བོད་ཀྱི་མནའ་ཡི་སྲོལ་ལ་མདོ་ཙམ་གླེང་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


        བོད་མིའི་འདུ་ཤེས་འཛིན་སྟངས་ཤིག་དང་ཡུལ་སྲོལ་གོམས་གཤིས་ཁྱད་པར་བ་ཞིག་ཏུ་གྱུར་བའི་མནའ་ཡིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དང་།  ལྷག་པར་དུ་བོད་བཙན་པོའི་དུས་སྐབས་ཀྱི་ཆབ་སྲིད་དང་།  དམག་དོན།ཆོས་ལུགས་བཅས་ལ་ཕན་ནུས་ཆེན་པོ་ཐོན་ཡོད་པ་མ་ཟད།  ད་ལྟ་དམངས་ཁྲོད་དུའང་བཀོལ་སྤྱོད་རིན་ཐང་ངེས་ཅན་ཞིག་ལྡན།དེ་ལས་བོད་ཀྱི་མི་ཆོས་ཀུན་སྤྱོད་དང་། ཆོས་ལུགས་དད་མོས། རིག་གནས་སྣང་ཚུལ་སོགས་ཀྱང་རྟོགས་ནུས། དེས་ན་མནའ་ཞེས་པ་དེ་ཇི་འདྲ་ཞིག་ཡིན་པ་དང་དུས་ནམ་ཞིག་ལ་བོད་དུ་དར་ཞེ་ན།   ཏུན་ཧོང་གཏེར་ཡིག་དང་བོད་ཀྱི་ལོ་རྒྱུས་ཡིག་ཆ་སོགས་ལ་བལྟས་ན།མནའ་ཞེས་པ་ནི་ཆོས་སྲིད་གང་རུང་གི་བྱ་བའི་ཆེད་དུ་མི་སྒེར་གྱི་དབར་དང་།མི་སྒེར་དང་ཐུན་མོངགི་དབར། ཐུན་མོང་དང་ཐུན་མོང་གི་དབར་ཆོ་ག་ངེས་ཅན་ཞིག་བརྒྱུད་ནས་ཉི་ཟླ་སྐར་གསུམ་དང་ཡུལ་ལྷ་སོགས་དཔང་དུ་བཙུགས་ནས་དམ་བཅའ་བ་ཞིག་ལ་ཟེར་ཞིང་།    མནའ་བོར་བའི་སྲོལ་དེ་དུས་ནམ་ཞིག་ལ་བྱུང་བ་སྔོན་གྱི་དེཛ་ཐེར་དང་ཆོས་འབྱུང་སོགས་སུ་གསལ་པོ་ཞིག་མེད་ན་ཡང་།“བཙན་པོའི་སྤུར་ལ་ནོ་འཚོག  མྱྀ་ལ་འཕྲོག་ཕོམ་(བཅོམ་)ཟས་ནྀ་འཐུང་།  དེ་ལྟར་བྱ་འམ་མྱྀ་་བྱ་ཞེས་མཆི་ནས། དེ་བཞིན་བགྱི་བར།མནའ་བཆད་མཐོའ་བཆད དམ་བགྱིས་ཚིག་བགྱིས་ནས།ཚོ་མྱྀ་བྱ་འི་བུ་མོ་ཁྲིད་དེ་སོང་ངོ།ཞེས་པར་བལྟས་ན་མནའ་བོར་བའི་སྲོལ་དེ་གྲི་གུམ་བཙན་པོའི་དུས་ནས་བོད་ལ་དར་ཡོད་པ་ཤེས་ཐུབ།བཙན་པོའི་དུས་སྐབས་སུ་མནའ་བོར་བའི་སྲོལ་དེ་གདོད་མའི་ཆོས་ལུགས་བོན་ཆོས་དང་འབྲེལ་ནས་བྱུང་བ་ཡིན་ཏེ།   《ཆོས་སྲིད་ཟུང་འབྲེལ་》ལས་“རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་ནས་བོད་དུ་དར་བའི་བོན་ཆོས་དེ་ནི་བོད་ས་གནས་རང་དུ་ཐོག་མར་བྱུང་བའི་བོན་ཆོས་ཡིན་པས།མིང་ལ་བརྡོལ་བོན་ཟེར།   ཆོས་ལུགས་དེ་ནི་སྔར་ཡོད་གདོད་མའི་ཆོས་ལུགས་ཀྱི་བསམ་བློའི་རྨང་གཞི་ཐོག་འབྱུང་བ་ལྔ་དང་། ཡུལ་ལྷ།ཁྱིམ་ལྷ། དགྲ་ལྷ།  ཞིང་ལྷ་སོགས་ལྷ་རིགས་མི་འདྲ་བ་སྣ་ཚོགས་ཡོད་པ་དེ་ཚོར་སེམས་ཅན་ཕྱུགས་དང་།    ར་ལུག་ཤྭ་བ་སོགས་བསད་ནས་མཆོད་པ་འབུལ་”ཞེས་གསལ་བ་ལྟར་བཙན་པོའི་དུས་སྐབས་སུ་སྲོག་ཆགས་རིགས་གསུམ་བསད་ནས་དམར་མཆོད'བྱས་ཏེ་་་གནའ་བོར་བ་ཡིན་པས། བོད་ཀྱི་གནའ་བོར་བའི་སྲོལ་དེ་བོན་ཆོས་ཀྱི་བསམ་བློའི་རྨང་གཞིའི་ཐོག་ཆོས་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བྱུང་བ་ཡིན་པར་སྙམ།བོད་ལ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་དམར་མཆོད་ཀྱི་ལས་དོར་བས་མནའ་བོར་སྟངས་ལ་འགྱུར་ལྡོག་བྱུང་ཡོད། ད་ལྟ་སྤྱི་ཚོགས་ནང་དུ་མནའ་ཡིས་བཙན་པོའི་དུས་སྐབས་དང་འདྲ་བར་དམ་ཆོས་སྤེལ་བ་དང་ཆབ་སྲིད་སོགས་ལ་ཐག་གཅོད་དང་བཀའ་རྒྱ་ལྟ་བུའི་ནུས་པ་འདོན་མི་ཐུབ་ན་ཡང་།དམངས་ཁྲོད་དུ་ཁྱབ་གདལ་ཆེ་ལ་ནུས་པའང་མི་ཆུང་བ་ཞིག་ཐོན་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1