་བ་དང་། བདེ་སྡུག་གཏོང་ལེན་དང་ལས་འབྲས་ལ་ཡིད་ཆེས་སོགས་དམ་པའི་ཆོས་ཀྱི་སྒོ་ནས་ནད་འདི་ལ་བརྟེན་ཏེ་རང་གི་སྡིག་སྒྲིབ་འཛད་པ་དང་ཚོགས་གསོག་པའི་ཐབས་ལ་འབད་པར་བྱ་དགོས་སོ། །
འདི་དག་མདོར་བསྡུས་པ་ཙམ་ཞིག་ཡིན་པས་རྒྱས་པར་གཞན་དག་ལས་ཤེས་པར་བྱས་ནས་སྔོན་འགོག་ལ་ནན་ཏན་མཛད་པར་ཞུ་ཞུ།