༄༅།། འགོས་ལོ་ཙྭ་བའི་འགྱུར་རྩོམ་མདོ་མཛངས་བླུན་གྱིས་བོད་ཀྱི་རིག་གནས་ལ་ ཐེབས་པའི་ཤུགས་རྐྱེན་གྱི་སྐོར།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-05


        བོད་ལ་གནའ་ནས་བཟུང་ཐུབ་བསྟན་རིག་གནས་ནང་འདྲེན་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་བར་བརྟེན། བོད་ཀྱི་ལོ་ཙཱ་བའི་གྲངས་འབོར་དང་འགྱུར་རྩོམ་གྱི་གྲངས་ཚད་འཛམ་གླིང་སྟེང་མིང་དུ་གྲགས་པ་བྱུང་། སྐབས་དེའི་ལོ་ཙཱའི་བྱ་གཞག་སྲིད་གཞུང་གི་རྒྱབ་སྐྱོར་འོག་རྩ་འཛུགས་ཡོད་པའི་སྒོ་ནས་གཉེར་ཞིང་། ལོ་ཙཱ་བས་ཁེངས་དྲེགས་དང་ཕྱོགས་ལྷུང་གི་ལྟ་བ་རིང་དུ་སྤངས་ནས་ལོ་ཙཱའི་ལས་ལ་གདོང་གི་མིག་བཞིན་གཙིགས་ཆེན་དུ་འཛིན་པའི་སྲོལ་བཟང་བོ་ཆགས་ཡོད་ལ། འགྱུར་དག་ཅིང་མ་ཡིག་དང་མི་འགལ་བ། ཚིག་སྦྱོར་བདེ་ཞིང་གོ་སླ་བ་དེ་དག་ནི་ལོ་ཙཱ་བ་རྣམ་པས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་ལོ་ཙཱའི་བྱ་བར་མཐོང་ཆེན་དང་ཡག་ཐོག་ཡག་བརྩེགས་ཀྱིས་འབད་པའི་འབྲས་བུ་རེད།
        དེ་ཡང་ལོ་ཙཱ་བ་ཞིག་ལ་ཞིབ་འཇུག་མཐའ་ཆོད་པ་ཞིག་བྱེད་འདོད་ན། ཐོག་མར་གཞུང་ལུགས་ངེས་ཅན་ཞིག་གི་ལམ་ནས་ལོ་ཙཱ་བའི་འགྱུར་རྩོམ་ལ་དཔྱད་འཇོག་བྱེད་དགོས་པ་ལས་གཞན། གཙོ་བོ་ཁོང་ཚོས་ལོ་ཙཱ་བྱ་བ་ལ་ཕྱག་རྗེས་འཇོག་ཐུབ་པའི་ནང་རྐྱེན་སེམས་ཁམས་དང་རིག་གནས་ཀྱི་སྒྲིག་གཞི ཕྱི་རྐྱེན་སྤྱི་ཚོགས་ཀྱི་དགོས་མཁོ་ལ་དམིགས་པ། གཞན་ཡང་ལོ་ཙཱའི་གོ་རིམ་དང་སྒྱུར་རྩལ་གྱི་ཐུན་མོང་མ་ཡིན་པའི་ཆ། འགྱུར་གྱིས་སྤྱི་ཚོགས་གང་དེའི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་སོགས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱ་དགོས།  གནད་འདི་ལ་དམིགས་ནས་འགོས་ལོ་ཙཱ་ཁོང་རང་ཉིད་ཀྱི་འགྱུར་རྩོམ་མདོ་མཛངས་བླུན་གྱིས་བོད་ཀྱི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་རགས་ཙམ་བཤད་ཡོད།
