བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྦྲ་གུར་དུས་ཆེན།

བཀྲ་ཤིས་ཀྱིས་བྲིས། རྩོམ་སྒྲིག་པ། བཀྲ་ཤིས།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 08-02



        སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡན་ལག་འདུ་འཛོམས་ཤིག་ཏུ་བརྩིས་པའི་ཀྲུང་གོའི་སེར་ཤུལ་རྫོང་སྦྲ་གུར་དུས་ཆེན་དེ་སྤྱི་ཟླ7པའི་ཚེས30ཉིན་སེར་ཤུལ་རྫོང་དུ་འགོ་ཚུགས་པ་རེད།

        སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་གྱིས་སྣེ་ཁྲིད་གནང་བའི་སྐུ་མགྲོན་དང་། དཀར་མཛེས་ཁུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་སྣེ་ཁྲིད་གནང་བའི་ཁུལ་དང་རྫོང་སོ་སོའི་སྐུ་མགྲོན། ཡུལ་ཤུལ་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཚེ་རིང་གིས་སྣེ་ཁྲིད་གནང་བའི་སྐུ་མགྲོན། དེ་མིན་སེར་ཤུལ་རྫོང་གི་ལས་འཁྱུར་ངལ་གསོ་བྱེད་མཁན་དང་དབུ་ཁྲིད་རྒན་པ་དང་བཅས་པ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།
        སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་གྱིས་སྦྲ་གུར་དུས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།
        འགོ་འཛུགས་པའི་མཛད་སྒོ་ནི་སེར་ཤུལ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་རྫོང་དཔོན་ལའོ་ལིང་གིས་གཙོ་སྐྱོང་བྱས་པ་དང་། རྫོང་ཨུའི་ཧྲུའུ་ཅི་ཡོན་མེང་ཀའང་གིས་ཤིས་ཚིག་ཕུལ་བ་རེད། ཁོས་སེར་ཤུལ་ནི་ས་མཐོ་ལ་གནམ་གཤིས་འགྱུར་བ་ཆེ་ཡང་གནས་མཆོག་འདི་ལ་ཕུལ་དུ་བྱུང་བའི་མཐོ་སྒང་མི་རིགས་ཀྱི་ཕྱུགས་ལས་རིག་གནས་དང་ཆོས་ལུགས་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལ། དེ་དག་གིས་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ནུས་པ་བཏོན་དང་འདོན་བཞིན་ཡོད་པས་ང་ཚོས་དུས་དང་བསྟུན་ནས་རིག་གནས་སོ་སོ་འཕེལ་རྒྱས་བཏང་ནས་འཆམ་ཞིང་མཐུན་པའི་སྤྱི་ཚོགས་འཛུགས་སྐྱོང་བྱ་དགོས། ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་བརྟེན་ནས་སེར་ཤུལ་རྫོང་གི་ཡུལ་སྐོར་དང་བཅས་པ་ལ་ཕན་པ་ཆེན་པོ་ཐོགས་ངེས་ཞེས་གསུངས། 
        འགོ་འཛུགས་མཛད་སྒོ་ནི་ལེའུ་བཞི་ཡིས་གྲུབ་པར་བྱས་པ་སྟེ། དང་པོ་ནི་འབྲོག་མིའི་ཉམས་འགྱུར་ཞེས་པ་དང་། གཉིས་པ་ནི་དཔའ་བོའི་འགྱུར་ཁུགས། གསུམ་པ་ནི་དུངས་སེམས་ཟབ་མོ། བཞི་པ་ནི་འཕུར་སྐྱོད་ཀྱི་ཕུགས་འདུན་བཅས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རྗེས་དྲན་འབུར་དུ་ཐོན་པའི་གླུ་གར་གྱིས་ཀུན་གྱི་ཡིད་དབང་འཕྲོག་གོ། ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་སྦྲ་གུར་དུས་ཆེན་ཁྲོད། རྟ་རྒྱུག་འགྲན་བསྡུར་དང་གླིང་གེ་སར་འཁྲབ་སྟོན། དགུང་མོར་སྐོར་བྲོ་འཁྲབ་པ། རིག་རྩལ་འཁྲབ་སྟོན་སོགས་ལྟད་མོ་སྣ་ཚོགས་ཡོད་དོ།།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1