སློབ་ཆུང་སློབ་མའི་རྩིས་རིག་གི་སློབ་ཁྲིད་བྱེད་ཐབས་སྐོར་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


  གཅིག སློབ་ཁྲིད་ཀྱི་བྱེད་ཐབས་འདྲ་མིན་སྣ་ཚོགས་བཀོལ་ནས་སློབ་མའི་སེམས་ཤུགས་འགུག་པ།
    སློབ་ཐུན་གཅིག་གི་ནང་སློབ་ཁྲིད་བྱེད་པ་ནི་སྒྱུ་རྩལ་རང་བཞིན་ལྡན་པའི་སློབ་མའི་སློབ་གསོ་བྱ་འགུལ་ཞིག་རེད་ལ། ཡང་ཐུན་གཅིག་གི་ནང་སློབ་ཁྲིད་བཟང་མིན་དེ་དགེ་རྒན་དེས་ངེས་པར་ཐབས་བརྒྱ་ཇུས་སྟོང་གིས་སློབ་ཁྲིད་ཀྱི་རྒྱབ་ལྗོངས་མི་འདྲ་བའི་སྒོ་ནས་ཁྲིད་རྒྱུ་དེའོ།། སློབ་ཁྲིད་ཁྲོད་སློབ་མར་རང་ཉིད་མཐའ་སྐོར་གྱི་དངོས་པོ་གང་ཞིག་ལ་དགའ་ན་དེར་ལྟ་ཞིབ་ཞིབ་མོར་བྱེད་པའི་འདུ་ཤེས་ཆགས་སུ་བཅུག་ན། སློབ་མ་རང་ཉིད་རྩིས་རིག་ལ་སློབ་སྦྱོང་བྱེད་པའི་དགའ་སྣང་ཇེ་ཆེར་གཏོང་ཐུབ་ལ། དེ་ལས་སློབ་མའི་སློབ་སྦྱོང་གི་འབྲས་བུ་མི་དམན་པ་ཞིག་ལེན་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར་དགེ་རྒན་གྱིས་སློབ་ཁྲིད་བྱེད་ཐབས་འདྲ་མིན་སྣ་ཚོགས་སྤྱད་དགོས།
    1.འཚོ་བ་དངོས་དང་འབྲེལ་ནས་སློབ་ཐུན་བཀོད་སྒྲིག་བྱེད་པ།
    སློབ་ཁྲིད་ཀྱི་ནང་དོན་དེ་འཚོ་བ་དངོས་ཀྱི་ཉམས་མྱོང་དང་གཅིག་མཐུན་བྱུང་ན་སློབ་མར་སློབ་སྦྱོང་བྱེད་པའི་སྤྲོ་བ་རྒྱས་ལ། རྩིས་རིག་ཀྱང་སྦྱོང་འདོད་ཚེ། ད་གཟོད་གོང་འཕེལ་དུ་འགྲོ་ངེས། དེའི་རྒྱུ་མཚན་གྱིས་སློབ་ཁྲིད་ཀྱི་ནང་དོན་དེ་ངེས་པར་འཚོ་བ་དངོས་དང་འབྲེལ་དགོས། རྩིས་རིག་སློབ་སྦྱོང་བྱེད་པར་དགའ་བ་སྐྱེ་རུ་འཇུག་པ་དང་། རྩིས་རིག་ལ་སློབ་སྦྱོང་བྱེད་པའི་འགུལ་ཤུགས་ཇེ་དྲག་ཏུ་བཏང་ན། སློབ་མའི་རྩིས་རིག་གི་རྒྱུགས་འབྲས་མཐོར་འདེགས་བྱེད་ཐུབ།
    2.རྩིས་རིག་གི་གཏམ་རྒྱུད་ལ་སྦྱར་ན་སློབ་མའི་གོ་སླ་བར་ཕན་ཐོགས་ཡོད་པ།
    སློབ་ཁྲིད་བརྒྱུད་རིམ་ཁྲོད། སློབ་ཁྲིད་ཀྱི་ནང་དོན་ལ་གཞིགས་ནས་འོས་འཚམ་གྱི་རྩིས་རིག་གི་གཏམ་རྒྱུད་ཐུང་ངུ་ཞིག་བཤད་ན་གཅིག་ནས་སློབ་ཐུན་དེའི་ནང་ནན་ཏན་གྱིས་སློབ་ཁྲིད་ལ་ཉན་པ་དང་།གཉིས་ནས་སློབ་ཐུན་དེའི་ནང་སློབ་དེབ་དང་ཁ་བྲལ་བའི་རྩིས་རིག་གི་ཤེས་བྱ་གསར་བ་ཞིག་ཤེས་སུ་འཇུག་པས་བྱེད་ཐབས་ཧ་ཅང་ལེགས་པོ་ཞིག་ཡིན་པར་སྙམ།
