བོད་ལྗོངས་སུ་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས་པ།
ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-26
རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཉེ་ཆར་ལྷ་སར་བཙུགས་ཤིང་། སྔོན་མའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་སྒྲུབ་པ་ལྷག་པ་ཕུན་ཚོགས་ཀྱིས་ཚོགས་ཐོག་ཏུ་ཚངས་དབྱངས་རྒྱ་མཚོ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆོས་ལུགས་གཙོ་འཛིན་པ་ཞིག་ཡིན་པ་མ་ཟད། རླབས་ཆེན་གྱི་སྙན་ངག་པ་ཞིག་ཡིན་པས། མ་ལག་འཐུས་ཚང་ཞིང་གོ་རིམ་ཡོད་པའི་སྒོ་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལེགས་སྒྲིག་བྱ་དགོས་ཞེས་བསྟན།
ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ནི་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པ་སངས་ནོར་བུ་དང་སྔོན་མའི་བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཁང་གི་ཅུས་ཀྲང་གེ་སར་རྒྱལ་མཚན་གཉིས་ཀྱིས་འགོ་བཙུགས་པ་དང་། སྤྱི་ལོ་2014ལོའི་ལོ་མཇུག་ནས་ད་ལྟའི་བར་དུ་ལོ་ངོ་གཉིས་ཙམ་གྱི་གྲ་སྒྲིག་དང་འཆར་གཞི་བརྒྱུད་ནས། ད་གཟོད་ཚོགས་ཞུགས་མི་སྣ་90ལྷག་གིས་གྲུབ་པའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་དངོས་སུ་བཙུགས་པ་དང་། མཐུན་ཚོགས་འདི་མི་རིགས་དང་ལས་རིགས་སོ་སོའི་ཤེས་ལྡན་མི་སྣ་དང་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་མོས་འདུན་ཡོད་པའི་ཁེ་ལས་པས་གྲུབ།
པ་སངས་ནོར་བུས་མཛད་སྒོའི་ཐོག་ཏུ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ནི་ཆོས་ལུགས་རིག་གནས་དང་འཇིག་རྟེན་རིག་གནས། དཀྱིལ་སྙིང་རིག་གནས་དང་དམངས་ཁྲོད་རིག་གནས་མཉམ་དུ་འདུས་ཤིང་། དེ་ནི་ལོ་རྒྱུས་རིག་གནས་ཤིག་ཡིན་པ་མ་ཟད། རྒྱུད་འཛིན་དང་དར་སྤེལ། འཕོ་འགྱུར་ཁྲོད་ཀྱི་རིག་གནས་ཤིག་ཀྱང་རེད། ཚངས་དབྱངས་རྒྱ་མཚོའི་རིག་གནས་ནི་ལོ་ངོ་333གྱི་ལོ་རྒྱུས་བརྒལ་ཞིང་། མི་རིགས་དང་སྐད་ཡིག དེ་མིན་ས་ཁོངས་སོགས་བརྒལ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་ཏུ་གྱུར་བ་རེད་ཅེས་བསྟན།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་ཚན་པ་66ཙམ་ཡོད་ལ། རྒྱ་ཡིག་གི་པར་གཞི་ལ་རྒྱལ་ཁབ་ཕྱི་ནང་དུ་ཁྱོན་བསྡོམས་བསྒྱུར་ཡིག་བཅུ་ལྷག་ཡོད་ལ། ཕྱི་རྒྱལ་དུ་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ འཇར་པན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ་དང་ཧིན་དྷུའི་ཡི་གེ་སོགས་ཀྱི་པར་གཞི་ཡོད་དོ།།
བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་དཀོན་མཆོག་གིས། ཚངས་དབྱངས་རྒྱ་མཚོ་ལ་ངོ་མཚར་བའི་མཛད་སྤྱོད་དང་ཤེས་རབ་ཀྱི་བློ་དང་ལྡན་པ་མ་ཟད། ཁོང་གིས་གསར་བཏོད་གནང་བའི་མགུར་གླུ་ནི་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་ཐོག་ལ་སྙན་གྲགས་རྒྱས་ཤིང་། འཛམ་གླིང་སྟེང་དེ་བས་ཀྱང་དགའ་བསུ་ཐོབ་བཞིན་ཡོད། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་དབུ་བརྙེས་པ་དེས་བོད་ཀྱི་རིག་གནས་འཕེལ་རྒྱས་དང་། ཀྲུང་གོའི་ཤེས་རིག་ལ་སྒུལ་ཤུགས་གསར་པ་ཞིག་སྣོན་ངེས།།