བོད་ཀྱི་སློབ་གྲྭ་བ་རྣམས་ལ་སྐད་གཉིས་སློབ་གསོའི་ཁ་ཕྱོགས་བཤད་པ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


        སྐད་གཉིས་སློབ་གསོ་ལ་རྒྱལ་ཁ་ཐོབ་ཟིན་པའི་རྒྱལ་ཁབ་ཨ་མེ་རི་ཁ། ཁེ་ན་ཏ། ཨུ་རུ་སུ། འཇར་པན། ཨོ་སི་ཐྲ་ལི་ཡ། ལུ་སེམ་པག་སོགས་ལ་ཆ་མཚོན་ན། ཁོ་ཚོས་ནམ་ཡིན་ཡང་གཙོ་བོ་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ཏེ་ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས། རིག་གནས་སོགས་འཕེལ་རྒྱས་གཏོང་བཞིན་ཡོད། གཞན་པའི་སྐད་ཡིག་ནི་ལག་ཆ་ཞིག་གི་ཚབ་ལ་བཞག་ནས་བེད་སྤྱོད་གཏོང་གིན་འདུག སྔོན་འཇར་པན་གྱིས་རང་གི་སྐད་ཡིག་ཕལ་བ་བྱས་ནས་དབྱིན་ཇིའི་སྐད་ཡིག་གཙོ་བོར་བཟུང་། སྐབས་དེར་ཁོ་པ་ཚོས་ཆབ་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་འཕེལ་རྒྱས་མགྱོགས་པོར་འགྲོ་བར་སེམས། ཡིན་ནའང་ཁོ་ཚོའི་འཆར་གཞི་དེ་ལས་ལྡོག་པར་གྱུར། དེ་རྗེས་གཞི་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་འཕེལ་རྒྱས་འགྲོ་དགོས་པའི་གནས་ལུགས་རྟོགས། གནས་ལུགས་དེ་ང་ཚོའི་མི་རིགས་ཀྱིས་ཀྱང་ཤེས་དགོས། ད་ལྟའི་དུས་རབས་ནི་རིག་གནས་ཀྱི་དུས་རབས་ཤིག་རེད། ང་ཚོའི་ལས་ཞུགས་པ་ཞིག་བྱེད་འདོད་ན། ངེས་པར་དུ་ཡིག་རྒྱུགས་སྤྲད་དགོས། ཡིག་རྒྱུགས་དེས་ང་ཚོའི་ སློབ་གསོའི་ཆུ་ཚད་ག་འདྲ་ཡིན་པ་གོ་ཐུབ། མཐའ་ན་གཞུང་ཞབས་པ་ཞིག་བྱེད་དགོས་ན། ངེས་པར་དུ་ཡིག་རྒྱུགས་སྤྲད་དགོས། ང་ཚོའི་ལོ་རྒྱུས་ཐོག་ནས་བཤད་ན། བོད་ཀྱི་སློབ་གསོ་ནི་ཆེས་སྔོན་ཐོན་ཞིག་རེད། ཡིན་ནའང་ངས་བཤད་འདོད་པ་ནི་དེང་རབས་བོད་ཀྱི་སློབ་གསོའི་གནས་བབས་ཡིན། ལོ་ལྔ་བཅུའི་རིང་ང་ཚོ་ལ་སློབ་གསོའི་ཁྱབ་ཁོངས་ཡོད་ཀྱང་། ཡིད་ཕམ་དགོས་ས་ཞིག་ནི་སློབ་གསོའི་སྤུས་ཚད་ཧ་ཅང་ཞན། ས་གནས་སམ་སློབ་གྲྭ་གཅིག་གི་རྒྱ་བོད་ཀྱི་སློབ་མ་རྣམས་སློབ་ཆེན་གྱི་ཡིག་རྒྱུགས་སྤྲོད་སྐབས། ཕན་ཚུན་བར་ལ་ཕལ་ཆེར་ཨང་གྲངས་བརྒྱ་ཡས་མས་ཁྱད་པར་ཡོད། འདི་ནི་བོད་ཀྱི་ས་གནས་རེ་གཉིས་