༄༅།། བོད་མིའི་མིང་འདོགས་ཚུལ་སྐོར་བཤད་པ།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-18


        གནའ་བོའི་དུས་སུ་བོད་ཀྱི་ཡུལ་འདིར་མི་རྣམས་ལ་མིང་འདོགས་ཚུལ་ལ་གཙོ་བོར་ཕ་མས་བཏགས་པའི་གཅེས་མིང་དང་། བླ་མས་བཏགས་པའི་ཆོས་མིང་སྟེ་རིགས་གཉིས་ཡོད་པ་རེད། དུས་རྒྱུན་ཁྱིམ་ཚང་ནང་གི་མི་རྣམས་ཀྱིས་ཕ་མས་བཏགས་པའི་མིང་དེ་འབོད་རྒྱུ་དར་སྲོལ་ཆེ་ལ། འོན་ཀྱང་རང་གི་མིང་ཡི་གེའི་ཐོག་འབྲི་སྐབས་དང་། ཕྱི་མི་རྣམས་ཀྱིས་འབོད་སྐབས་མི་ཚང་གི་རུས་མིང་དང་སོ་སོའི་བཏགས་མིང་གཉིས་སྦྱར་ནས་འབོད་སྲོལ་ཡོད་པ་རེད། དེའང་རུས་ཆེན་བཞིའམ་མིའུ་གདུང་དྲུག་གི་རུས་ལས་མཆེད་པའི་སོ་སོའི་རུས་མིང་དང་། ཕ་མས་བཏགས་པའི་མིང་གཉིས་སྦྱར་ནས་འབོད་སྲོལ་འདི་ཆེས་གནའ་བོའི་དུས་ནས་ད་ལྟའི་བར་གནས་ཡོད་པ་རེད། དཔེར་ན། མ་སངས་སྤུན་དགུའི་དུས་སྐབས་སུ་མིའི་མིང་ལ། གཉའ་གཡའ་སྤང་སྐྱེས། གར་ཏིང་ནམ་ཚ། གླེ་ངན་ནམ་ཙང་སྐྱེས། རུ་ཐོ་གར་སྐྱེས་ལ་སོགས་པ་ལྟ་བུ་དང་། སྤྱི་ལོའི་སྔོན་གྱི་500ལྷག་ཙམ་གྱི་གོང་དུ་བྱུང་བའི་བོན་པོའི་མཁས་པ་ཁྱུང་པོ་སྟག་སྒྲ་དོན་གཙུག སྙ་ལི་ཤུ་སྟག་རིང་། བྷེ་ཤོད་ཀྲམ། གཅོ་ཁྲི་གཙུག་ལ་སོགས་པ་རུས་ཀྱི་རྗེས་སུ་མིང་སྦྱར་ནས་བཏགས་སྲོལ་བྱུང་འདུག སྤྱིར་དེང་དུས་བོད་མའི་མིང་ཕལ་ཆེ་བར་བླ་མས་བཏགས་པ་མང་ཡང་། བོད་ཀྱི་འབྲོག་པོའི་ས་ཁུལ་དུ་ལུགས་སྲོལ་འདི་མ་ཉམས་པ་སྡོད་ཡོད་པ་དཔེར་ན། ཁྲོ་ཕུ་རྡོ་ལོ། བྱང་རིས་ཨ་དཀར། དཔོན་རི་ཚེ་ལེབ་ལྟ་བུ་རྣམས་ནི་རང་གིས་རུས་མིང་དང་། བླ་མས་བཏགས་པའི་མིང་ཕ་མས་གཅེས་མིང་དུ་བསྒྱུར་བ་གཉིས་ལྷན་དུ་སྦྱར་ནས་འབོད་ཅིང་ཡོད་པ་འདི་རེད། དེའི་རྗེས་སུ་གཡུང་དྲུང་བོན་གྱི་ཆོས་ལུགས་དར་རྗེས་སུ་མིའི་མིང་འདོགས་ཚུལ་ལའང་ཅུང་ཟད་འགྱུར་བ་བྱུང་ཡོད་པ་དཔེར་ན། གཤེན་རབ་མི་བོའི་སྲས་རྣམས་ལ་གