ཤྭ་བ་སེར་ཆེན་ནི་ཤྭ་བ་ཆེ་གྲས་ཀྱི་རིགས་སུ་གཏོགས་པ་སྟེ། དེའི་གཟུགས་པོའི་རིང་ཚད་ལ་ལི་སྨི་180ཡས་མས་ཡོད་ཅིང་སོག་མགོའི་མཐོ་ཚད་ལ་ལི་སྨི་110ནས་ལི་སྨི་130ཡོད། ཤྭ་བ་སེར་ཆེན་དར་མའི་རིགས་ཀྱི་ཕོ་ཞིག་གི་ལྗིད་ཚད་ལ་ཧ་ལམ་སྤྱི་རྒྱ་200དང་མོ་ཞིག་གི་ལྗིད་ཚད་ལ་ཧ་ལམ་སྤྱི་རྒྱ་150ཡས་མས་ཡོད། ཕོ་ལས་མོ་ཅུང་ཆུང་བ་དང་མགོ་དང་གདོང་ཅུང་རིང་ལ་མིག་ཀོང་འོག་ཏུ་གཤེར་རྨེན་ཡོད། རྣ་བ་ཆེ་ཞིང་ཀ་ཟླུམ་དབྱིབས་སུ་གྲུབ། སྐེ་དང་སུག་བཞི་རིང་ཞིང་རྨིག་པ་ཆེ་ལ་རྔ་མ་ཐུང་ཐུང་ཞིག་ལས་མེད།
ཤྭ་བ་སེར་ཆེན་གྱི་རྭ་ཅོ་ཆེ་ཞིང་ཕོ་ལ་མ་གཏོགས་མེད། དེའི་གཟུགས་པོའི་རིང་ཚད་དང་ལྗིད་ཚད་ཇི་ལྟར་མཐོ་ན་རྭ་ཅོ་དེ་བཞིན་ཆེ། ཤྭ་བོའི་རྭ་ཅོ་ལ་མང་ཆེ་བར་དྲུག་ཚེབ་དང་བརྒྱད་ཚེབ་ཡོད་ཅིང་ཁ་ཤས་ལ་དགུ་ཚེབ་དང་བཅུ་ཚེབ་ཡོད་པའང་སྣང་། དབྱར་ཁའི་སྤུ་ཐུང་ཞིང་ཁུ་ལུ་མེད་ལ་མདོག་ཕལ་ཆེར་ཁམ་མདོག་ཡིན་ལ། རྒྱབ་ཀྱི་སྤུ་མཐུག་ཅིང་ལྟོ་བའི་སྤུ་ཅུང་སྲབ། དགུན་ཁའི་སྤུ་མཐུག་ཅིང་ཁུ་ལུ་ཡོད་ལ་མདོག་ཕལ་ཆེར་སྨུག་པོར་སྣང་།ཤྭ་བ་སེར་ཆེན་ནི་སྤྱིར་བཏང་དུ་མཚོ་ངོས་ལས་སྨི་3500ནས་སྨི་5000གིས་མཐོ་བའི་ནགས་ཁྲོད་དུ་འཚོ་སྡོད་བྱེད་ཅིང་དུས་ཚིགས་མི་འདྲ་བ་དང་ས་བབ་ཆ་རྐྱེན་མི་འདྲ་བ་དང་བསྟུན་ནས་འཚོ་སྡོད་ཁོར་ཡུག་བརྗེ་སྤོར་བྱེད་བཞིན་ཡོད། དེ་ནི་ནགས་ཁྲོད་དང་སྤང་ཐང་ནས་འཚོ་སྡོད་བྱེད་པར་མོས་སྟེ། རྒྱུ་མཚན་ནི་སྦས་ཡིབ་ཀྱི་ཆ་རྐྱེན་བཟང་བ་དང་། འཐུང་ཆུ་དང་ཁ་ཟས་མོད་པོ་ཡིན་པས་སོ། ། ཁ་ཟས་ཇེ་ཉུང་དུ་སོང་ཚེ་རི་འདབས་དང་ཞིང་ཚིགས་སུ་ཡོང་ནས་ཟ་རྒྱུ་འཚོལ་བ་དང་སྐྱ་རེངས་འཆར་བའི་སྔ་གཞུག་ཏུ་ཁ་ཟས་འཚོལ་ལ་བརླན་ཞན་པའི་ཚྭ་གཞུང་ནས་བ་ཚྭ་ལྡག་ཅིང་དབྱར་གཞུང་ཆུ་ཕྲན་དང་ན་གཞུང་ནས་ཁྲུས་བྱེད་པ་ཡིན།
ཤྭ་བ་སེར་ཆེན་ནི་དུས་རྒྱུན་དུ་ཁེར་རྐྱང་ངམ་ཁྱུ་ཉུང་ངུར་སྒྲིག་ནས་འགྲོ་ཞིང་དེའང་མ་བུ་མཉམ་དུ་སྐྱོད་ལ། ཤྭ་བོ་རྣམས་ཁེར་རྐྱང་གིས་རྒྱུ་བའམ་འགའ་ཤས་ཁྱུ་སྒྲིག་ཏེ་འགྲོ། རང་བྱུང་ཁམས་ཀྱི་གཉན་པོ་ནི་སྤྱང་ཀི་དང་དོམ། གཟིག་དང་འཕར་བ། གཡི་སོགས་གཅན་གཟན་གཏུམ་པོ་དག་ཡིན་པ་དང་། དེ་ཉིད་རྒྱུགས་རྩལ་མགྱོགས་ཤིང་བློ་རིག་མྱུར་བ། རྣ་ཤེས་དང་སྣ་ཤེས་ཀྱི་ཚོར་བ་སྐྱེན་པོ་ཡོད་པ། གཟུགས་སྟོབས་ཆེ་ཞིང་རྭ་ཅོ་རྣོ་བས་བདའ་འདེད་མཁན་དང་དྲག་འཛིང་བྱེད་ཐུབ་ཀྱིན་ཡོད།
ཤྭ་བ་སེར་ཆེན་ནི་སྔོན་ཆད་རང་རྒྱལ་དུ་གྲངས་འབོར་ཅུང་མང་ནའང་དེའི་ཤྭ་ཁྲག་དང་ཤྭ་རྭ། བུ་རོགས། རྔ་མ་སོགས་སྨན་སྣ་རྩ་ཆེན་དུ་འགྲོ་བས་མི་རྣམས་ཀྱིས་ཚད་ལས་བརྒལ་བའི་རྔོན་རྒྱག་བྱས་སྟབས་ད་ལྟ་གྲངས་ཀ་ཉུང་དུ་ཕྱིན་ཡོད་པ་རེད། དེ་བས་ང་ཚོས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་པའི་ཤྭ་བ་སེར་ཆེན་ལ་སྲུང་སྐྱོབ་དང་རྔོན་རྒྱག་བྱེད་པར་བཀག་འགོག་བྱ་དགོས།།
སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།