༄༅།། བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་གྲུབ་མཐའི་བྱུང་བ་ལ་རགས་ཙམ་དཔྱད་པ།
གཅན་ཚ་བཀྲ་ཤིས་རྒྱལ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།བོད་ལྗོངས་རིག་གནས་དྲ་བ། སྤེལ་དུས། 08-10
[ནང་དོན་གནད་བསྡུས།]འདིར་བསྟན་པ་ཕྱི་དར་གྱི་སྐབས་ཅིའི་ཕྱིར་གྲུབ་མཐའ་མང་པོ་ཞིག་བྱུང་རྐྱེན་དང་དེའི་དམིགས་གསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་དངོས། དེ་མིན་དེས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་ཐེབས་པའི་ཤུགས་རྐྱེན་བཅས་ལ་དཔྱད་པ་ཐུང་ངུ་བཏང་ཡོད།
[བརྡ་ཆད་གཙོ་བ།] བསྟན་པ་ཕྱི་དར། གྲུབ་མཐའ། ཕྱི་རྐྱེན། ནང་རྐྱེན། དགེ་སྐྱོན།
གླེང་སློང་།
དེ་ཡང་བོད་སིལ་བུར་འཐོར་ཞིང་ཆོལ་གསུམ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་གཅིག་གྱུར་གྱི་རྒྱལ་པོ་མེད་པས་རྒྱལ་ཕྲན་ནམ་རྒྱལ་རྒྱུད་སོ་སོས་ས་གནས་བཅད་བཟུང་བྱས་ཏེ་རང་སར་གནས་པའི་དུས་དེ་ན། མཁས་པའི་དགའ་སྟོན་དུ་བོད་དུ་ཐུབ་བསྟན་ཕྱི་མ་དར་ཚུལ་ཡང་། །དང་པོ་བསྟན་རྩ་འདུལ་བའི་སྡེ་སྣོད་ནི། །སྡོམ་བརྩོན་དུ་མ་ཁམས་སུ་བྲོས་པ་ལས། །མོས་པ་སྤྱོད་པའི་ས་ལ་གནས་པ་ཡི། །མུ་གཟུ་གསལ་གསལ་འབར་རབ་ཏུ་བྱུང་བ་ནི། །བླ་ཆེན་དགོངས་པ་རབ་གསལ་ཞེས་བྱར་གྲགས། །དེ་ཡི་མཁན་བུ་སྡོམ་བརྩོན་མང་དུ་འཕེལ། །ཁྱད་པར་དབུས་གཙང་མི་བཅུས་བཀའ་དྲིན་མནོས། །བསྟན་པའི་མེ་རོ་མདོ་ཁམས་ནས་གསོས་པ། །སྨད་འདུལ་ཞེས་བྱར་མཚན་དུ་གྲགས་པ་ཡིན། །ཞེས་བཀོད་པ་བཞིན་བསྟན་པ་ཕྱི་དར་གྱི་དབུ་ཚུགས་ཤིང་ནང་བསྟན་གྱི་གཟི་བྱིན་སླར་ཡང་གངས་རིའི་ལྗོངས་ལ་མཆེད་མགོ་བརྩམས་པ་རེད། བོད་ཀྱི་ས་ཕྱོགས་སོ་སོ་ནས་ལ་ལས་ནང་པའི་སྡོམ་རྒྱུན་སྤེལ་ཏེ་བུ་སློབ་བསྐྱངས་ཤིང་། ལ་ལས་གསེར་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱ་གར་གྱི་ནང་པའི་མཁས་གྲུབ་དོན་དང་ལྡན་པ་མང་པོ་གདན་འདྲེན་པའམ་དངོས་སུ་ནུབ་ཕྱོགས་རྡོ་རྗེ་གདན་དུ་སློབ་གཉེར་ལ་བསྐྱོད་པ་སོགས་ནང་ཆོས་ལ་གཞོལ་བའི་ཚ་རླབས་ཤིག་དྲག་ཏུ་འཕྱུར་བ་རེད།
བསྟན་པ་ཕྱི་དར་གྱི་དུས་སྐབས་དེར་བོད་དུ་གྲུབ་མཐའ་ཆ་ངེ་ཆུང་ངེ་བགྲང་གིས་མི་ལང་བ་ཞིག་དར་ཡོད་ཀྱང་། ལོ་རྒྱུས་སུ་ཆེས་གྲགས་ཆེ་ཞིང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཐ་ན་ད་ལྟའང་ད་དུང་ཆོས་རྒྱུན་ཆད་མེད་པའི་གྲུབ་མཐའ་ཆེ་རིགས་ལྔ་ཙམ་སྐབས་དེར་འཕེལ་རྒྱས་བྱུང་ཡོད་དེ། དེ་དག་སོ་སོ་ནི་རྙིང་མ་བ་དང་། དཔལ་ལྡན་ས་སྐྱ་བ། བཀའ་གདམས་པ། རྒྱལ་བ་བཀའ་བརྒྱུད་པ། རི་བོ་དགེ་ལྡན་པ་བཅས་ཡིན་ལ། དེ་མིན་རང་རང་གི་གྲུབ་མཐའ་འཛིན་པ་ཇོ་ནང་པ་དང་། དཔལ་ཞ་ལི་བ། བོ་དོང་པ། བུ་སྟོན་ལུགས་སོགས་ཀྱང་དར་མྱོང་ཡོད། གྲུབ་མཐའ་འདི་རིགས་གཅིག་ལས་གཅིག་ལྷག་གིས་རིམ་བཞིན་ཆེས་ཆེར་རྒྱས་པ་དང་བསྟུན་ནས་སྐྱེས་ཆེན་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོ་བསྐྱེད་བསྲིང་བྱས་ཏེ་གངས་རིའི་ལྗོངས་ཀྱི་ཆབ་དཔལ་རིག་གསུམ་གྱི་ཐད་ལ་མཛད་རྗེས་རྨད་དུ་བྱུང་བ་བཞག་ཅིང་། ནང་སྒོས་སུ་སངས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་བ་དང་། དེ་དག་གི་ཁྲོད་ཀྱི་དམ་པ་གང་མང་ཞིག་གི་འཕྲིན་ལས་ད་ལྟའི་བར་དུའང་དབྱར་གྱི་ཆུ་གཏེར་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད།
གཅིག བསྟན་པ་ཕྱི་དར་སྐབས་གྲུབ་མཐའ་མང་པོ་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས།
དང་པོ། ནང་རྐྱེན།
1 བོད་ཀྱི་ལོ་ཙཱའི་འཕྲིན་ལས་ཆེས་ཆེར་དར་བ།
བསྟན་པ་ཕྱི་དར་གྱི་དུས་སུ་བོད་ཀྱི་ལོ་ཙཱའི་བྱ་བ་ལ་སྔར་ལས་ལྷག་པའི་དར་རྒྱས་ཆེན་པོ་བྱུང་ཞིང་ལོ་ཙཱ་བའི་ཁ་གྲངས་དང་བསྟན་བཅོས་ཀྱི་མང་ཉུང་སོགས་ཕྱོགས་གང་ནས་བལྟས་ཀྱང་སྔོན་བཙན་པོའི་སྐབས་དང་བསྡུར་ན་ཐོལ་བརྒལ་གྱི་ཆ་མང་པོ་ཡོད། དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་ཐོན་མི་གཙོ་བྱས་པའི་ངྷ་རྨ་ཀོ་ཥ་དང་། རྡོ་རྗེ་དཔལ། སྐ་ཅོག་ཞང་གསུམ། འགོས་ཆོས་གྲུབ་སོགས་མཚན་དངོས་ལོ་རྒྱུས་སུ་བཀོད་ཡོད་པའི་ལོ་ཙཱ་བ་ལྔ་བཅུ་ལྷག་གསོ་སྐྱོང་བྱས་པ་དང་། བསྟན་པ་ཕྱི་དར་གྱི