        བོད་བཙན་པོའི་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་། མི་རྣམས་བདེ་ཞིང་སྐྱིད་པ། ལོ་ཕྱུགས་ལེགས་པ། ལོངས་སྤྱོད་འབྱོར་བ། ཤེས་ཡོན་ཅན་ལ་བརྩི་འཇོག་ཆེན་པོ་བྱེད་ཅིང་སྔོན་ཐོན་རིག་གནས་ཅི་དགར་ནང་འདྲེན་གྱི་སྲོལ་བཟང་པོ་ཆགས་ཡོད་ལ། ཡིག་སྒྱུར་བྱ་གཞག་ལ་སྲིད་གཞུང་གིས་མི་ཤུགས་དང་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་ཚད་མེད་གནང་བས་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་ཤུགས་རྐྱེན་བླ་ན་མེད་པ་ཐེབས་ཡོད།
        དེ་ཡང་སངས་རྒྱས་ཀྱི་བསྟན་པའི་གཞུང་ལུགས་ནི་གཏིང་ཟབ་པའི་མཚན་ཉིད་རིག་པ་ཞིག་རེད་ཅེས་རྒྱལ་ཁབ་ཕྱི་ནང་གི་མཚན་ཉིད་རིག་པ་བ་ཀུན་གྱིས་སྨྲ་ཞིང་གདེང་འཇོག་ཆེན་པོ་བྱེད་ལ། དེ་ལྟ་བུའི་ཆོས་ལུགས་ཀྱི་དགོངས་དོན་དེ་ཡོངས་སུ་བསྒྲགས་ཆེད། ཆོས་གཞུང་དུ་གཏམ་རྒྱུད་མང་པོ་བསྲེས་པ་སྐབས་དེའི་རྒྱ་གར་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ། འདིར་མདོ་མཛངས་བླུན་གྱིས་བོད་ཀྱི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་མདོར་ཙམ་གླེང་ན། སྤྱིར་མདོ་མཛངས་བླུན་ནི་བཅོམ་ལྡན་འདས་ཀྱིས་རང་གི་དགེ་ཕྲུག་ཀུན་དགའ་བོ་ལ་སོགས་པར་རང་གི་སྐྱེས་རབས་གོང་མ་རྣམས་ལ་དགེ་བ་མཛད་ནས་བསོད་ནམས་བསགས་པ་དང་།   ཆོས་ཀྱི་འཁོར་ལོ་བསྐོར་བ། དཀའ་བ་སྤྱད་པ་སོགས་བསྟན་པ་དང་འགྲོ་དོན་ལ་ཕན་པ་བསྒྲུབ་པའི་མཛད་རྣམ་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་ལ། གཏམ་རྒྱུད་འདི་དག་གིས་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་གཏམ་རྒྱུད་དང་། ལོ་རྒྱུས། ཟློས་གར་སོགས་ཀྱི་སྒྱུ་རྩལ་རྩོམ་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས།  དཔེར་ན《སྦ་བཞེད།》དུ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་སུ་ཡིན་པའི་སྐོར་གྱི་ལོ་རྒྱུས་འབྲི་སྐབས། རྒྱལ་བོ་དང་བློན་པོ་དག་གིས་རྒྱལ་བུ་བཙུན་མོ་སུས་བཙས་པར་བརྟག་ཆེད་བཙུན་མོ་གཉིས་ལ་འཕྲོག་རེས་བྱེད་དུ་བཅུག་པའི་ལོ་རྒྱུས་ངག་རྒྱུན་ཞིག་ཡོད་པ་དེ་དང་། མདོ་མཛངས་བླུན་ནང་གི་ཁྱིམ་བདག་དབྱིག་པ་ཅན་གྱི་ལེའུ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་བ་རྒྱལ་བོ་མཛེས་བ་ཅན་ཞེས་བྱ་བ་བློ་ཧ་ཅང་མཁས་པ་ཞིག་འདུག་པ་དེས་བུད་མེད་གཉིས་བུ་གཅིག་ལ་རྩོད་དེ། རྒྱལ་བོས་བུད་མེད་གཉིས་ལ་ཁྱོད་གཉིས་ཀྱིས་བུའི་ལག་པ་རེ་རེ་ནས་བཟུང་སྟེ་དྲོངས་ལ་གང་ལ་ཐོབ་པ་དེས་བུ་ཁྱེར་ཅིག་ཅེས་བསྒོ་བར། བུའི་མ་མ་ཡིན་པ་དེས་ནི་བུ་ལ་སྙིང་རྗེ་མེད་པས་གནོད་པར་མི་དོགས་ཏེ་ཤེད་ཅི་ཡོད་ཀྱིས་འཐེན་པས་ལག་ཏུ་ཐོབ་པ་དང་། བུའི་མ་ཡིན་པ་དེས་ནི་བུ་ལ་བྱམས་པས་གནོད་པར་དོགས་ཏེ་སྟོབས་ཀྱིས་ཐུབ་ཀྱང་དྲག་ཏུ་མི་འཐེན་པར་རྒྱལ་བོས་བློ་རིག་པས་བརྟགས་ནས་རྟོགས་པས་དྲགས་ཏུ་འཐེན་པ་དེ་ལ་འདི་ནི་ཁྱོད་ཀྱི་བུ་མ་ཡིན་ཏེ། དྲང་པོར་སྨྲོས་ཤིག་ཅེས་མ་ངོ་མར་བུ་ཁྱེར་དུ་བཅུག་པར་བྲིས་ཡོད་པ་གཉིས་ཤིན་ཏུ་འདྲ་བས། སྔོན་མ་ལ་རྗེས་མའི་ཤན་ཞུགས་པར་འདོད། རྒྱུ་མཚན་ནི་ཏུང་ཧོང་ནས་ཐོན་པའི《དོན་ཆེན་གནད་བསྡུས།》ལྟར་ན། འུན་ཤིང་ཀོང་ཇོ་འདས་ནས་ལོ་གསུམ་འགོར་རྗེས་ད་བཟོད་བཙན་པོ་བཙས་པར་འདུག་པས། བཙན་མོ་སྣ་ནམ་བཟས་བཙས་པར་རྩོད་པ་འདུག་དགོས་དོན་ཅི་ཡང་མེད་པས་ན། 《སྦ་བཞེད།》ཁྲོད་ཀྱི་བཙན་མོ་འུན་ཤིང་ཀོང་ཇོའི་གཏམ་རྒྱུད་དེ་ནི་ལོ་རྒྱུས་དངོས་མིན་པ་ཤེས་སླ།  སྤྱིར་སྦ་བཞེད་དུ་བྲིས་པའི་ལོ་རྒྱུས་མང་ཆེ་ཤོས་ལ་དེང་སྐབས་ཀྱི་ལོ་རྒྱུས་དཔེ་ཆ་ལྟ་བུ་མིན་པར་སྒྱུར་རྩོམ་གྱི་ཆ་ཅུང་ཆེ་བར་མངོན་པ་དང་། ལྷག་པར་དུ་དེའི་རྩོམ་པ་པོ་སྦ་གསལ་སྣང་དང་སང་ཤི་གཉིས་ཡིན་མིན་ལ་དེང་གི་མཁས་དབང་མང་པོས་དོགས་པ་བསླངས་ཡོད་དེ། གལ་ཏེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སྦ་གསལ་སྣང་གང་དེའི་རྩོམ་པ་པོ་ཡིན་ཚེ། གྱིམ་ཤིང་ཀོང་ཇོ་ཡང་སྙིང་བཙན་པོ་སུའི་ཁབ་ཏུ་བསུས་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་ཡུམ་སུ་ཡིན་པ་སོགས་རྒྱལ་བོའི་ཕོ་བྲང་གི་དོན་ཆེན་དེ་ལྟ་བུ་དག་མི་ཤེས་པའམ་འཁྱོགས་བཤད་བྱེད་མི་ཕོད་པས། དེ་ནི་རྗེས་ཕྱོགས་ཀྱི་མཁས་པ་སུ་ཞིག་གིས་བརྩམས་པར་སྲིད་པས། མདོ་མཛངས་བླུན་སོགས་ལ་ཟུར་ལྟ་དང་དེའི་ཤན་ཞུགས་ཡོད་པ་རིགས་པས་བསྒྲུབ་སླ།