མིན་པར་ཐམས་ཅད་ཀྱི་གནས་ཚུལ་ཞིག་ཏུ་སྣང་། ང་ཚོའི་མི་རིགས་ལ་སློབ་གསོའི་སྤུས་ཚད་མེད་ན། ལས་ཞུགས་པ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། བོད་ཀྱི་ས་གནས་ཁག་ནས་གཞུང་ཞབས་པར་རྒྱུགས་སྤྲོད་སྐབས། དེའི་ནང་གི་རྒྱུགས་སྤྲོད་པ་བརྒྱ་ཆ་དགུ་བཅུ་ནི་བོད་རིགས་ཡིན། ཡིན་ཡང་རྒྱུགས་ལོན་པའི་སློབ་མ་ཕལ་ཆེ་བ་ནི་མི་རིགས་གཞན་དག་ཡིན།

      ཚོང་ལས་སོགས་ཀྱི་ཐད་ནས་བཤད་ན་ང་ཚོས་ནམ་ཡང་མི་རིགས་གཞན་པ་རྣམས་ཀྱི་རྗེས་ཆོད་ཀྱིན་མེད། བོད་རིགས་རྣམས་བླུན་ཆེ་ལ། མི་རིགས་གཞན་དག་སྤྱང་གྲུང་དང་ལྡན་པ་ཡིན་ནམ། ངས་བསམས་ན་རྒྱ་བོད་ཀྱི་མི་རྣམས་སྐྱེས་སྟོབས་ཀྱི་ཤེས་རབ་ལ་ཁྱད་པར་ཡོད་སྣང་འཆར་གྱིན་མེད། ཡིན་ཡང་ཁོར་ཡུག་དང་སློབ་གསོ་མི་འདྲ་བའི་དབང་གིས་འདི་ལྟར་ཁྱད་པར་དུ་གྱུར་སོང་བར་སེམས། ང་ཚོའི་སློབ་གསོའི་ཐད་ནས་རྨ་ཁ་ཆེན་པོ་དང་ཕམ་ཁ་མི་ཉུང་བ་ཞིག་རག་ཡོད། བོད་ཀྱི་ས་ཆ་གང་ཡིན་ ཡང་བོད་རིགས་བརྒྱ་ཆ་དགུ་བཅུ་ཡས་མས་ཟིན་ཡོད་། བོད་རང་སྐྱོང་ལྗོངས་ལ་ཆ་མཚོན་ན་མི་གྲངས་ཁྲི་༢༨༠ཡས་མས་ཡོད། དེའི་ནང་ནས་ཁྲི་༢༦༠ ཡས་མས་བོད་རིགས་ཡིན། ཡིན་ནའང་ང་ཚོས་མངོན་གསལ་དུ་ཤེས་པ་ཞིག་ལ་བོད་ཀྱི་ཚོང་ལས་ཧ་ཅང་ཉུང་། ཚོང་ལས་ནི་ང་ཚོའི་དཔལ་འབྱོར་གྱི་རྨང་གཞིའི་ཡོང་སྒོ་ཡིན། བོད་མི་ཐམས་ཅད་གཞུང་ཞབས་པའམ་དགེ་རྒན་བྱེད་དགོས་ཟེར་ན་དེ་ནི་མངོན་འགྱུར་མི་ཡོང་བའི་སྐད་ཆ་རང་རེད། ལས་ཞུགས་ཁང་ཕལ་ཆེ་བ་ནི་སྒེར་བཙུགས་ཁེ་ལས་རྣམས་ཀྱིས་བཟུང་ཡོད། སྒེར་བཙུགས་ཁེ་ལས་མཐར་གཏུགས་ནས་བཤད་ན་སྒེར་གྱི་དཔལ་འབྱོར་ཡོང་སྒོ་བསྡུ་ས་ཞིག་རེད།
      ང་ཚོའི་བོད་ཁུལ་ནས་ཁེ་ལས་བརྒྱ་ཆ་བརྒྱད་ཅུ་ནི་ཕྱི་མི་རྣམས་ཀྱིས་བཟུང་ཡོད། བརྒྱ་ཆ་ཉི་ཤུ་ཙམ་བོད་རིགས་རྣམས་ཀྱིས་ཟིན་ཡོད་པར་སྣང་། ད་དུང་ས་ཆ་འགའ་རེ་ལ་བརྒྱ་ཆ་ཉི་ཤུ་ཡང་མེད། དཔེར་ན། ལྷ་ས་རུ་ཆ་མཚོན་ན། བོད་ཀྱི་ཚོང་ལས་རྒྱ་ཆེ་ཤོས་ནི་བར་བསྐོར་ལམ་གཡས་གཡོན་ནས་ཡིན།ལོ་རྒྱུས་ཐོག་ནས་ཀྱང་དེ་ལྟར་ཡིན་རྒྱུ་རེད། ཀྲུང་གོའི་སྤྱི་ཚོགས་ ཚན་རིག་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། “བོད་མི་ཆེས་འདུས་སྡོད་མང་བའི་བར་སྐོར་ལམ་ནས་བོད་རྣམས་ཀྱི་ཚོང་ལས་བརྒྱ་ཆ་བཞི་བཅུ་ལས་ཟིན་མེད། ལྷག་མ་རྣམས་མི་རིགས་གཞན་པ་རྣམས་ཀྱིས་བཟུང་ ཡོད”ཅེས་བཤད་འདུགདེ་མིན་བར་བསྐོར་བྱང་ལམ། བར་བསྐོར་ཤར་ལམ། བདེ་སྐྱིད་ལམ། ཅང་སུ་ལམ་སོགས་ནས་ཕལ་ཆེར་བོད་རིགས་ཀྱི་ ཚོང་ལས་གཉེར་བ་མཐོང་རྒྱུ་མེད། ལྷ་ས་གྲོང་ཁྱེར་སྤྱིའི་ཆ་ནས་བཤད་ན། ཕལ་ཆེར་བོད་རྣམས་ཀྱི་ཚོང་ལས་བརྒྱ་ཆ་ལྔ་ཙམ་མ་གཏོགས་ཟིན་མེད། བརྒྱ་ཆ་དགུ་བཅུ་གོ་ལྔ་མི་རིགས་གཞན་པ་རྣམས་ཀྱིས་བཟུང་འདུགང་ཚོའི་མི་གྲངས་ཀྱིས་བརྒྱ་ཆ་དགུ་བཅུ་ཙམ་ཟིན་ན་ཅིའི་ཕྱིར་ཚོང་ལས་ཀྱིས་བརྒྱ་ཆ་ལྔ་མ་གཏོགས་ཟིན་མེད། ཁྱེད་ཚོར་དྲི་བ་འདི་ལ་ལན་འདྲ་མིན་སྣ་ཚོགས་ཡོད་ན་ཐང་། ངས་ཆེས་ལན་འདེབས་འདོད་པ་ནི་གཙོ་བོ་ང་ཚོའི་མི་རིགས་འདིའི་སློབ་གསོའི་ཆུ་ཚད་མ་འདང་པ་རེད། སློབ་གསོའི་ཆུ་ཚད་རྗེས་མ་ཆོད་ན་ཚོང་ལས་དང་ཁེ་ལས་གང་གཉེར་ཀྱང་མི་རིགས་གཞན་རྣམས་དང་བསྡུར་ཐབས་བྲལ། བོད་ལ་ཡོད་པའི་རྒྱ་རིགས་ཀྱི་ཚོང་བ་རྣམས་མ་མཐའ་ཡང་དམའ་འབྲིང་གི་རིག་གནས་ཆུ་ཚད་ཡོད། རྒྱ་བོད་གཉིས་སློབ་གསོའི་ཆུ་ཚད་ཀྱི་ཆ་ནས་བསྡུར་ན་གནམ་སའི་ཁྱད་པར་ཡོད། དེ་ལྟར་གྱུར་སོང་བའི་གནད་དེ་ང་ཚོས་ལེགས་པར་ངོས་ཟིན་ན། ད་གཟོད་ང་ཚོའི་མི་རིགས་འདི་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་ན་ཐང་།      སློབ་གསོའི་དམིགས་ཡུལ།
      བོད་ཀྱི་སྤྱི་ཚོགས་འདིར་ཕ་སྐད་གཙོ་བོར་བྱེད་དགོས་པའི་སློབ་གསོ་ བྱེད་རྒྱུ་ནི་གལ་ཆེན་ཞིག་ཏུ་སྣང་། སྤྱིར་བོད་ཀྱི་སློབ་ཆུང་ནས་སློབ་ཆེན་བར་ལ་ཕ་སྐད་གཙོ་བོར་བྱེད་པའི་སློབ་གསོའི་རྨང་གཞི་ཆགས་ཡོད། ཡིན་ནའང་ཡིད་སྐྱོ་བ་ཞིག་ནི། དེའི་ཐད་ནས་དོ་སྣང་མ་བྱས་པ་དེ་རེད། ནམ་རྒྱུན་ང་ཚོས་རང་མི་རིགས་ཀྱི་རིག་གནས་ལ་དོ་སྣང་མི་བྱེད་པར་མ་ཟད། གཞན་པའི་རིག་གནས་ཀྱི་རྗེས་སུ་འབྲངས་བ་ལ་དགའ། དེའི་རྒྱུ་མཚན་ གཙོ་བོ་ནི། དགེ་རྒན་མང་ཆེ་བས་རང་གིས་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་རིག་གནས་སོགས་ཀྱི་ཁྱད་ཆོས་མི་ཤེས་པ་མ་ཟད། གཞན་ལ་ཡང་སྐུལ་འདེད་མི་བྱེད། ཁོ་ཚོས་ནམ་རྒྱུན་བཤད་རྒྱུ། གཞན་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ། གོམས་གཤིས་སོགས་ཡིན། ད་དུང་དགེ་རྒན་འགའ་རེས་བོད་ཡིག་སྦྱངས་ན་དགོས་པ་མེད་རབས་སོགས་ཀྱི་སློབ་གསོ་སྤེལ་བཞིན་འདུག་པ་ཡང་མཐོང་། དྲང་མོ་བཤད་ན། ང་ཚོའི་སྐད་ཡིག་འཇིགས་པའི་རྒྱུ་རྐྱེན་གཙོ་བོ་ཕྱི་ནས་ཡོང་བ་མིན་ལ་ནང་ལ་ཡོད། གཞན་ཟེར་རྗེས་བརྗོད་ལ་དགའ་བའི་ཕ་མ་དང་དགེ་རྒན་རྣམས་ང་ཚོའི་སྐད་ཡིག་གི་དགྲ་བོ་ཡིན་པར་འདོད།
      《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་པའི》ནང་དུ་བཤད་དོན། “ མི་རིགས་རང་གི་སྐད་ཡིག་འཕེལ་རྒྱས་གཏོང་བའི་དབང་ཆ་དང་རིག་གནས་རྒྱུན་འཛིན་བྱེད་པའི་ཐོབ་ཐང་ཡོད ” ཅེས་གསུངས། ངས་བསམས་ན་ང་ཚོ་སློབ་ཆུང་ནས་བཟུང་སྟེ་རིག་གནས་གང་ལ་སྦྱངས་ཀྱང་ངེས་པར་དུ་ཕ་སྐད་གཙོ་བོ་བྱས་ནས་སྦྱོང་དགོས། དེ་ལྟར་སྦྱངས་ན་ད་གཟོད་ང་ཚོའི་མི་རིགས་འདི་སྔོན་ཐོན་གྱི་མི་རིགས་གྲལ་དུ་འགྲོ་ཐུབ། སློབ་ཆུང་གི་བསླབ་ཁག་ནང་ནས། རྒྱ་ཡིག་ཕུད། རྩིས་ཡིག་དང་རོལ་མོ། ཀུན་སྤྱོད། གཞན་ད་དུང་ལུས་རྩལ་དང་རི་མོ་རྣམས་ཕ་སྐད་ཀྱི་ཐོག་ནས་སྦྱངས་ན། དེ་ལ་དཔེ་དང་པོའི་སློབ་ཁྲིད་ཟེར། ཡང་སློབ་ཆུང་གི་བསླབ་ཁག་ནང་ནས། བོད་ཡིག་ཕུད། རྩིས་ཡིག རོལ་མོ། ཀུན་སྤྱོད། གཞན་ད་དུང་ལུས་རྩལ་དང་རི་མོ་རྣམས་རྒྱ་སྐད་ཀྱི་ཐོག་ནས་སྦྱངས་ན། དེ་ལ་དཔེ་གཉིས་པའི་སློབ་ཁྲིད་ཟེར། སློབ་འབྲིང་ལ་ཆ་མཚོན་ན། རྩིས་ཡིག ཆབ་སྲིད། དངོས་ཁམས། སྐྱེ་དངོས། རྫས་འགྱུར། ས་ཁམས། ལོ་རྒྱུས། ལུས་རྩལ་རྣམས་ཕ་སྐད་ཀྱི་ཐོག་ནས་སློབ་ཁྲིད་གནང་རྒྱུ། རྒྱ་ཡིག་དང་ དབྱིན་ཡིག་ནི་རང་གི་སྐད་ཐོག་ནས་སློབ་ཁྲིད་གནང་དགོས་པ་སྨོས་མ་དགོས། སྤྱིར་བཏང་བཤད་ན། དཔེ་དང་པོ་དང་དཔེ་གཉིས་པ་གཉིས་ཀ་སྐད་གཉིས་སློབ་གསོ་རེད།