་སྐབས་སུ་རིན་ཆེན་བཟང་བོ་དང་། རྔོག་ལེགས་པའི་ཤེས་རབ། ནག་ཚོ། ས་པཎ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་མཚན་དངོས་ལོ་རྒྱུས་སུ་བཀོད་ཡོད་པའི་ལོ་ཙཱ་བ་བརྒྱ་ཕྲག་ལྷག་སྐྱེད་སྲིང་བྱས་ཤིང་མདོ་སྔགས་ཀྱི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་རྣམས་བོད་རང་གི་སྐད་དུ་བསྒྱུར་ཡོད། ﹙《བུ་སྟོན་ཆོས་འབྱུང་》གི་ཤོག་གྲངས་208ན་གསལ﹚
2 སྤྱི་ཚོགས་ཀྱི་སྨྲ་བརྗོད་ལ་ཅུང་རང་དབང་ཆེ་བ།
བོད་ཀྱི་སྤྱི་ཚོགས་ཁ་ཐོར་དགུ་ཐོར་དུ་སོང་བ་ནས་གཅིག་གྱུར་གྱི་རྒྱལ་པོ་དང་སྲིད་དབང་མེད་ལ་བསམ་བློ་སྒེར་གཅོད་དང་གཅིག་གྱུར་བྱེད་མཁན་ཡང་མེད་པས་ལྟ་བ་སྣ་ཚོགས་ཀྱི་མྱུ་གུ་འབུས་ཆོག་པའི་སྤྱི་ཚོགས་ཁོར་ཡུག་གི་ཞིང་ས་གཤིན་པོ་ཞིག་མཁོ་སྤྲོད་བྱས་ཡོད། ཕྱིས་ཀྱི་བསྟན་པ་ཕྱི་དར་གྱི་དུས་སུའང་ཆོས་གྲྭ་རྩོད་པའམ། འཆད་ཉན་སྤེལ་བའམ། གྲུབ་མཐའི་སྲོལ་འབྱེད་པ་སོགས་ལ་བཀག་རྒྱ་མེད་ཅིང་། དགོན་པ་སོ་སོའི་གྲྭ་བཙུན་རྣམས་ཕན་ཚུན་ལ་སློབ་གཉེར་དུ་ཕྱིན་ཆོག་ལ་བླ་མའང་རང་རང་གི་འདོད་པ་ལྟར་བསྟེན་ཆོག་སྟེ་སྣ་ཚུལ་འདི་ནི་རྗེ་རིན་པོ་ཆེའི་རྣམ་ཐར་ལས་གསལ་བོར་རྟོགས་ཐུབ། དེ་མིན་སྤྱི་ཚོགས་ཧྲིལ་བོ་ནས་གྲྭ་བ་དང་བླ་མ་སོགས་ཤེས་ལྡན་མི་སྣར་བརྩི་འཇོག་དང་མཐོང་ཆེན་བྱེད་པས་འདི་འདྲའི་རིག་གནས་ཀྱི་ཁ་དབུགས་དང་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་ཏུ་མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཀྱི་རྣམ་པ་བཟང་བོ་མངོན་པ་དེ་ནི་ཡ་མཚན་རྒྱུ་ཆེར་མེད་པའི་དོན་དག་ཅིག་རེད། གལ་ཏེ་སྐབས་དེར་ཡང་སྨྲ་བརྗོད་ལ་རང་དབང་བྲལ་ཞིང་ཤེས་ཡོན་ཅན་ལ་བརྩི་མཐོང་མི་བྱེད་ན་སྐབས་དེར་གྲུབ་འབྲས་དེ་འདྲ་ཞིག་འབྱུང་བའི་དཔེ་ཡོད་ཀྱི་མ་རེད།
3 སངས་རྒྱས་ཀྱི་བསྟན་པ་ཡང་བསྐྱར་འཕེལ་བའི་རྨང་གཞི་མཐུག་པ།
བསྟན་པ་ཕྱི་དར་གྱི་དུས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གཙོ་བྱས་པའི་རྒྱ་གར་དང་བོད་ཀྱི་མཁས་ཆེན་དག་གིས་བསམ་ཡས་གཙུག་ལག་ཁང་སོགས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལེགས་པར་སྤེལ་ཞིང་དམངས་ཁྲོད་དུའང་ཤན་ཤུགས་ཆེན་པོ་ཐེབས་ཡོད་པ་དེ་གླང་དར་མས་བསྟན་པ་བསྣུབས་རྗེས་གོས་དཀར་སྔགས་འཆང་ཅན་མང་པོ་དམངས་ཁྲོད་དུ་གནས་ཐུབ་པའི་རྒྱུ་རྐྱེན་དང་བསྟན་པ་ཕྱི་དར་གྱི་ཚེ་ན་ཤིང་སྐམ་མེ་ལ་འཕྲད་པ་བཞིན་ནང་བསྟན་དེ་འདྲའི་མགྱོགས་པོའི་སྒོ་ནས་རྒྱ་ཆེར་སྤེལ་ཐུབ་པའི་རྒྱུ་མཚན་ཡང་དེར་ཐུག་ཡོད། བསྟན་པ་སྔ་དར་དུ་ཐོན་མིའི་འགྱུར་ལ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་། དཔལ་བརྩེགས་ཀྱི་འགྱུར། ལུང་གཞི་ཞེས་པ། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་ཞུས་པ་ཞེས་བྱ་བ། མདོ་ཆེན་པོ་སྟོང་བ་ཉིད་པ་ཞེས་པ། མདོ་ཆེན་པོ་སྟོང་ཉིད་ཆེན་པོ་ཞེས་པ། མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་པ་སོགས་ཡོད།
གཉིས་པ། ཕྱི་རྐྱེན།
1བོད་ཀྱི་སློབ་གཉེར་མཁན་མང་པོ་རྒྱ་གར་གྱི་ནང་པའི་གྲུབ་མཐའ་མི་འདྲ་བའི་སློབ་དཔོན་དག་གི་ཞབས་ལ་གཏུགས་པའམ་དེ་དག་གདན་དྲངས་ནས་ཆོས་ཞུས་ཏེ་ནང་པའི་བསྟན་པ་ལ་མཁས་པར་སྦྱངས་ནས་བོད་དུ་ཆོས་རྒྱུན་སྤེལ་ཏ་གྲུབ་མཐའ་བཙུགས་པ་སྟེ་བོད་ཀྱི་གྲུབ་མཐའ་མང་ཆེ་བར་སྣང་ཚུལ་འདི་འདྲ་ཡོད། དཔེར་ན། བཀའ་གདམས་པ་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པ་ལྟ་བུའོ།།
2 སྐབས་དེར་རྒྱ་གར་དུ་ཁ་ཆེ་དང་། ཡེ་ཤེ་ཆོས་ལུགས་སོགས་ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་དྲག་པོའི་དཔུང་དང་བསྡེབས་ཏེ་དར་བས། ནང་པའི་དགོན་སྡེ་མང་པོ་བརླགས་ཤིང་གྲུབ་མཐའ་མི་འདྲ་བའི་མཁས་ཆེན་མང་པོ་བོད་སོགས་ཕྱི་ཡུལ་དུ་བྲོས་བྱོལ་ལ་ཕེབས་ཤིང་གནས་དེ་དག་ཏུ་གདུལ་བྱ་བསྐྱངས་པས་རང་རང་གི་ཆོས་རྒྱུན་ཡང་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་ནས་གྲུབ་མཐར་ཆགས་པའོ།།
གཉིས། བསྟན་པ་ཕྱི་དར་གྱི་དུས་སྐབས་སུ་གྲུབ་མཐའ་མང་པོ་བྱུང་བའི་དགེ་སྐྱོན་གླེང་བ།
དང་པོ། བསྟན་པ་ཕྱི་དར་གྱི་སྐབས་སུ་གྲུབ་མཐའ་མང་པོ་བྱུང་བའི་ཕན་འབྲས།
