༄༅།། རྒྱལ་ཕྱི་ནང་དུ་ཕ་སྐད་སློབ་གསོ་དང་སྐད་གཉིས་སློབ་གསོའི་མཚན་ཉིད་བཀར་སྲོལ།
འདབ་པ་བློ་བཟང་ཆོས་འཕེལ། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 09-05
ཕ་སྐད་སློབ་གསོ་ནི་མི་རིགས་སུ་ཞིག་གི་སློབ་གསོ་ལེགས་པོར་ཡོང་བའི་རྩ་བའི་ལྡེ་མིག་ལྟ་བུ་དེ་ཡིན། ང་ཚོ་བོད་རིགས་ཀྱིས་ཀྱང་དེ་བཞིན་དུ་སློབ་གསོ་ཆོས་ཉིད་དང་མཐུན་པའི་ཕ་སྐད་སློབ་གསོ་ཞིག་སྤེལ་དགོས་པར་སྨོས་ཅི་དགོས།
དང་པོ། ཕ་སྐད་སློབ་གསོའི་མཚན་ཉིད།
སྤྱིར་ཕ་སྐད་ཀྱི་གོ་དོན་སྐོར་ལ་འཛམ་གླིང་གི་མཁས་པ་གང་མང་ཞིག་གིས་མཚན་ཉིད་མི་འདྲ་བ་གང་མང་བཀོད་ཡོད་མོད། སྐབས་སུ་བབས་པར་ང་ཚོས་འབུམ་རམས་པ་ཁེ་ལི་བེ་ཁེས་ཕ་སྐད་ཀྱི་མཚན་ཉིད་འཇོག་སྟངས་ལ་ཞིབ་མོ་བློ་ཡིས་བརྟག་རྒྱུ་དེ་ཡིན། ཁོང་གིས་ཡུལ་དུས་མི་འདྲ་བར་གཞིར་བཟུང་ནས་ཕ་སྐད་ལ་མཚན་ཉིད་རིགས་མི་འདྲ་བ་དྲུག་བཀར་ཡོད།1.ཨ་མའི་སྐུ་ངོས་སུ་བསླབས་པའི་སྐད་ཡིག 2.ཆེས་ཐོག་མར་ཤེས་པའི་སྐད་ཡིག་དེ་ཉིད། ཡང་ན་མི་སུའི་སྐུ་ངོས་སུ་བསླབས་པར་གལ་ཆེན་པོ་འཛིན་མི་དགོས། 3.མི་ཚེ་གང་བོར་ཆེས་བྱང་དུ་ཆུད་པའི་སྐད་ཡིག་དེ་ཉིད། 4.ས་ཁུལ་ཡང་ན་རྒྱལ་ཁབ་ཀྱི་ཕ་སྐད《དཔེར་ན་ཨིར་ལན་དང་ཨིར་ལན་གྱི་ཡི་གེ་ནང་བཞིན།》5.དུས་རྒྱུན་དུ་སྤྱོད་པའི་སྐད་ཡིག་དེ་ཉིད། 6.མི་རྣམས་ཀྱིས་ཡར་སེམས་ཀྱི་ངང་ནས་སྐད་ཡིག་དེར་བློ་ཕྱོགས་པ་དང་ཡང་ན་བརྩེ་དུང་ཡོད་པའི་སྐད་ཡིག་དེ་ཉིད་བཅས་སོ། །
སྤྱིར་ཕ་སྐད་དང་རང་མི་རིགས་ཀྱི་རུས་སྐད་ཅེས་པ་ནི་མི་སྒེར་རང་ཉིད་ཁོངས་སུ་འདུས་པའི་མི་རིགས་ཀྱི་སྐད་ཡིག་དེར་གོ ཕ་སྐད་དང་རང་གི་རུས་སྐད་ནི་གཞན་གྱི་རུས་དང་ཕྱི་ཡི་སྐད་ཡིག་ལས་དམིགས་སུ་བཀར་བའི་མཚན་ཉིད་ཀྱི་གོ་དོན་ཡིན་པར་སེམས། དེ་བས་མི་རྣམས་ཀྱིས་དུས་རྒྱུན་དུ་རང་གི་རུས་སྐད་ཀྱིས་ཕ་སྐད་ཀྱི་ཚབ་བྱེད་དེ། སྐད་ཡིག་གིས་མི་རིགས་ཀྱི་ཁྱད་ཆོས་དེ་འབུར་དུ་བཏོན་པ་རེད།