      ཡིན་ནའང་ང་ཚོས་དཔེ་གང་གི་སྐད་གཉིས་སློབ་གསོ་དེ་ང་ཚོའི་སྤྱི་ཚོགས་ལ་ཕན་ནུས་ཆེ་བར་ལྟ་དགོས། དུང་སློབ་ཁྲིད་ཀྱི་སྐབས་སུ་རྒྱ་ཡིག་གི་ཐོག་ནས་བཤད་རྗེས་ཡང་བསྐྱར་བོད་ཡིག་གིས་བཤད་ན། དེ་ཡང་སྐད་གཉིས་སློབ་གསོ་ཞིག་རེད་། ཡིན་ཡང་ནང་དོན་གཅིག་ལ་འགྲེལ་བཤད་གཉིས་བྱེད་དགོས་བྱུང་ཚེ། དེ་འདྲའི་སློབ་གསོས་དགོས་མེད་ཀྱི་དུས་ཚོད་མང་པོ་ཞིག་བརླག་བཞིན་ཡོད། འགའ་རེས་སློབ་མ་རྣམས་ལ་བོད་ཡིག་གི་སློབ་དེབ་སྤྲད་ནས་དགེ་རྒན་གྱིས་རྒྱ་སྐད་ཀྱི་ཐོག་ནས་སློབ་ཁྲིད་གནང་བར་ཡང་འདུག དེ་ནི་དོན་གྱིས་ཐོག་ནས་སློབ་མས་བཟུང་ཡོད་པའི་སློབ་དེབ་དང་དགེ་རྒན་གྱིས་བཤད་པའི་སྐད་ཆ་གཉིས་འགལ་བ་ཞིག་རེད། སློབ་མ་མང་པོ་ཞིག་གིས་དགེ་རྒན་གྱིས་བཤད་པའི་མིང་ཚིག་དེ་སློབ་དེབ་ནང་གི་མིང་ཚིག་གང་ཡིན་མ་གོ་བར་བསྡད་འདུག དེ་འདྲའི་སློབ་ཁྲིད་ནི་ཆེས་ཐབས་རྡུགས་ཀྱི་སློབ་ཁྲིད་བྱེད་སྟངས་ཤིག་ཏུ་སྣང་།
      སྦྲགས་སྐད་ཀྱི་སྒོ་ནས་སློབ་ཁྲིད་གནང་བ་ནི་ཆེས་མ་གུས་པའི་ལས་ཤིག་ཡིན་པར་སེམས། སྤྱིར་གོང་ནས་བཤད་པའི་དཔེ་དང་པོ་དང་དཔེ་གཉིས་པ་ནི་གནས་ལུགས་དང་མཐུན་པའི་སློབ་ཁྲིད་བྱེད་སྟངས་ཤིག་རེད། ཡིན་ནའང་དཔེ་གང་ད་གཟོད་ང་ཚོའི་བོད་ཀྱི་སློབ་གྲྭ་རྣམས་དང་མཐུན་པར་བལྟ་དགོས། སྤྱིར་སློབ་གསོ་གང་ཡིན་ཡང་དེ་ལ་དེ་དང་མཐུན་པའི་དམིགས་ཡུལ་རེ་ཡོད། སློབ་ཆུང་ལ་སློབ་ཆུང་དང་མཐུན་པའི་དམིགས་ཡུལ། སློབ་འབྲིང་ལ་སློབ་འབྲིང་དང་མཐུན་པའི་དམིགས་ཡུལ། སློབ་ཆེན་ལ་སློབ་ཆེན་དང་མཐུན་པའི་དམིགས་ཡུལ་རེ་ཡོད། དམིགས་ཡུལ་དེ་མ་འགྲུབ་ན་སློབ་གསོ་དེ་ཡང་དོན་མེད་ཅིག་ཏུ་གྱུར། མཐར་གཏུགས་ནས་བཤད་ན་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་སློབ་གསོའི་དམིགས་ཡུལ་ངོ་མ་དེ་ཡིན། དེང་སང་བོད་ཀྱི་ས་ཆ་འགའ་རེའི་མཐོ་འབྲིང་དང་སློབ་ཆེན་གྱི་སློབ་མ་རྣམས་རྩིས་ཡིག་དང་རྫས་འགྱུར་སོགས་རྒྱུགས་འབྲས་ཀྱི་སྐར་གྲངས་ལ་བཅུ་ནས་བཅོ་ལྔ། གོར་ཐིག་ཅན་གྱི་སློབ་མ་ཡང་འདུག དེ་འདྲ་ཡིན་ན་སློབ་གསོའི་དམིགས་ཡུལ་འགྲུབ་ཡོད་དམ།