3 རིག་གནས་ཀྱི་སྐོར་ནས་བཤད་ན། དུས་སྐབས་འདིའི་ནང་དུ་བོད་ཀྱྱི་མདོ་སྔགས་རིག་གནས་སྤྱི་དང་ཐ་སྙད་རིག་གནས་ལའང་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་བ་རེད།
བོད་མི་རིགས་ཀྱི་རུས་པའི་རྐང་དུ་ཟུག་པའི་ནང་བསྟན་གྱི་རིག་གནས་འདི་ཕལ་ཆེར་དུས་དེ་རུ་གཉོམ་ལག་རྒྱས་པ་ཞིག་རེད་སྙམ། ས་པན་གྱིས་རིག་གནས་བཅུའི་རྣམ་གཞག་གསར་དུ་ཕྱེ་ཞིང་། ས་སྐྱ་གོང་མ་རྣམ་ལྔ་དང་། ཇོ་བོ་རྗེ། ཁུ་རྔོག་འབྲོམ་གསུམ། རྗེ་མཙུན་མི་ལ། རྗེ་ཡབ་སྲས་གསུམ། ལྷག་པར་དུ་རྗེ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་མང་པོས་བོད་ཀྱི་ཆོས་དང་རིག་གནས་གོང་དུ་འཕེལ་བར་མཛས་རྗེས་རྨད་དུ་བྱུང་བ་བཞག་ཡོད་ལ། དེ་མིན་གཞན་ལོ་པཎ་རྣམས་ཀྱིས་འདིའི་ཕྱོགས་ལ་མཛད་རྗེས་བླ་མེད་བཞག་ཡོད་དེ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ཞེས་པར། ད་དུང་གྲུབ་ཆེན་སྒྲ་སྒྱུར་མར་པ་ཡབ་སྲས་དང་ཕྱྭ་བ་ཆོས་སེང་། གྲྭ་པ་མངོན་ཤེས་སོགས་རིག་པའི་གནས་སོ་སོར་མཁས་པའི་སྐྱེས་ཆེན་མང་པོ་གནམ་གྱིས་ས་བཀབ་པ་བཞིན་རིམ་པར་བྱོན་ནས་བོད་ལ་ཐུབ་པའི་བསྟན་པ་དང་རིག་པའི་གནས་མཐའ་དག་དར་ཞིང་རྒྱས་པར་སྤེལ་བ་ལགས་ཤིང་། བོད་སིལ་བའི་སྐབས་འདི་དག་ལ་སྔ་ཕྱི་བསྡོམས་པའི་བོད་ཀྱི་མཁས་པ་མི་གྲངས་བརྒྱ་དང་དྲུག་ཅུ་ཡས་མས་རྒྱ་གར་དུ་སློབ་གཉེར་ལ་ཕེབས་ཤིང་རྒྱ་གར་གྱི་ལོ་པཎ་མི་གྲངས་བདུན་ཅུ་ལྷག་བོད་དུ་བྱོན་ནས་ཆོས་དང་རིག་གནས་སྤེལ་བ་ཡིན་ཞེས་པ་ལྟར་རོ།། མཁས་ཆེན་སྔ་མ་འདི་དག་གི་དཀའ་ངལ་ཁྱད་གསད་དང་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ང་ཚོར་ད་ལྟའི་འོད་སྟོང་འབར་བའི་རིག་གནས་འདི་ཡོད་པ་ལགས་སོ།།
2 སྤྱི་ཚོགས་བདེ་འཇགས་ཀྱི་ཐད་ནས་བཤད་ན། བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་དུ་ཁ་ཆེ་ས་ཆ་དང་འཛམ་གླིང་ས་ཕྱོགས་གཞན་དང་བསྡུར་ན་བལྟོས་བཅས་ཀྱིས་འཁྲུག་སློང་ཆེན་པོ་བྱུང་མེད་པའམ་སྡེ་གཟར་ཆུང་ཆུང་རེ་འགའ་མ་གཏོགས་ལངས་མ་མྱོང་། ཐ་ན་སྲིད་དབང་བརྗེ་རེས་བྱེད་དུས་ཀྱང་དབུས་གཙང་མ་གཏོགས་བོད་ཁུལ་ཡོངས་སུ་གཡོ་འགུལ་ཆེན་ཐེབས་མེད། འདི་ནི་བོད་དུ་ཆོས་སྲིད་ཟུང་འབྲེལ་དར་ཏེ་གྲུབ་མཐའ་ཕན་ཚུན་གྱིས་སྲིད་དབང་འཕྲོག་རེས་བྱེད་ནའང་ཀླ་ཀློའི་ས་ཆའི་དམག་འཁྲུག་དང་བསྡུར་ན་ངོ་བོའི་ཆ་ནས་ཁྱད་པར་ཡོད་ལ། གྲུབ་མཐའ་དར་ཞིང་རྒྱས་ཡོད་པའི་རྐྱེན་གྱིས་གྲུབ་མཐའ་རེ་འགའི་སྟོབས་དང་དཔུང་ཤུགས་གཞན་དག་ལས་ཆེར་རྒྱས་ཏེ་སྲིད་བཟུང་ནའང་གྲུབ་མཐའ་གཞན་སོགས་རྩིས་མེད་དུ་བསྐྱུར་ཏེ་སྒེར་གཅོད་རིང་ལུགས་ཐལ་དྲགས་པོ་བྱེད་པའི་སྣང་ཚུལ་ཅུང་ཉུང་ཉུང་རེད། འདི་ནི་དཔེ་བཞག་ན་དེང་གི་དམངས་གཙོ་ངོ་མའི་རྒྱལ་ཁབ་མང་ཆེ་བར་ཏང་ཁག་གཉིས་ནས་གསུམ་གྱིས་སྲིད་བརྗེ་རེས་ཀྱིས་འཛིན་པ་དང་གཅིག་མཚུངས་རེད།
གཉིས་པ། བསྟན་པ་ཕྱི་དར་ལ་གྲུབ་མཐའ་མང་པོ་བྱུང་བ་ལས་སྐྱོན་གྱི་སྐོར།
1 སྲིད་ཀྱི་ཕྱོགས་ནས་ཆོས་སྲིད་ཟུང་འབྲེལ་དང་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་དར་བ་དེ་རེད། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དེས་བོད་ཀྱི་ནང་པའི་ཆོས་ཀྱི་རྒྱལ་པོ་དང་འཇིག་རྟེན་སྲིད་ཀྱི་རྒྱལ་པོ་གཉིས་གོ་ས་གཅིག་ཏུ་བཀོད་ཅིང་ཆབ་སྲིད་ཀྱི་འཕེལ་རྒྱས་ལ་བཀག་རྒྱ་ཆེན་པོ་བཟོས། དེ་མིན་ནང་པའི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་སེམས་ཀྱི་ལྟ་བ་དེ་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་པར་ཤིན་ཏུ་མི་འཚམ། གཞན་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་དེ་དར་བས་བོད་ཀྱི་སྤྱི་ཚོགས་དང་ནང་པའི་བསྟན་པ་ཕྱོགས་གང་ལའང་ཕན་པ་ལས་གནོད་པ་ཚབས་ཆེ་ཞིང་ལམ་ལུགས་འདི་རང་སྟེང་དུ་སྐྱོན་ཆ་མང་པོ་ཡོད། དཔེར་ན། སྤྲུལ་སྐུ་དངོས་མ་ཡིན་ན་གསེར་ས་དང་འོད་གནམ་ཞེས་པའི་དཔེ་ལྟར་རང་གི་ཐུན་མིན་གྱི་མཛད་པ་སྐྱོང་སྲིད་པའི་དངོས་སུ་ངོས་འཛིན་དགོས་དོན་མེད་ལ། སྤྲུལ་སྐུ་གང་འདོད་དུ་ངོས་བཟུང་ན་ལ་ལ་ཞིག་གིས་མང་ཚོགས་ལ་མགོ་སྐོར་གཏོང་ཞིང་བཤུ་གཞོག་བྱས་ཏེ་མང་ཚོགས་དང་མི་རིགས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཐེབས་སུ་འཇུག་པ་རེད། དེ་མིན་ནང་པའི་བསྟན་པ་རྒྱ་ཆེར་དར་བར་བཀག་རྒྱ་ཆེན་པོ་བཟོ་སྲིད་པས་གླང་དར་མས་བསྟན་པ་བསྣུབས་པ་ལས་ཀྱང་ཉེན་ཁ་ཆེ་སྟེ། འདི་ལྟར་བྱས་ན་མང་ཚོགས་ལ་དད་ལོག་སྐྱེས་སུ་འཇུག་པར་བྱེད་ཅིང་རང་གཞན་ཀུན་གྱིས་ནང་བསྟན་ལ་ངན་སྨོས་བྱས་ཏེ་དགྲ་རུ་ལངས་པར་བྱེད་དོ།།
2 དམག་དོན་གྱི་ཐད་ནས་ནང་པའི་བསྟན་པ་སྲིད་ཀྱི་ཁྱབ་ཁོངས་སུ་རྒྱ་ཆེར་དར་བས་སྔོན་བཙན་པོའི་དུས་ཀྱི་དབུ་རུ། གཡས་རུ། གཡོ་རུ། རུ་ལག སུམ་པའི་རུ་སོགས་དང་དབང་རིས་བཅོ་བརྒྱད་དང་། སྟོང་སྡེ་དྲུག་ཅུ་རེ་གཅིག དཔའ་བའི་སྡེ་གསུམ་ལ་སོགས་པའི་དམག་གི་སྒྲིག་གཞི་ཕལ་མོ་ཆེ་ཉམས་ཤིང་། དམག་གི་གྲངས་འབོར་སྔོན་བཙན་པོའི་དུས་དང་བསྡུར་ན་ཧ་ལས་དགོས་པ་ཞིག་ཇེ་ཉུང་དུ་ཕྱིན་ཅིང་། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་སོགས་ཀྱི་ལྟ་བ་དམག་ནང་དུ་ཁྱབ་པས་བཙན་པོའི་དུས་ཀྱི་བོད་དམག་སྟག་འཕྲེང་གཡག་འཕྲེང་གི་ངར་ཤུགས་དེ་རྩ་བ་ནས་ཉམས་པ་རེད། བསྡོམས། འཇིག་རྟེན་བྱ་དངོས་གང་ལ་ལེགས་ཉེས་ཀྱི་ཆ་ཡོད་པ་དེ་ནི་ཆོས་ཉིད་དུ་གྲུབ་ཡོད་པས་ན། བསྟན་པ་ཕྱི་དར་གྱི་སྐབས་སུ་གྲུབ་མཐའ་མང་པོ་བྱུང་བ་འདི་ལའང་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་འཆམ་མཐུན། ནང་བསྟན་དར་རྒྱས་སོགས་ཀྱི་ཕྱོགས་ནས་བྱས་རྗེས་ཆེ་ནའང་ཆབ་སྲིད་དང་དམག་དོན། དཔལ་འབྱོར་སོགས་སུ་ནུས་པ་ཐོན་མེད་པའམ་ཐ་ན་གནོད་པ་ཚབས་ཆེན་ཐེབས་པའི་གནས་ཚུལ་ཡོད་པས། དགེ་ཆོས་ཀྱིས་གསུངས་པ་ནང་བཞིན་ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་ནི་མ་རུང་བའི་བྱ་སྤྱོད་དུ་ངེས་ན་ནི། སྐྱོན་ཆ་ཡོ་བསྲང་དང་ལེགས་ཆ་ཡར་སྤེལ་བྱེད་རྒྱུ་ནི་གནད་ཀྱི་དམ་པའོ།།
དཔྱད་གཞིའི་ཡིག་ཆ།
《བུ་སྟོན་ཆོས་འབྱུང་། 》བུ་སྟོན་རིན་ཆེན་གྲུབ། མི་རིགས་དཔེ་སྐྲུན་ཁང་།
《མདོ་སྨད་ཆོས་འབྱུང་། 》བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 ཉང་ཉི་མ་འོད་ཟེར་གྱིས་བརྩམས།
བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1