 གཞན་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ། མགར་སྟོང་བཙན་བཙན་པོའི་བཀའ་བཞིན་ཐང་ལ་གཉེན་སློང་དུ་ཕྱིན་པར་ཐང་གི་གོང་མས་གཉེ་བོ་རྣམས་ལ་རིག་པ་འགྲན་ནས་སུ་རྒྱལ་བ་ལ་ཀོང་ཇོ་སྟེར་བར་བཤད་ཅིང་། རིག་པ་འགྲན་པའི་ཁྲོད། རྟ་མ་བརྒྱ་དང་བུ་བརྒྱ་ཕྱོགས་གཅིག་ཏུ་གཏད་ནས་མ་བུ་སོ་སོ་ངོས་འཛིན་དུ་བཅུག་པར། མགར་སྟོང་བཙན་གྱིས་རྟ་མ་དང་བུ་རྣམས་སོ་སོར་བཀར་ཏེ་ཞག་གཅིག་ལ་ཆུ་མ་བླུད་པར་སང་ཉིན་མཉམ་གཅིག་ཏུ་བཏང་བར་རྟ་ཕྲུག་རྣམས་རང་རང་གི་མ་བཙལ་ཏེ་འོ་མ་འཐུངས་བར་སོ་སོར་ངོས་ཟིན་ཐུབ་པ་དང་། ཡང་གསོམ་ཤིང་སྡུམ་པོ་བརྒྱ་གཏད་ནས་མགོ་གཞུག་སུས་ཤེས་ལ་བརྟག་པར་མགར་གྱིས་ཤིང་དེ་རྣམས་ཆུ་ནང་དུ་སྦངས་པར་རྩ་བ་ལྗི་བས་ཐུར་དུ་སོང་། རྩེ་མོ་ཡང་བས་གྱེན་དུ་གཡེངས་བས་མགོ་མཇུག་གི་དབྱེ་བ་བཀར་བར་བཤད་པ་དེ་དང་།  མདོ་མཛངས་བླུན་ནང་གི་བློན་པོ་རི་དྭགས་ཀྱི་བུ་བདུན་གྱི་ལེའུ་ན། ཤི་རི་ཤིག་ཏའི་རྒྱལ་བོས་མཉན་ཡོད་ཀྱི་རྒྱལ་བོ་དེ་ལ་བློན་པོ་མཁས་པ་མཛངས་ཤིང་བློ་དང་ལྡན་པ་ཡོད་མེད་བགམ་མོ་སྙམ་ནས་ཕོ་ཉ་ཞིག་མངགས་ཏེ་ཕོ་ཉ་དེ་ལ་རྒོད་མ་མ་སྨད་སྤུ་མདོག་གཅིག་པ་བྱེ་བྲག་མི་ཕྱེད་པ་གཉིས་ལས་མ་དང་བུ་སོ་སོ་གང་ཡིན་ངོས་འཛིན་དུ་བཅུག་པར་བློན་པོ་རི་དྭགས་བྱ་བ་དེས་སོ་སོར་དབྱེ་བ་དང་། ཡང་ཤིང་འདོམ་དོ་བ་སྦོམ་ཕྲ་མཉམ་པ་ཁྱད་པར་མེད་པ། འཛེར་བ་དང་སྟ་རེའི་རྗེས་ཤུལ་མེད་པ་ཞིག་གི་མགོ་མཇུག་གང་ཡིན་དབྱེ་བའི་སྐོར་ཞིབ་འབྲི་བྱས་ཡོད་པ་གཉིས་ཕལ་ཆེར་འདྲ་ཞིང་། མགར་སྟོང་བཙན་གྱི་ལོ་རྒྱུས་དེ་ལ་སྒྲོ་འདོགས་ཀྱི་ཆ་ཆེ་བར་དེང་གི་མཁས་པ་དག་གིས་སྨྲ་བ་ལྟར། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བློན་པོ་མགར་བློ་གྲོས་དང་ལྡན་པ་འབུར་དུ་སྟོན་ཆེད་སྟོན་པའི་སྐྱེས་རབས་ཀྱི་མཛངས་པའི་ཡོད་ཏན་དེ་དག་མགར་ལ་སྦྱར་ན་བྲིས་པ་ཡིན་པར་སེམས།