    3.གཟེངས་བསྟོད་ཀྱི་ཐབས་ལམ་སྤྱོད་པ།
    གཟེངས་བསྟོད་ཀྱི་དམིགས་ཡུལ་ནི་གཙོ་བོ་སློབ་མར་རྒྱུས་ལོན་བྱས་ཏེ་སློབ་སྦྱོང་བྱེད་པའི་འདུན་པ་ཇེ་དྲག་ཏུ་གཏོང་བ་དང་། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན། ང་ཚོས་སློབ་མས་བཤད་པའི་སྐད་ཆར་མཐོང་ཆེན་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་གཞིར་བྱས་ཏེ་གཟེངས་བསྟོད་དང་ཐབས་སྣ་ཚོགས་བཀོལ་ནས་སློབ་ཁྲིད་རྒྱུན་འཁྱོངས་བྱས་ན་རྩིས་རིག་སློབ་ཁྲིད་ལ་ཉན་འདོད་ཀྱི་འདུན་པ་ཇེ་དྲག་ཏུ་འགྲོ་ལ། རིམ་བཞིན་སློབ་མར་སྦྱངས་འབྲས་མི་དམན་པ་ཞིག་ཐོབ་ཐུབ།
    4.སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བྱེད་ཐབས་བེད་སྤྱོད་བྱེད་པ།
    གལ་ཏེ་སློབ་གྲྭ་ལ་ཆ་རྐྱེན་འཛོམས་ན་སློབ་མར་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བྱས་ན་ཧ་ཅང་བཟང་།རྒྱུ་མཚན་ནི་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ནི་ཡི་གེ་དང་རི་མོ་གཉིས་འབྲེལ་ནས་སློབ་ཐུན་བཀོད་སྒྲིག་བྱས་ཡོད་པས། རྙོག་འཛིང་ཆེ་བའི་རྩིས་རིག་ཤེས་བྱ་མི་ཉུང་བ་ཞིག་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བྱས་ན་སློབ་མའི་གོ་སླ་བ་དང་སློབ་མའི་ཉན་འདོད་ཀྱི་འདུན་པ་ཡང་ཧ་ཅང་ཆེ་བས་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བྱས་ན་ཕན་པ་ཧ་ཅང་ཆེའོ།།
    གཉིས། དགེ་སློབ་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་སོང་ན་སློབ་ཁྲིད་ཀྱི་འབྲས་བུ་གཡུར་དུ་ཟ་བ་ཞིག་འབྱུང་ཐུབ།
    སློབ་ཁྲིད་ཀྱི་བྱ་འགུལ་ནི་སློབ་པ་དང་ཁྲིད་པ་ཕན་ཚུན་ཟུང་དུ་འབྲེལ་བའི་བརྒྱུད་རིམ་ཞིག་ཡིན་པས་དགེ་སློབ་ཕན་ཚུན་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་ན། སློབ་དང་ཁྲིད་ཀྱི་བརྒྱུད་རིམ་ཡག་པོ་ཞིག་འབྱུང་ལ་སློབ་ཁྲིད་ཀྱི་འབྲས་བུ་ཡང་ཧ་ཅང་བཟང་།
    1.དགེ་སློབ་གཉིས་ཀས་འདྲ་མཉམ་གྱི་ཆ་རྐྱེན་འོག་ནས་བྱ་འགུལ་སྤེལ་བ།
    སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་དགེ་རྒན་གྱིས་སློབ་མར་སློབ་སྟོན་བྱས་ཏེ་སློབ་ཐུན་དེའི་ནང་དགེ་རྒན་གྱི་གར་སྟེགས་དེ་སློབ་མར་དབང་དུ་བཅུག་ནས་དགེ་སློབ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། དགེ་སློབ་ཕན་ཚུན་ཟུང་འབྲེལ་གྱི་སྒོ་ནས་བྱ་འགུལ་སྤེལ་ན་སློབ་མའི་བག་འཁུམས་ཀྱི་རྣམ་པ་བཅོས་བསྒྱུར་དང་མི་ཤེས་པའི་དོགས་གཞི་ཚང་མ་འཆིང་རྒྱ་ལས་གྲོལ་ཐུབ་ལ། སློབ་མའི་བསམ་གཞིག་གི་ནུས་པ་ཇེ་ཆེར་འགྲོ་བ་སོགས་ཀྱི་ཕན་ཐོགས་ཆེན་པོ་ཐོབ་བོ།།
    2.ཡང་དག་པའི་སྒོ་ནས་དཔྱད་བརྗོད་བྱས་ན་སློབ་མའི་ཡིད་ཆེས་བྱེད་པར་རོགས་རམ་བྱེད་ཐུབ།
    སློབ་མས་དེ་རིང་འདྲི་གཞི་མང་པོ་ཞིག་ལ་ལན་འདེབས་ཐུབ་པ་བྱུང་ན། དགེ་རྒན་གྱིས་སློབ་མར་ཁྱོད་སྔོན་དང་བསྡུར་ན་སློབ་སྦྱོང་ལ་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་།རང་ཉིད་ལ་ཡིད་ཆེས་དང་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས་པ་སོགས་དཔྱད་བརྗོད་ཡག་པོ་བྱས་ན་སློབ་མས་སེམས་ནས་དགེ་རྒན་ལ་ཡིད་ཆེས་བྱས་པ་དང་རྗེས་ཕྱོགས་སུ་ཧུར་བརྩོན་བྱེད་པའི་ཆོད་སེམས་འདོན་པ་སོགས་ཀྱི་འདུན་པ་ཇེ་དྲག་ཏུ་སོང་ན་རྩིས་རིག་གི་ཤེས་བྱ་མི་ཉུང་བ་ཞིག་ཤེས་ཐུབ་པར་སྙམ་མོ།།
    3.དགེ་སློབ་བར་གྱི་འབྲེལ་བས་རྩིས་རིག་ལ་སྤྲོ་སྣང་སྐྱེ་རུ་འཇུག་པ།
    གལ་ཏེ་རྩིས་རིག་གི་དགེ་རྒན་དེ་ཀུན་སྤྱོད་དང་བྱ་བའི་རྣམ་འགྱུར།ཤེས་བྱའི་ཡོན་ཚད། སློབ་མར་སེམས་ཁུར། སློབ་མར་དགའ་བ།དགེ་སློབ་བར་གྱི་བརྩེ་དུང་ཧ་ཅང་ཟབ་པ་ཞིག་ཡིན་ན།དགེ་རྒན་གྱི་ཤུགས་རྐྱེན་འོག་སློབ་མ་དེ་ཡང་དགེ་རྒན་ལ་དགའ་བས་རྩིས་རིག་ལའང་དགའ་བ་ཞིག་ཏུ་འགྱུར་འགྲོ་བས་སློབ་མས་ཀྱང་སྤྱོད་ཚུལ་ལེགས་པོ་ཞིག་བསྟན་དགོས་པར་སྙམ་ནས་རང་ཉིད་ཀྱི་ཤེས་རིག་དང་།སློབ་སྦྱོང་། ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་འབད་བརྩོན་ལྷོད་མེད་བྱེད་པས་དགེ་རྒན་གྱིས་མིག་དཔེ་བསྟན་རྒྱུ་ནི་སློབ་སྦྱོང་གི་ཁྲོད་གལ་ཆེན་ཞིག་ཡིན།
    མདོར་ན། དགེ་རྒན་གྱི་རང་གི་སྔོན་ལ་ཁྲིད་ཐབས་མི་ལེགས་པའི་རྣམ་པ་བཅོས་བསྒྱུར་བྱས་ནས་ཁྲིད་ཐབས་གསར་བ་བེད་སྤྱོད་བྱས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་ན། རྩིས་རིག་སློབ་ཁྲིད་ཀྱི་རྣམ་པ་གསར་བ་ཞིག་འབྱུང་བར་གདོན་མི་ཟ་བའོ།།
   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1