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས། ལུང་འདྲེན་གསལ་བ། རྒྱུད་འདྲེན་སྒྲོན་མེ་ལ་སོགས་པ་རིག་གནས་ལས་ཀ་དང་འབྲེལ་བའི་མིང་བྱུང་འདུག་ལ། རྒྱལ་པོ་དང་དཔོན་ཚང་གི་སྲས་མོ་ལ་བཟའ་ཞེས་པའི་འབོད་སྲོལ་འདི་སྐབས་དེའི་དུས་ནས་ཡོད་པར་མངོན་ཏེ། གཤེན་རབ་མི་བོའི་བཙུན་མོར་ཁབ་ཏུ་བཞེས་པའི་རྒྱལ་ཕྲན་སིལ་མ་རྣམས་ཀྱི་སྲས་མོ་སོ་སོའི་མིང་ལ་ཧོས་བཟའ་རྒྱལ་མེམ། དབོ་བཟའ་ཐང་མོ། གསས་གཟའ་ངང་རིང་། ཕྱ་བཟའ་གུང་དྲུག ཀོང་བཟའ་ཁྲི་ལྕམ། རྒྱ་བཟའ་འཕྲུལ་བསྒྱུར་ལ་སོགས་པ་ལྟ་བུ་རྣམས་སོ། ། 
        བོད་ཀྱི་རྒྱལ་པོ་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་སྲས་ཀྱི་མིང་རྣམས་མའི་མིང་ལས་བླངས་ཏེ་བཏགས་སྲོལ་བྱུང་འདུག་པ་དཔེར་ན། རྒྱལ་པོ་གཉའ་ཁྲི་བཙན་པོ་དང་ཡུམ་མུ་ཚོ་བཟའ་གཉིས་ཀྱི་སྲས་ལ་མུ་ཁྲི་བཙན་པོ་དང་། ཡབ་མུ་ཁྲི་བཙན་པོ་དང་དང་ཡུམ་ས་བཟའ་དིང་དིང་མ་གཉིས་ཀྱི་སྲས་ལ་དིང་ཁྲི་བཙན་པོ་ཟེར་བ་ལ་སོགས་པ་ལྟ་བུ་གནམ་གྱི་ཁྲི་བདུན་པོ་ཚང་མ་མའི་མིང་དང་འབྲེལ་ནས་བཏགས་འདུག འོན་ཀྱང་རྒྱལ་པོ་སའི་ལེགས་དྲུག་དང་། ཆུ་ལ་ལྡེ་བརྒྱད། ཚིགས་ལ་བཙན་ལྔ་རྣམས་ནི་མིང་གི་མཇུག་ཏུ་ཕ་ཡི་རིང་གི་ཆ་ནས་སྦྱར་ཡོད་པ་དཔེར་ན། ས་ཡི་ལེགས་དྲུག་གི་མིང་མཇུག་ཏུ་ལེགས་དང་། ཆུ་ཡི་ལྡེ་བརྒྱད་ཀྱི་མིང་མཇུག་ཏུ་ལྡེ་དང་། བཙན་ལྔའི་མིང་མཇུག་ཏུ་བཙན་ཞེས་སྦྱར་ཡོད་པ་ལྟ་བུ་རེད། དེ་བཞིན་དུ་སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་བློན་པོ་རྣམས་ཀྱི་མིང་ཡང་རུས་དང་སྦྱར་ཡོད་པ་དཔེར་ན། གནམ་རི་སྲོང་བཙན་གྱི་སྐབས་ཀྱི་བློན་པོ་མྱང་ཙེ་སྐུ་དང་། དབའ་དབྱི་ཚབ། དབའ་མྱེས་སྣང་རྣམས་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བློན་པོ་མྱང་མང་པོ་རྗེ་ཞང་སྣང་དང་། ཁྱུང་པོ་སྤུང་སད་ཟུ་ཙེ། དབའ་དབྱེ་ཚབ། དབའ་མྱེས་སྣང་རྣམས་དང་། ཁྱུང་པོ་སྤུང་སད་ཟུ་ཙེ། དབའ་དབྱི་ཚབ། མགར་སྟོང་བཙན་རྣམས་དང་། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བློན་པོ་དབང་བཙན་བཞེར་མདོ་ལོད་དང་། ཞང་སྟོང་རྩན། ཁྲི་སྒྲ་སྟག་ཚབ། སྟག་སྒྲ་ཀླུ་ཁོང་རྣམས་དང་། ཁྲི་རལ་པ་ཅན་དང་དར་མ་འུ་དུམ་བཙན་པོ་རྣམས་ཀྱི་སྐབས་སུ་བློན་པོ་གཙོ་བོ་དབའ་སྟག་རྣ་ཅན་དང་། འབྲོ་ཁྲི་གསུམ་རྗེ་ལྟ་བུ་རྣམས་སོ། དེ་ལྟར་སྤྱི་ལོའི་དུས་རབས་བརྒྱད་པ་ཡན་གྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རིང་ལ་བོད་ཀྱི་རྒྱལ་བློན་རྣམས་རང་རང་གི་རུས་དང་གསར་དུ་བཏགས་པའི་མིང་གཉིས་སྦྱར་ནས་འབོད་སྲོལ་བྱུང་འདུག འོན་ཀྱང་ཆོས་ལུགས་མི་སྣ་རྣམས་ནི་དུས་ནམ་ཡིན་ཡང་རང་གི་རིགས་རུས་ཀྱི་མིང་གཙོ་བོར་མ་བྱས་པ་ཆོས་ལུགས་ཀྱི་མིང་གཙོ་བོ་རེ་ཡོད་པར་སྣང་སྟེ། བོན་གྱི་རྫོགས་ཆེན་བླ་བརྒྱུད་ལས། རྒྱལ་གཤེན་མི་ལུས་བསམ་ལེགས། མུན་པ་ཀུན་གསལ། འཕྲུལ་གཤེན་སྣང་ལྡན། སྟོང་རྒྱུད་མཐུ་ཆེན། གྱིམ་ཚ་རྨ་ཆུང་། ལི་ཤུ་སྟག་རིང་ལ་སོགས་པ་རྣམས་དང་། དུས་རབས་བརྒྱད་པའི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྱུང་བའི་སྤྲུལ་པའི་རྗེ་འབངས་ཉེར་ལྔ་ཏིང་འཛིན་བཟང་པོ། འོ་བྲན་དབང་ཕྱུག རྡོ་རྗེ་བདུད་འཇོམས། ཡེ་ཤེས་མཚོ་རྒྱལ་ལ་སོགས་པ་ལྟ་བུ་རྣམས་སོ། 
        བོད་སིལ་བུ་འཐོར་བའི་སྐབས་སུ་བསྟན་པ་ཕྱི་དར་འགོ་ཚུགས་པ་དང་ནང་པའི་ཆོས་དང་འབྲེལ་ནས་མིང་འདོགས་པའི་གོམས་སྲོལ་ཆེ་རུ་ཕྱིན་ཡོད་པ་སྟེ་དཔེར་ན། ལྷ་བླ་མ་ཡེ་ཤེས་འོད་དང་། ལྷ་བཙུན་བྱང་ཆུབ་འོད། ཕོ་བྲང་ཞི་བ་འོད་ལ་སོགས་པ་ལྟ་བུ་རྣམས་སོ། དུས་རབས་འདི་ནས་འགོ་བརྩམས་ཏེ་སྐྱ་སེར་ཐམས་ཅད་ལ་བླ་མས་མིང་འདོགས་སྲོལ་དེ་དར་ཁྱབ་ཆེ་རུ་ཕྱིན་འདུག