        དེ་ལས་གཞན་མདོ་མཛངས་བླུན་ཀྱིས་བོད་ཀྱི་ཟློས་གར་ལའང་ཤུགས་རྐྱེན་ཐེབས་ཚུལ《ཏུང་ཧོང་གཏེར་ཡིག་ཁྲོད་ཀྱི་མདོ་མཛངས་བླུན་དང་དེའི་ལོ་ཙཱ་བར་དཔྱད་པ།》ཞེས་པ་ན། ཟློས་གར་སྦྱིན་པ་ཆེན་པོ་ཞེས་པ་ནི་མདོ་མཛངས་བླུན་ཁྲོད་ཀྱི་སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་པའི་ལེའུ་བཅོས་བསྒྱུར་ལས་བྱུང་བ་དང་། དད་པ་བརྟན་པ་ཞེས་པ་རྒྱལ་བུ་དགེ་དོན་གྱི་ལེའུ་ཞེས་པར་བརྟེན་ནས་བསྒྲིགས། བཟོད་པའི་དབང་ཕྱུག་ཞེས་པ་བཟོད་པའི་ལེའུ་ཞེས་པ་ལས་བྱུང་58བར་བཤད་ཡོད་པ་ལྟར་རོ།
        མདོར་ན། མདོ་མཛངས་བླུན་བོད་དུ་བསྒྱུར་བ་འདིས་བོད་ཀྱི་སྒྱུ་རྩལ་མཚོན་ཐབས་ཕུན་སུམ་ཚོགས་པར་བཏང་བ་དང་། རྩོམ་རིག་གི་བརྗོད་བྱ་དང་རྣམ་པའང་གཞན་དུ་བསྒྱུར་ཞིང་། བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཡང་ཆུ་ཚད་གསར་བ་ཞིག་ལ་འཕེལ་དུ་བཅུག་ཡོད་པ་སོགས་བོད་རིག་གནས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད།
        དེ་ཡང་བོད་བཙན་པོའི་སྐབས་ལ་སྤྲུལ་པའི་རྒྱལ་བློན་རྣམས་ཀྱིས་གངས་རིའི་ཁྲོད་འདིར་ཐུབ་བསྟན་ནང་འདྲེན་ལ་འབད་པའི་མཛད་པ་རྒྱ་ཆེར་སྤེལ་བར། ལོ་པཎ་དང་སྐད་གཉིས་སྨྲ་བ་བློ་གྲོས་ཀྱི་རྒྱ་ནམ་མཁའ་ལྟར་ཡངས་པ་གང་མང་གིས་ངལ་བ་བརྒྱ་ཕྲག་ཁུར་དུ་བཞེས་ཏེ་བདེ་བར་གཤེགས་པའི་བཀའ་བསྟན་བགྲང་ལས་འདས་པ་བསྒྱུར་ཞིང་བཞེངས་པ་དང་། འཆད་པ་དང་ཉན་པ་སོགས་ཀྱི་སྲོལ་བཟང་བོ་ནམ་ཡང་གསུབ་ཏུ་མེད་པ་བཙུགས། སྐབས་དེའི་ཆོས་གཞུང་ལོ་ཙཱ་ལ་འགྱུར་རྩོམ་གྱི་གྲངས་ཚད་དང་། ལོ་རྒྱུས་ཀྱི་རྒྱུན། ལོ་ཙཱ་བའི་འབོར་གྲངས་སོགས་འཛམ་གླིང་སྟེང་མིང་དུ་གྲགས་ཡོད་པ་མ་ཟད། འགྱུར་དག་ཅིང་མ་ཡིག་དང་མི་འགལ་བ། ཚིག་སྦྱོར་བདེ་ཞིང་གོ་སླ་བ་དེ་དག་ནི་ལོ་ཙཱ་བ་གང་མང་མང་གིས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་པ་དང་། ལོ་ཙཱའི་བྱ་བར་མཐོང་ཆེན་དང་ཡག་ཐོག་ཡག་བརྩེགས་ཀྱིས་འབད་པའི་འབྲས་བུ་རེད།
