དཀར་མཛེས་ཁུལ་བྲག་འགོ་རྫོང་ལི་སྨད་སློབ་ཆུང་གི་བྱུང་བ་བརྗོད་པ་རིན་ཆེན་ནོར་བུའི་ཕྲེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



      གང་ཞིག་ཡོན་ཏན་གཏེར་གྱི་མཛོད་འཆང་བའི༎
      བློ་གྲོས་དགོས་འདོད་ཆར་ལྟར་འབེབ་པ་ཡི༎
      ལྷག་པའི་ལྷ་མཆོག་འཇམ་དཔལ་དཔའ་བོ་ལ༎
      སྒོ་གསུམ་གུས་པའི་ངང་ནས་ཕྱག་འཚལ་ལོ༎
བླ་མེད་སྔོན་བྱོན་མཁས་པའི་མཛད་བཟང་དག།
      དེང་རབས་བྱིས་པས་བློ་ཡིས་མ་དཔག་ན༎
      གཤིས་བཟང་ཡོན་ཏན་མཐའ་དག་རྒུད་གྱུར་ནས༎
      ནམ་ཞིག་རུལ་བར་འགྱུར་བས་འཆད་པར་བྱ༎
      དེ་ཡང་༼རླངས་ཀྱི་པོ་ཏི་བསེ་རུ༽ལས།ལར་སྐྱེས་མི་ཡིས་རང་གི་སྐྱེ་རྒྱུད་མ་ཤེས་ན།།ནཊ་གསེབ་རང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ།།རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན།།གཡུ་འབྲུག་ཟོལ་མ་བཅས་པའི་དབྱིབས་དང་འདྲ།།ཡབ་མེས་རྣམ་པའི་ཡིག་ཚང་མ་ཤེས་ན།།མོན་ ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ།།ཞེས་པ་ལྟར་འདིར་གླེང་བར་བྱ་བ་ནི་ལི་སྨད་ཤེས་རབ་བྱམས་བརྩེ་སློབ་གྲྭའི་བྱུང་བ་བརྗོད་པ་ཙམ་ཡིན།སྤྱིར་སློབ་གྲྭ་ཞེས་པ་ནི་རིག་པའི་མེ་ཏོག་ བཞད་སའི་ལྡུམ་ར་ཆུང་ཆུང་ཞིག་ཡིན་ལ་དེར་སྐལ་ལྡན་སློབ་བུ་རྣམས་ཀྱིས་བློ་གྲོས་ཀྱི་པད་ མོ་རྒྱས་ཤིང་ཤེས་རིག་གི་ངད་ཁ་ལྡང་ནས་མ་འོངས་པའི་མདུན་ལམ་ལ་སྟ་གོན་བྱེད་ས་ཞིག་ ཀྱང་ཡིན། 
      སྤྱི་ལོ་1960ལོའི་ཟླ་7་པར་སློབ་གྲྭ་འདི་ཐོག་མར་མདོ་མང་དགོན་དུ་བཙུགས་ནས་གེ་འཕན་ལི་ཁོག་མའི་ས་ཆ་འདིར་སློབ་གྲྭ་ཞེས་པའི་མིང་བྱང་དེ་ཐོག་མར་ཐོས་མགོ་བརྩམས། ལི་ཁོག་མའི་སློབ་གྲྭ་དང་གཙང་སྟོད་སྨད་ཀྱི་སློབ་གྲྭ་སོགས་ས་ཁུལ་བཞི་པའི་སློབ་གྲྭ་རྣམས་ལ་རྒྱལ་ཁབ་རིམ་པས༼དར་དམར་སློབ་ཆུང་༽ཞེས་པའི་མིང་བཏགས།སྐབས་དེར་གོང་རིམ་གྱིས་མངག་བཀོད་ལྟར་ཕན་ཅིན་ཧྲིན་དགེ་རྒན་གྱིས་སློབ་གཙོ་མཛད་ནས་ལོ་གསུམ་གྱི་རིང་ལ་དགེ་རྒན་དྲུག་ལྷག་གིས་སློབ་མ་120ལྷག་གི་༼ཁྱོན་འཛིན་གྲྭ་བཞི་ཡོད༽རྨོངས་པའི་ཞྭ་མོ་དོར་ལ་ཤེས་རིག་གི་དབུ་ཁྱུད་འབྲི་མགོ་བརྩམས།ཡིན་ནའང་སྐབས་དུས་སྤྱི་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཞན་པའི་སྟབས་ཀྱིས་སློབ་གྲྭ་འདིར་ཟས་གོས་གནས་མལ་གྱི་དཀའ་ངལ་གང་མང་བྱུང་ནས་དབྱར་དུས་ཀྱི་ཤ་མོ་དང་སྟོན་དཔྱིད་ཀྱི་གྲོ་མ་སོགས་ལ་བསྟེན་ནས་འཚོ་བ་ཅུང་ཙམ་རོལ་ཡང་བཀྲེས་སྐོམ་དང་གྲང་འཁྱག་སོགས་ཀྱིས་སློབ་མ་གཅིག་རྐྱེན་ལམ་དུ་ཤོར་ལ་གཞན་པ་རྣམས་ཀྱིས་ཀྱང་མ་བཟོད་པར་1963ལོར་སློབ་གྲྭ་འདིའི་དགེ་སློབ་ཚང་མ་མུ་གེའི་ངང་ནས་ཁ་ཐོར་དུ་འགྲོ་དགོས་བྱུང་།དེ་ནས་བགྲང་བྱ་དྲུག་གི་རིང་ལ་སློབ་མ་རྣམས་མི་སེར་དང་ལྷན་དུ་ཞིང་ཕྱུགས་ཀྱི་ལས་ལ་འབད་ནས་རིག་གནས་སློབ་པའི་གོ་སྐབས་མ་བྱུང་།
      1969ལོར་ཡང་བསྐྱར་གཡག་སྙིང་ཁོག་ནས་སྦྲ་གུར་སློབ་གྲྭ་བཙུགས་ནས་སློབ་མ་བརྒྱད་དགུ་ཙམ་ལ་དགེ་རྒན་རིག་ཚེ་ཡིས་སློབ་ཁྲིད་གནང་།ལོ་དེའི་དགུར་ཁར་སློབ་གྲྭ་འདི་འབྲོག་པ་དགུན་སར་སྤོ་བའི་དུས་དང་བསྟུན་ནས་དབུས་ཞེས་པའི་ས་ཆ་རུ་སྤོ་དགོས་བྱུང་།སྐབས་དེར་དགེ་རྒན་རིག་ཚེ་ཡིས་སློབ་གཙོ་མཛད་ནས་སློབ་མ་བཅོ་ལྔ་ཙམ་དང་དགེ་རྒན་གསུམ་གྱིས་ བོད་རྒྱ་རྩིས་གསུམ་གྱི་ཚན་ཁག་སློབ་ཁྲིད་བྱེད་མགོ་བརྩམས།1971ལོར་གོང་རིམ་གྱི་འཆར་ འགོད་ལྟར་སློབ་གྲྭ་དེ་ཡུལ་ཚོ་ཁག་དང་མཉམ་དུ་འཇག་ཀླུང་ནང་དུ་སྤོས་ནས་གཏན་ཁེལ་གྱི་གནས་བཙུགས་ཏེ་སྟབས་བདེའི་ས་ཁང་ཞིག་གི་ནང་ནས་སྔར་ཡོད་ཀྱི་དགེ་རྒན་རྣམས་ཀྱི་ཁར་ཚབ་ཁྲིད་དགེ་རྒན་གཉིས་བསྣན་ནས་འཛིན་གྲྭ་བཞི་༼ཁྱོན་སློབ་མ་30ལྷག་ཡོད༽ལ་ལོ་དུ་ མའི་རིང་ལ་འཚོ་བའི་ཆ་རྐྱེན་སྔར་ལས་ཅུང་བཟང་བའི་སྒོ་ནས་སློབ་ཁྲིད་བྱེད་ལ་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དགའ་སྟོན་ལ་ཡང་ས་འདི་ནས་རོལ་མགོ་བརྩམས།འོན་ཀྱང་1973ལོར་ཧོར་བྲག་འགོ་རུ་ཚ་རིམ་7་9ཡི་ཡ་ང་བའི་ས་ཡོམ་ཁྲོད་ནས་སློབ་གྲྭའི་ཁང་བ་རྣམས་བཤིགས་ཏེ་གནོད་སྐྱེན་ཚབ་ཆེན་བྱུང་ཡང་དགེ་སློབ་ཡོངས་ཀྱིས་དཔའ་མ་ཞུམ་བག་མ་འཁུམས་པར་དཀའ་ངལ་ཁྱད་དུ་བསད་ནས་སློབ་ཁྲིད་ཀྱི་འཚམས་མ་བཞག་པར་སྦྲ་གུར་ནང་ནས་མུ་མཐུད་དུ་སློབ་ཁྲིད་བྱས།1975ལོར་དུས་ཚོད་ཀྱི་གཡོ་སྐྱོམ་ཁྲོད་ནས་ཡུལ་ཚོ་ཁག་དང་ལྷན་དུ་སློབ་གྲྭའི་དགེ་སློབ་ཚང་མ་རྨེ་ཆེན་ཁམས་མདོ་རུ་སྤོས་ནས་སློབ་ཁང་དང་དགེ་རྒན་གྱི་སྡོད་ཤག་ སོཊ་སློབ་ཁྲིད་ཀྱི་ཞོར་དུ་དགེ་སློབ་ཚང་མས་དཔུང་བ་མཉམ་གཤིབ་ངང་ནས་གསར་ཏུ་བསྐྲུན་ཏེ་དེང་རབས་ཀྱི་གོམ་འགྲོས་ལ་ཅུང་ཙམ་ཁ་ཕྱོགས་ནས་དགེ་རྒན་དགུ་ཙམ་གྱིས་སློབ་མ་70ལྷག་ལ་སློབ་ཁྲིད་བྱས་ནས་སྔར་ཡོད་ཀྱི་སྦྱང་ཚན་བོད་རྒྱ་རྩིས་གསུམ་གྱི་ཁར་གླུ་དབྱངས་དང་ལུས་རྩལ།རི་མོ་སོགས་ཤེས་བྱ་གཞན་དག་ལའང་འཇུག་པའི་སྐལ་བ་ལྡན་ལ་སློབ་གྲྭ་འདིར་ལི་སྨད་སློབ་ཆུང་ཞེས་པའི་མིང་བྱང་ཏེ་དངོས་སུ་བཏགས།སྐབས་དེར་ལི་སྨད་སྡེ་བའི་རི་ཆེན་སོ་སོ་ནའང་ཡན་ལག་སྦྲ་གུར་གྱི་འཛིན་གྲྭ་རེ་རེ་བཙུགས་ཤིང་ཁོང་ཚོ་ལོ་རིམ་བཞི་པར་སླེབས་ རྗེས་ད་གཟོད་རྨེ་ཆེན་ཁམས་མདོ་རུ་ཡོངས་ནས་སློབ་སྦྱོང་བྱེད་དགོས།དགེ་རྒན་རིག་ཚེ་ལགས་ཀྱིས་ལོ་ངོ་བཅུའི་རིང་ལ་སློབ་གྲྭ་འདིའི་ཕྱི་ནང་ཀུན་ཀྱི་ལས་གཞི་ལེགས་པར་བསྐྱངས་ནས་ཁོང་གིས་སློབ་གྲྭ་འདིར་གསུབ་མེད་ཀྱི་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད།
      1978ལོའི་ཟླ་10པར་དགེ་རྒན་སངས་འཕྲིན་ལགས་སློབ་གྲྭ་འདིར་ལས་བགོས་བྱས་ནས་ལོ་གསུམ་གྱི་རིང་ལ་ལི་སྨད་ལྟེ་གནས་སློབ་ཆུང་གི་སློབ་གཙོའི་འགན་བཞེས།སྐབས་དེར་དགེ་རྒན་བདུན་དང་ལོ་རིམ་དང་པོ་ནས་དྲུག་པའི་བར་དུ་སློབ་མ་80་ལྷག་ཡོད།གོང་རིམ་གྱི་རྒྱབ་སྐྱོར་འོག་ཏུ་སློབ་མའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བའི་ཆེད་དུ་སློབ་གྲྭས་འབྲི་མོ་འགའ་ཉོས་ལ།དེ་ལས་བྱུང་བའི་མར་ཕྱུར་རྣམས་ཀྱིས་དྲུག་གཅིག་གི་བཟའ་བཅའ་ལ་ཁ་སྣོན་བྱས་ ནས་གྲོ་མ་མར་ཁུ་སོགས་བོད་ཟས་ཀྱི་འཚོ་བར་ལོངས་སུ་སྤྱད་ནས་ཉིན་གཉིས་ཀྱི་རིང་དུ་དྲུག་གཅིག་ལ་རོལ་བ་རེད།ལི་སྨད་ལྟེ་གནས་སློབ་ཆུང་གི་ཐོག་དང་པོའི་མཐར་ཕྱིན་འཛིན་གྲྭར་ ཁྱོན་མི་བཅོ་བརྒྱད་ཡོད་ལ།དེ་ལས་རྒྱལ་ཁབ་ཀྱི་ལས་གནས་སུ་ཞུགས་མཁན་གཉིས་དང་།རབ་བྱུང་གི་ལས་ལ་ཞུགས་མཁན་མི་བཞི་ཡོད།དེ་མིན་མི་བཅུ་གཉིས་ཀྱིས་འབྲོག་པའི་འཚོ་བར་ རོལ་བཞིན་ཡོད།1980ལོར་ཕྱོགས་སོ་སོའི་ཡན་ལག་སྦྲ་གུར་སློབ་གྲྭ་རྣམས་ལི་སྨད་ལྟེ་གནས་སློབ་ཆུང་དུ་བསྡུས་ནས་ཕྱོགས་གཅིག་ཏུ་འཚོགས།
      1981ལོར་དགེ་རྒན་བཀྲ་རྒྱམ་ལགས་སློབ་གྲྭ་འདི་ནས་ལོ་གསུམ་གྱི་རིང་ལ་སློབ་གཙོའི་འགན་བཞེས་ནས་སློབ་མ་དྲུག་ཅུ་ལྷག་གསོ་སྐྱོང་མཛད།1984ལོར་ཁོང་ལས་གནས་སྤོར་ནས་ཚབ་བྱེད་དུ་དགེ་རྒན་པག་གཅེས་ལགས་ཀྱིས་སློབ་གཙོའི་ལས་འགན་བཞེས་ནས།1992ལོའི་ཟླ་བརྒྱད་པ་ནས་བཟུང་ལོ་རིམ་གསུམ་པའི་སློབ་མ་རྣམས་བཅའ་སྡོད་སློབ་མའི་གྲས་སུ་བཞག1996~2006ལོའི་བར་དགེ་རྒན་མཚོན་པ་དང་དགེ་རྒན་ཚེ་པུས།དགེ་རྒན་དོན་དཔལ།དགེ་རྒན་འགྱུར་མེད་རབ་བརྟན་སོགས་ཀྱིས་རིམ་བཞིན་སློབ་གཙོའི་འགན་བཞེས།སྐབས་དེར་སློབ་གྲྭ་འདིར་སློབ་མ་ཉུང་བ་དང་ཁྱད་པར་དུ་ལོ་རིམ་མཐོ་བའི་སློབ་མ་ནི་དེ་བས་ཀྱང་ཉུང་།  རྒྱུ་མཚན་ནི་སྔོན་ནས་རྒྱལ་ཁབ་ཀྱི་ཐོན་སྐྱེད་སྒེར་ལ་གཏད་པ་དང་ཕ་མ་ཚོས་རང་གི་དཔལ་འབྱོར་གོང་འཕེལ་དུ་འགྲོ་བའི་ཁེ་ཕན་ལ་ལྟ་བ་ལས་གཞན་རིག་གནས་ཀྱི་རིན་ཐང་སོགས་ལ་གོ་རྟོགས་དབེན་པས་རང་གི་བུ་ཕྲུག་རྣམས་སློབ་གྲྭར་འགྲོ་བའི་དུས་ཚོད་གཡོལ་ཐུབ་བྱས་ནས་རྫི་བོ་བྱེད་དུ་འཇུག་པ་དང་།དེ་མིན་གཞན་པའི་ལས་ཀ་སྣ་ཚོགས་ལ་ཁ་ཕྱོགས་ནས་སློབ་གྲྭར་འགྲོ་བར་བཀག་འགོག་མང་ཙམ་བྱས་པ་རེད།