      ང་ཚོ་བོད་ཀྱི་སྤྱི་ཚོགས་ལ་འཁོ་བའི་སློབ་གསོ་ནི་དཔེ་དང་པོའི་སློབ་ཁྲིད་ཡིན། རྒྱུ་མཚན་ནི་ཉིད་ཀྱིས་སློབ་ཁྲིད་གནང་སའི་སློབ་མ་ནི་བོད་ རིགས་ཤ་སྟག་ཡིན། ཉིད་ཀྱིས་སློབ་ཁྲིད་བྱས་པའི་མཐར་སློབ་མ་རྣམས་ཀྱིས་ཅི་ཡང་མ་གོ་བ་ཡིན་ན། ཉིད་ཀྱིས་སློབ་ཁྲིད་གནང་བའི་དོན་སྙིང་ཡོད་དམ། ང་ཚོས་བོད་པའི་ས་ཁུལ་ལ་རྒྱའི་སྐད་ཡིག་ཡང་དག་བཤད་ཤེས་མི་ག་ཚོད་ཡོད། ད་དུང་སློབ་ཆུང་གི་ནང་ལ་ཅི་ཙམ་ཡོད་། སློབ་མ་རྣམས་ཀྱིས་རིག་གནས(ཚན་རིག་ལག་རྩལ་དང་དེང་རབས་རིག་གནས)སློབ་པའི་དམིགས་ཡུལ་གཙོ་བོ་ནི་མ་འོངས་པར་མི་རིགས་ལ་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། དེ་མིན་རུང་། མ་མཐའ་ཡང་རང་ཉིད་ཀྱི་ཁྱིམ་ཚང་གི་འཚོ་བ་ལ་དཀའ་ཁག་མི་ཡོང་བར་བྱེད་ནུས་དགོས། དེ་ལྟར་མ་ཡོང་ན་རིག་གནས་སྦྱངས་པའི་དོན་མེད་སོང་བ་རེད། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སློབ་མ་རྣམས་ཀྱི་རྒྱུད་ལ་རིག་གནས་ཤིག་སྦྱར་རྒྱུ་དེ་ཡིན།
      ཕ་སྐད་ཀྱི་ལམ་ནས་ཚན་རིག་ཤེས་བྱ་སྦྱངས་ན་ཕུལ་བྱུང་གི་འབྲས་བུ་ལེན་ནུས་ལ་གཞན་གྱི་སྐད་ཐོག་ནས་སྦྱངས་ན་ལེན་མི་ཐུབ་པ་ནི་ཕལ་ཆེར་ཆོས་ཉིད་ཅིག་རེད་ཟེར་ན་མ་ཆོག་པ་མེད་སྙམ། ད་བར་ང་ཚོ་བོད་ལ་ཆ་མཚོན་ན། ཀྲུང་གོའི་ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན་ལྟ་བུའི་སློབ་གྲྭའི་ནང་ལ་རྒྱུགས་འཕྲོད་པའི་སློབ་མ་ནི་ཉིན་མོའི་སྐར་མ་ལྟ་བུ་རེད།
      སོག་རིགས་དང་ཁྲའོ་ཞན་མི་རིགས་སོགས་ལ་བཤད་ན་སློབ་གྲྭ་དེ་དག་ལ་རྒྱུགས་འཕྲོད་པ་གྲངས་ཀྱིས་མི་ལངས་པ་ཡོད། ཁོ་ཚོའི་སློབ་གསོ་ནི་དཔེ་དང་པོའི་སློབ་ཁྲིད་རེད། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སྟེ་སློབ་ཆེན་བར་རང་གི་ཕ་སྐད་ཐོག་ནས་སློབ་ཁྲིད་བྱེད་པ་ཤ་སྟག་རེད། གཞན་ཡང་དཔེ་གཉིས་པའམ་གཞན་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་པ་རྣམས་ང་ཚོ་བོད་དང་གཅིག་མཚུངས་རེད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1