གཉིས་པ། སྐད་གཉིས་སློབ་གསོའི་མཚན་ཉིད།
ད་བར་སྐད་གཉིས་སློབ་གསོའི་གོ་དོན་ཐད་དུ་རྒྱལ་ཕྱི་རུ་རིགས་མི་འདྲ་བའི་མཚན་ཉིད་བཅུ་ལྷག་ཙམ་མཆིས། རྒྱལ་ནང་གི་སྐད་གཉིས་སློབ་གསོར་ཞིབ་འཇུག་བྱེད་མཁན་སྐུ་ཞབས་ཝན་པིན་ཧྭ་ལགས་ཀྱིས་སྐད་གཉིས་སློབ་གསོར་སྒྲ་ཡངས་དོགས་གཉིས་ཀྱི་སྒོ་ནས་མཚན་ཉིད་འདི་ལྟར་བཀོད་ཡོད་དེ། སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན་སྐད་གཉིས་སློབ་གསོ་ནི་སློབ་གྲྭའི་ནང་དུ་སྐད་ཡིག་རིགས་གཉིས་སྤྱོད་པའི་སློབ་གསོ་དེར་ཟེར། སྒྲ་དོགས་འཇུག་གི་སྒོ་ནས་བཤད་ན་སློབ་གྲྭའི་ནང་དུ་སྐད་ཡིག་གཉིས་སྤྱོད་པ་དང་ཡང་ན་ཕྱིའི་སྐད་ཡིག་གི་ལམ་ནས་རྩིས་རིག་དང་དངོས་ལུགས། རྫས་འགྱུར། ལོ་རྒྱུས། ས་ཁམས་ལ་སོགས་པའི་རིག་ཚན་གྱི་ནང་དོན་ཁྲིད་པའི་སློབ་གསོ་དེར་ཟེར། དེའི་རྐྱེན་གྱིས་རང་རྒྱལ་གྱི་སྐད་གཉིས་སློབ་ཁྲིད་ནི་སློབ་གྲྭ་ནང་གི་སྐད་ཡིག་རིན་ཚན་མ་ཡིན་པའི་རིག་ཚན་གཞན་དག་ཡོངས་རྫོགས་དང་ཡང་ན་ཆ་ཤས་ཕྱི་ཡིག་དབྱིན་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པ་དེའོ། །མདོར་བསྡུས་ན་སྐད་ཡིག་གཉིས་པ་སློབ་པ་དེ་ཡིན།
གསུམ་པ། ཕ་སྐད་དང་སྐད་གཉིས་སློབ་གསོས་སློབ་གསོ་ལ་གོ་བ་ལེན་ཚུལ་གླེང་པ།
ང་ཚོས་མིའི་རིགས་ཀྱི་སློབ་གསོའི་ལོ་རྒྱུས་ལ་ཕྱིར་མིག་ཙམ་ལྟ་དུས་ང་ཚོའི་སློབ་གསོ་ནི་གནའ་སྔ་མོའི་ནས་སྤྱི་མཚན་སློབ་གསོ་ལས་ནས་བྱེ་བྲག་སློབ་གསོའི་ཕྱོགས་སུ་སྐྱོད་པ་དང་། གཏིང་ཟབ་མོ་ངང་ནས་ཞིབ་འཇུག་དང་རྟོགས་དཔྱོད་བྱེད་པའི་རྒྱུད་རིམ་ཞིག་ཀྱང་རེད། སྤྱིར་སྐད་ཡིག་ནི་མི་རྣམས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་འབྲེལ་འདྲིས་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན་པར་མ་ཟད། རིག་གནས་ཤིག་ཀྱང་ཡིན། སྐད་ཡིག་དེས་ས་ཁོངས་ཤིག་གི་རིག་གནས་རིན་ཐང་དང་གཤིས་རྒྱུད་རང་བཞིན་དེ་མཚོན་ཡོད། མི་རྣམས་ཀྱི་རིག་གནས་མཐོང་རྒྱ་མི་གཅིག་པ་ལས་སློབ་གསོར་གོ་བ་ལེན་ཚུལ་དེའང་མི་གཅིག