      དེང་ཐོག་སློབ་གྲྭ་འདི་ནས་མཐར་ཕྱིན་པའི་སློབ་མ་ཤེར་ཐོ་དགེ་རྒན་གྱི་ལས་གནས་སུ་ ཞུགས་ནས་2006ལོར་མ་ཡུམ་སློབ་གྲྭ་རུ་ཕེབས་ནས་སློབ་གཙོའི་ལས་འགན་བཞེས།སྐབས་ དེར་སློབ་གྲྭ་ཡོངས་ལ་དགེ་རྒན་བཞི་དང་སློབ་མ་བཞི་བཅུ་ཞེ་ལྔ་ལྷག་ལས་མེད་ལ་ལོ་རིམ་ དྲུག་པར་སློབ་མ་གཉིས་དང་ལོ་རིམ་ལྔ་པར་སློབ་མ་གསུམ་ཡོད།ལོ་དེའི་སྤྱི་ཟླ་གཉིས་པར་སློབ་གྲྭ་འདི་ནས་ཤེས་བྱའི་འཚོ་བཅུད་ལ་རོལ་མྱོང་བའི་མཁན་བསོད་དར་རྒྱས་ལགས་མ་ཡུམ་སློབ་གྲྭར་ལྟ་སྐོར་དུ་ཕེབས་ནས་སློབ་གྲྭའི་ཆ་རྐྱེན་དང་སློབ་མའི་གནས་བབས།སློབ་གསོའི་སྤུས་ཀ་སོཊ་ཞན་པའི་གནས་ཚུལ་མཐོང་ནས་ཁོང་གིས་མ་ཡུམ་སློབ་གྲྭར་དྲིན་ལན་འཇལ་ཆེད་དང་མི་རིཊ་སློབ་གསོ་གོང་འཕེལ་གཏོང་ཕྱིར།མ་ཡུམ་སློབ་གྲྭ་བསྐྱར་གསོ་བྱ་རྒྱུའི་དམ་བཅའ་བརྟན་པོ་ཐུཊ་ལ་བཅངས།དེའི་ཕྱིར་ཁོང་གིས་ཐབས་བརྒྱ་ཇུས་སྟོང་གི་ངང་ནས་མང་ཚོཊ་རྣམས་ལ་བྱིས་པ་ཚོ་སློབ་གྲྭར་གཏོང་དགོས་པའི་རེ་བ་དང་རིག་གནས་ཀྱི་དགོས་མཁོ།རིག་གནས་ཀྱི་ རིན་ཐང་སོཊ་ཀྱི་ཐད་ནས་བསླབ་བྱ་གྱ་ནོམ་པ་མཛད་ནས།2007ལོའི་དབྱར་ཁར་ཁོང་གིས་རྫོང་རིག་སློབ་ཁག་དང་གྲོས་བསྡུར་ཐེངས་མང་བྱས་ནས་སློབ་གྲྭ་འདིར་སློབ་ཁྲིད་ཐོག་ཁང་ དང་ཟ་ཁང་།སློབ་མའི་སྡོད་ཤག།དཔེ་མཛོད་ཁང་།རྩིས་འཕྲུལ་ཁང་།སྐྱེ་དངོས་རྫས་གསུམ་གྱི་ ཚོད་ལྟ་ཁང་།རྒྱང་བསྒྲགས་ཁང་།ཚོགས་འདུ་ཁང་སོཊ་ལ་སྒོར་ཁྲི་300ལྷག་གི་འགྲོ་གྲོན་བཏང་ནས་སློབ་གྲྭའི་ཕྱི་ནང་གི་ཆ་རྐྱེན་ཡོངས་རྫོགས་ཆ་ཚང་བར་གསར་བསྐྲུན་མཛད།དེར་མ་ཟད་རྫོང་ཕྱི་ནང་ནས་དྭ་ཕྲུག་སོགས་ཆ་རྐྱེན་ཞན་པའི་སློབ་མ་གཙོར་བྱས་པའི་སློབ་མ་180ལྷག་ ༼འཛིན་གྲྭ་8་ཡོད༽ལ་ཟས་གོས་གནས་མལ་གྱི་རོགས་རམ་རྒྱ་ཆེན་གནང་བ་མ་ཟད།སྔར་ཡོད་ཀྱི་དགེ་རྒན་རྣམས་ཀྱི་ཁར་དགེ་རྒན་གསར་བ་11་བཀོད་བསྒྲིག་བྱས་པ་དང་།ལྷག་པར་ཏུ་ ཞིང་ཆེན་ཕྱི་ནང་ནས་རྒྱ་ཡིག་དགེ་རྒན་དུ་མ་གདན་འདྲེན་བྱས་ནས་སློབ་གྲྭ་འདིར་སྔར་ ལས་ལྷག་པའི་སྒོ་ནས་མི་རིགས་ཁག་གི་རིག་གནས་ལ་ཤུགས་སྣོན་དང་སྦྱང་པ་མཐར་ཕྱིན་ མཛད་པའི་ལྷག་བསམ་ཟོལ་མེད་ཀྱི་དགེ་རྒན་གྱི་དཔུང་སྡེ་ཞིག་རང་བཞིན་གྱིས་གྲུབ་ཡོད། 