བླ་མས་མིང་བཏགས་པའི་སྐབས་སུ་ཐོག་མར་ནང་ཆོས་དང་འབྲེལ་ནས་མིང་གང་སྙན་འདོགས་པ་དང་། དེ་རྗེས་བླ་མ་རང་གི་མིང་ངམ་རང་གི་བླ་མའི་མིང་གི་ཆ་ཤས་ཤིག་དང་སྦྱར་ནས་ཕྲུ་གུ་དེ་ལ་མིང་བཏགས་སྲོལ་བྱུང་ཞིང་། དུས་ཕྱིས་ཙ་ན་བོད་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལ་སོགས་པ་ནང་པའི་ཆོས་ཀྱི་གྲུབ་མཐའ་མི་འདྲ་བ་མང་པོ་ཞིག་བྱུང་སྟབས། གྲུབ་མཐའ་སོ་སོའི་བླ་མ་རྣམས་ཀྱིས་རང་གི་བླ་མའི་མཚན་དང་འབྲེལ་ནས་ཕྲུ་གུ་ལ་མིང་བཏགས་སྲོལ་བྱུང་བའི་རྗེས་སུ་གྲུབ་མཐའ་དེ་ཉིད་མི་དེའི་རུས་ལྟ་བུ་ཞིག་ཆགས་པ་རེད། དཔེར་ན། རྙིང་མའི་བླ་མ་ཞིག་གིས་ཕྲུ་གུ་ལ་མིང་བཏགས་ནས་མང་ཆེ་བ་དེ་མིང་གི་ཐོག་མ་ལ་ཨོ་རྒྱན་དང་། རིག་འཛིན་ལྟ་བུ་འདོགས་བཞིན་ཡོད། བཀའ་བརྒྱུད་པའི་བླ་མ་ཞིག་གིས་མིང་བཏགས་ན་ཀརྨ་དང་། ཤེས་རབ། བྱང་ཆུབ་ལྟ་བུ་མང་པོ་ཡོད། ས་སྐྱ་པའི་བླ་མ་ཞིག་གིས་མིང་བཏགས་ན་ཀུན་དགའ་དང་། འཇམ་དབྱངས་ལྟ་བུ་མང་། དགེ་ལུགས་པའི་བླ་མ་ཞིག་གིས་མིང་བཏགས་ན་ངག་དབང་དང་། བློ་བཟང་ལྟ་བུ་མང་ཤོས་ཡོང་གི་ཡོད། 
        འོན་ཀྱང་དེང་དུས་ཀྱི་བོད་མིའི་མིང་ཡིན་ན་བླ་མའི་མིང་ཁོ་ན་ཡིན་པས་མ་ཁྱབ་སྟེ། རང་ཉིད་སྐྱེ་བའི་གཟའ་སྐར་དང་འབྲེལ་ནས་ཕ་མས་མིང་འདོགས་སྲོལ་ཡོད་པ་མིག་དམར་ཚེ་རིང་དང་། ལྷག་པ་སྒྲོལ་མ་ལྟ་བུའོ། རྟེན་འབྲེལ་གྱི་དབང་གིས་མིང་བཏགས་པ་བུ་ཁྲིད་དང་། སྲི་ཐར་ལྟ་བུའོ། རྐྱེན་དང་བར་ཆད་བཟློག་པའི་ཆེད་དུ་མིང་བཏགས་པ་ཁྱི་སྐྱག་དང་། ཁྱི་ཕྲུག ཁྱི་ལུད་ཚེ་རིང་། བུ་ངན་ལྟ་བུ་རྣམས་སོ། གཞན་ཡང་བོད་ཤར་ཕྱོགས་འབྲོག་པའི་ས་ཁུལ་རྣམས་སུ་བླ་མས་བཏགས་པའི་མིང་དེ་ཉིད་ཕ་མས་གཅེས་མིང་དུ་བསྒྱུར་བ་དཔེར་ན། བཀྲ་ཤིས་ཚེ་རིང་ལ་བཀྲ་ལུ་དང་། རྡོ་རྗེ་དགྲ་འདུལ་ལ་རྡོ་ལུ། ཚེ་རིང་རྡོ་རྗེ་ལ་ཚེ་ཁོ་ལྟ་བུ་རྣམས་སོ། །
                      2016ལོའི་《ཁ་བཏགས་དཀར་པོ།》དེབ་བཞི་བ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1