དཔེར་ན། ཨ་རི་བ་ཞིག་གིས་རྒྱ་ཡིག་གི་ལམ་ནས་བྱ་དངོས་ཐམས་ཅད་ལ་རྒྱུས་ལོན་བྱེད་པ་ལས་དབྱིན་ཡིག་གི་ལམ་ནས་རྒྱུས་ལོན་བྱས་ན་མི་དེའི་བརྩེ་དུང་མངོན་གསལ་དོད་པོ་ནས་བརྗོད་ཐུབ། དེ་ནི་རང་ཉིད་ཀྱི་ཕ་སྐད་དང་ཕ་སྐད་ལ་དབང་པའི་རིག་གནས་ཀྱིས་ནུས་པ་ཐོན་པ་ལས། སྦྱངས་སྟོབས་ཀྱི་བརྩོན་འགྲུས་མ་འདང་པ་ཞིག་གཏན་ནས་མིན། མི་ཞིག་གིས་རིག་གནས་ལ་གོ་བ་འདྲ་མིན་བླངས་པ་དེ་མི་དེའི་ཕ་སྐད་ལས་བྱུང་པའི་ཐོག་མའི་རིག་གནས་རྨང་གཞིའི་སྟེང་དུ་གྲུབ་པ་དང་། སྐད་ཡིག་གིས་སྐད་ཡིག་དེ་ཉིད་བཀོལ་སྤྱོད་བྱེད་པ། དགའ་སྐྱོ་ཆགས་སྡང་། ཤེས་རབ། བློ་གྲོས་བཅས་རྒྱབ་ཏུ་ཁུར་ཡོད་དེ་སྐད་ཡིག་དེ་ཉིད་ཀྱིས་སློབ་གསོར་གོ་བ་ཁྱད་དུ་འཕགས་པ་ཞིག་བླངས་ཡོད་པ་དེ་སྐད་ཡིག་གཞན་གང་ཞིག་གིས་ཀྱང་ཚབ་མཚོན་མི་ནུས་པར་གྱུར་ཡོད། དེ་བས་མི་སུ་ཞིག་ལ་མཚོན་ནའང་ཕ་སྐད་བཤད་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེན་པོ་ཞིག་ཆགས་ཡོད། དེ་དང་འདྲ་བར་ཕ་སྐད་སློབ་གསོ་སྤེལ་དགོས་པར་དེ་བས་ཀྱང་སྨྲ་ཅི་དགོས། དེར་བརྟེན་ངེད་ཅག་གིས་ཕ་སྐད་ཀྱི་རིག་གནས་ཁྱིམ་ར་ནས་ཕྱིར་བུད་དེ་སློབ་གསོ་དང་བཅས་པའི་བྱ་དངོས་མཐའ་དག་ལ་གོ་བ་དང་རྒྱུས་ལོན་བྱེད་པ་ནི་རྩྭའི་རྩི་མགོ་ཙམ་འབྲེག་པ་ཇི་བཞིན་དུ་ཕུགས་ཐག་ནམ་ཡང་ཆོད་ག་ལ་སྲིད། བཞི་པ། བོད་ཁུལ་ཕ་སྐད་སློབ་གསོ་དང་སྐད་གཉིས་སློབ་གསོའི་ངོ་བོ་མཚན་ཉིད།
མིག་སྔར་འཛམ་གླིང་གི་རྒྱལ་ཁབ་གང་རུང་གིས་སློབ་གྲྭའི་སློབ་གསོའི་ཁྲོད་དུ་སྐད་ཡིག་ཁྲིད་སྤྱོད་བྱེད་པ་ལ་ཕ་སྐད་དང་སྐད་གཉིས། ཡང་ན་སྐད་གསུམ་བཅས་དང་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད་པས་རྒྱལ་ཁབ་དེ་དག་གིས་རང་རང་སོ་སོའི་ལུགས་དང་མཐུན་པའི་ཕ་སྐད་སློབ་གསོ་དང་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་ཡོད་པ་ལས་ཤེས་ཐུབ། ང་ཚོ་བོད་ལ་ཆ་མཚོན་ན་དེ་ནི་བོད་ཡིག་ཡིན་པར་གོར་མ་ཆག སྐད་གཉིས་སློབ་གསོའི་མཚན་ཉིད་ཅེས་པ་ནི་སྐུ་ཞབས་ཝན་པིན་ཧྭ་ལགས་ཀྱིས་སྒྲ་ཡངས་དོགས་གཉིས་ཀྱི་སྒོ་ནས་མཚན་ཉིད་བཀོད་པ་ལྟར། བོད་ཁུལ་སློབ་གྲྭའི་སློབ་གསོའི་ཁྲོད་དུ་སྒྲ་ཡངས་དོགས་གཉིས་ཀྱི་གོ་དོན་དེ་གཉིས་གནས་ཡོད། སྒྲ་ཡངས་འཇུག་གི་སྒོ་ནས་བོད་ཁུལ་སློབ་གསོར་མཚོན་ན། སློབ་གྲྭའི་སློབ་གསོའི་ཁྲོད་དུ་སྐད་ཡིག་རིག་ཚན་མ་ཡིན་པའི་རྩིས་རིག་དང་དངོས་ལུགས། རྫས་འགྱུར། ལོ་རྒྱུས། ས་ཁམས་བཅས་རིག་ཚན་མཐའ་དག་བོད་སྐད་བོད་ཡིག་ལམ་ནས་སློབ་ཁྲིད་བྱེད་རྒྱུ་དེ་ཡིན། དེ་ནི་སློབ་གསོ་བྱེད་ཐབས་ཀྱི་ཆོས་ཉིད་དང་མཐུན་པས་རང་རེ་རྒྱལ་ཁབ་ཀྱི་མཐོ་རིམ་ངོས་ནས་སྐད་ཡིག་རིག་ཚན་མ་ཡིན་པའི་རྩིས་རིག་དང་དངོས་ལུགས། རྫས་འགྱུར། ལོ་རྒྱུས། ས་ཁམས་བཅས་རིག་ཚན་མཐའ་དག་རྒྱ་སྐད་རྒྱ་ཡིག་ལམ་ནས་སློབ་ཁྲིད་བྱེད་པ་དེ་ནང་བཞིན་ཡིན།
ཕ་སྐད་སློབ་གསོ་དང་སྐད་གཉིས་སློབ་གསོའི་སྐོར་བགྲོ་གླེང་བྱེད་དུས་དོན་གནད་དེར་མ་འཐམ་ནས་འཐབ་ཕྱོགས་གཅིག་འགྱུར་དང་དུས་ཡུན་སྲ་བརྟན་དེ་ནམ་ཡང་ཕ་སྐད་སློབ་གསོ་དང་སྐད་གཉིས་སློབ་གསོའི་ངོ་བོ་དེ་ཡིན་མིན་བྱེད་པ་དེ་ཡིད་སྐྱོ་དགོས་པ་ཞིག་པ་རེད། དེ་ན་ང་ཚོས་གོང་གི་ཕ་སྐད་སློབ་གསོ་དང་སྐད་གཉིས་སློབ་གསོའི་ངོ་བོ། མཚན་ཉིད་དངོས་བཤད་དེ་བོད་ཁུལ་ཕ་སྐད་སློབ་གསོ་དང་སྐད་གཉིས་སློབ་གསོའི་གནས་ཚུལ་དེ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བདེན་པ་རགས་བཤད་བྱེད་པ་དེ་ཡིན། །
2016ལོའི《ཁ་བཏགས་དཀར་པོ།》དེབ་བཞི་བ་ལས་བཤུས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1