      2009ལོའི་8པར་དགེ་རྒན་རིག་འཛིན་རྣམ་རྒྱལ་ལགས་ཀྱིས་སློབ་གྲྭ་འདིར་སློབ་གཙོའི་འགན་བཞེས་ཏེ་ཡང་བསྐྱར་རྫོང་ཕྱི་ནང་གི་སློབ་མ་བརྒྱ་ལྷག་བསྡུ་ལེན་བྱས་ནས་ཁྱོན་བསྡོམས་སློབ་མ་300ལྷག་༼འཛིན་གྲྭ་10་ཡོད༽དང་དགེ་རྒན་ཉེར་གཉིས་ཀྱིས་མུ་མཐུད་དུ་མི་རིགས་སློབ་གསོའི་ལས་དོན་ལ་འབད་འབུངས་དང་ཐུགས་ཁུར་གནང་བཞིན་མཆིས།བགྲང་བྱ་ང་ གཅིག་གི་རིང་ལ་སློབ་གྲྭ་འདི་ནས་སློབ་མ་བརྒྱ་ཕྲག་དུ་མ་གསོ་སྐྱོང་མཛད་ནས་སྤྱི་ཚོགས་ཀྱི་ ལས་རིགས་སོ་སོར་མཁོ་སྤྲོད་བྱེད་དང་བྱེད་མུས་སུ་མཆིས།
སློབ་གྲྭའི་ཉིན་རྒྱུན་ལམ་ལུགས།
      གཅིག སློབ་གྲྭའི་སྒྲིག་གཞི།
      1 སློབ་གྲྭའི་དོ་དམ། 
དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སྔར་ཡོད་ཀྱི་སློབ་གྲྭའི་བདག་གཉེར་དང་དོ་དམ་སོགས་ཀྱི་སྒྲིག་གཞི་རྣམས་འགལ་བ་སྙོམས་སྒྲིག་དང་སྙིགས་དོར་བཅུད་ ལེན་བྱས་ནས།མི་རིགས་སློབ་གསོའི་དགོས་མཁོ་དང་ས་ཁུལ་སློབ་གསོའི་འོས་བབས་ལ་བསྟུན་ནས་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་དང་ལེན་བྱས་དགོས་པའི་བརྩི་མཐོང་ཆེན་པོ་བཞི་ཞེས་ པའི་ཁ་ཕྱོགས་གསར་དུ་བཏོད།བརྩི་མཐོང་ཆེན་པོ་བཞི་ནི།༼སྤྱོད་བཟང་།ཤེས་བརྩོན།བདེན་ འཚོལ།གྲོན་ཆུང་།༽བཅས་ཡིན།དེ་བཞིན་དུ་གོམ་གང་མདུན་སྤོས་ཀྱིས་སློབ་གྲྭའི་སློབ་སྟོན་ཁང་དང་འཛིན་གྲྭའི་འགན་ཁུར་བ།བསླབ་ཚན་དགེ་རྒན།གདོང་ལེན་རུ་ཁག་གི་འགན་ཁུར་བ།སྤྱི་དངོས་རྩིས་གཉེར་མཁན་སོགས་དགེ་རྒན་རྣམས་ཀྱི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་མཛད་ནས་རང་རང་གི་ངོས་ཐད་ནས་ལས་དོན་དག་མཐའ་འཁྱོལ་བར་སྒྲུབ་དགོས་པའི་སྒྲིག་སྲོལ་གསལ་བོར་བཏོན།
      2 བཅའ་སྡོད་སློབ་མའི་ལམ་ལུགས།