        ཞུས་ཆེན་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱང་དུས་སྐལ་བཟང་པོ་འདི་ལྟ་བུ་དང་འཕྲད་པར་ཆུང་དུས་ནས་རབ་ཏུ་བྱུང་ཞིང་། བསམ་ཡས་སྒྲ་བསྒྱུར་གླིང་ནས་སྡུག་རུས་ཆེར་བསྐྱེད་ཀྱིས་ལོ་ཙཱར་སློབ་སྦྱོང་བྱས་པ་དང་། ནར་སོན་རྗེས་སྐབས་དེར་དཔལ་འབྱོར་རྒྱས་ཤིང་དམ་ཆོས་རིག་གནས་ཆེ་ཆེར་དར་བའི་ཤ་ཅུ་དང་ཀ་ཅུ་སོགས་ལ་ཕེབས་ཏེ་ཆོས་གཞུང་འཆད་པ་དང་བསྒྱུར་བའི་ལས་ལ་རྒྱ་ཆེར་འབད། ཁོང་ཉིད་བོད་ཆེན་པོའི་ཡིག་སྒྱུར་རྩ་འཛུགས་ཀྱི་གྲས་སུ་གཏོགས་པས་སྲིད་གཞུང་གི་བཀས་བཅད་ལྟར་སྒྲ་སྦྱོར་བམ་གཉིས་ཀྱི་རྩ་དོན་སོགས་གཞིར་བཟུང་ཞིང་། རྒྱ་བོད་ཕན་ཚུན་བར་ཡིག་སྒྱུར་གྱི་འགྱུར་རྩོམ་སྐྱོན་གྱི་དྲི་མས་མ་གོས་ལ། སྒྱུར་རྩལ་ཐུན་མོང་མ་ཡིན་པ་དང་ལྡན་ཞིང་བོད་ཀྱི་ལོ་རྒྱུས་སྟེང་ནམ་ཡང་བསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད།
        གོང་ཏུ་བཤད་པ་ལྟར། ཁོང་གི་འགྱུར་རྩོམ་མདོ་མཛངས་བླུན་ལྟ་བུར་མཚོན་ན་མ་ཡིག་ལ་བློ་དཀར་ཞིང་། ཚིག་སྦྱོར་བདེ་བར་འགྱུར་གྱི་ཤན་ཅུང་ཟད་ཙམ་ཡང་མེད་པས། འགྱུར་རྩོམ་ལེགས་གྲས་སུ་མི་བགྲང་མཁན་མེད་པ་ལྟ་བུའི་འབྲས་བུ་སྨད་དུ་བྱུང་བ་ཐོབ་པར་ཁྱད་ཆོས་གཙོ་བོ་ཕྱོགས་བསྡོམས་ཙམ་བྱས་ན། ཐོག་མར་ཁོང་གི་ལོ་ཙཱའི་དམིགས་ཡུལ་གསལ་བ་སྟེ། སྐབས་དེར་བོད་དུ་ད་དུང་དར་མེད་པའི་ཆོས་གཞུང་རྒྱ་ནག་ཏུ་དར་ཡོད་པ་ཚུར་བསྒྱུར་ཏེ་བོད་ཀྱི་ཆོས་གཞུང་ལ་ཁ་གསབ་བརྒྱབ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཕུགས་བསམ་འགྲུབ་ཏུ་བཅུག  གཉིས་ནས་ཆོས་གཞུང་འཆད་རྩོམ་དང་ཡིག་སྒྱུར་མཉམ་དུ་སྦྲེལ་བ། གསུམ་ནས་སྐད་ཆ་དང་ལོ་ཙཱའི་རྨང་གཞིའི་ཆུ་ཚད་མཐོ་བ་བཅས་སོ། ། ཁོང་གིས་བོད་རྒྱའི་ཐུབ་བསྟན་རིག་གནས་བརྗེ་རེས་ལ་བྱས་རྗེས་ཆེན་པོ་བཞག་ཅིང་། ཁོང་དང་ཁོང་ལྟ་བུའི་ལོ་ཙཱ་བ་ཆེན་མོར་ཆེད་དུ་ཞིབ་འཇུག་བྱ་རིན་ཡོད་པ་རེད། །
                    2016ལོའི《ཁ་བཏགས་དཀར་པོ།》དེབ་བཞི་བ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1