གོང་རིམ་དབུ་ཁྲིད་ཀྱི་བཀོད་སྒྲིག་ལྟར་༼གསུམ་གཙང་(三洗)སློབ་གསོ་དང་གསུམ་འགྲིག(三线)སློབ་གསོའི༽དོ་དམ་གྱི་ལག་ལེན་རྒྱུན་འཁྱོངས་བྱས་ནས་རོང་འབྲོག་མི་དམངས་ཀྱི་བྱིས་པ་ རྣམས་ཀྱིས་གོམས་ལོབས་སུ་གྱུར་བའི་མལ་ཁང་དུ་རྐང་རྗེན་དུ་རྒྱུ་བ་དང་།གོས་ལྷམ་སོཊ་གང་བྱུང་དུ་གཏོར་བ།གད་སྙིགས་ཀྱི་ཟས་རིགས་རྒྱུན་དུ་ཟ་བའི་གཤིས་ངན་དག་རིང་དུ་དོར་བར་རང་སྐྱོང་ཁུལ་ཁུལ་གཙོ་གཞོན་པ་ཤེའུ་ཁྲིན་ཤོས་(许春秀) མཐེ་བོང་ཡང་ཡང་བསྒྲེངས།
      གཉིས། ཁྱད་ལྡན་སློབ་གསོ།
      རང་སློབ་གྲྭས་སློབ་གྲྭ་གཞན་དག་དང་མི་འདྲ་བར་ཀུན་སྤྱོད་སློབ་གསོ་གཙོར་བཟུང་ནས་དེང་སྐབས་རྒྱལ་ནང་དུ་ཡང་བསྐྱར་ཉམས་སུ་ལེན་བཞིན་པའི་༼སློབ་མའི་བསླབ་བྱ༽་དང་མི་རིགས་ས་ཁུལ་དུ་མཐོང་ཆེན་བྱེད་བཞིན་པའི་༼ས་སྐྱ་ལེགས་བཤད༽་སོགས་ལེགས་བཤད་ གང་མང་ལ་འབད་པ་ལྷུར་ལེན་བྱས་ནས་རང་མི་རིགས་ཀྱི་དམུ་རྒོད་ཀྱི་རང་གཤིས་རྒྱང་དུ་ དོར་ནས་ད་ལྟ་འཛམ་གླིང་ཡོངས་སུ་སྤེལ་བཞིན་པའི་བྱང་ཚད་སློབ་གསོར་བརྩི་མཐོང་བྱེད་ དང་བྱེད་བཞིན་གདའ།གཞན་ད་དུང་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་མི་ཉམས་པའི་ ཆེད་དང་སློབ་མའི་རིག་ལམ་གྱི་སྒོ་མོ་འབྱེད་ཆེད་དང་སློབ་མའི་སྨྱུག་རྩལ་ལ་གསོན་ཤུགས་ གསར་བ་ཞིག་རྒྱས་ཕྱིར་དུ་རྩོམ་རིག་གི་འགྲན་བསྡུར་འདི་ཡང་སྤེལ་འགོ་བརྩམས། 
      གསུམ། མ་འོངས་པའི་ཁ་ཕྱོགས།
      རང་སློབ་གྲྭས་སྤྱོད་ཡོན་ཟུང་ལྡན་གྱི་སློབ་མ་མི་ཉུང་བ་ཞིག་གསོ་སྐྱོང་མཛད་ནས།མི་རིགས་ཀྱི་སློབ་གསོ་ལ་སྲི་ཞུ་དང་སྲོལ་རྒྱུན་ཀྱི་རིག་གནས་ལ་བཀུར་བསྟི།ཚན་རིག་གི་སློབ་གསོར་འདུ་ཤེས་གསར་བ་བཟུང་ནས་མ་འོངས་པར་རང་མི་རིགས་ཀྱི་སློབ་གསོའི་ལས་འགན་གོང་འཕེལ་དུ་གཏོང་རྒྱུའི་དམིགས་འདུན་དང་རེ་བ་བརྟན་པོ་ཡིད་ལ་བཅངས་ཡོད།  
 
མཁན་བསོད་དར་རྒྱས་ཀྱིས་འཆད་ཁྲིད་གནང་སྐབས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1