༄༅།། རྫོགས་ཆེན་དང་དེང་དུས་སྤྱི་ཚོགས་བར་གྱི་འབྲེལ་བ།
ཀློང་ཆེན་པ་ནམ་མཁའ་ནོར་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་རིག་གནས་དྲ་བ། སྤེལ་དུས། 09-09
དེང་དུས་སྤྱི་ཚོགས་ཀྱི་ནང་དུ། ང་ཚོ་མིའི་འགྲོ་བ་ཐམས་ཅད་ཀྱི་བློ་ངོར་འཆར་བཞིན་པ་དེ་ནི་སྤྱི་ཚོགས་ཡར་རྒྱས་ཞེས་བྱ་བ་དེ་ག་རེད། སྤྱི་ཚོགས་ཡར་རྒྱས་ཞེས་པ་དེའང་མིའི་འགྲོ་བ་རྣམས་ཀྱི་ཤེས་ཚད་གང་མཐོ་མཐོར་བཏང་ནས། མི་སྡེའི་འཚོ་བ་གང་བཟང་བཟང་དུ་གཏང་ཆེད། བཟོ་ལས་དང་ཞིང་ལས་སོགས་དར་རྒྱས་གོང་འཕེལ་དུ་གཏང་དགོས་པ་དེ་རེད། ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་སོང་ཙང་། སྤྱི་ཚོགས་ཡར་རྒྱས་ཀྱི་མཐོང་ཕྱོགས་འདིའི་སྟེང་དུ་བློ་མཉམ་གྲོས་མཐུན་འདྲ་པོ་ཞིག་ཆགས་ཡོད་པ་རེད། ང་ཚོའི་མིག་སྔར་སྣང་བའི་དངོས་ཡོད་ཀྱི་དམིགས་ཡུལ་དེ་འདྲ་ཞིག་ཏུ་ཆགས་ཡོད་ཙང་། སྤྱི་ཚོགས་ཀྱི་དར་རྒྱས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཉིན་རེ་ལས་ཉིན་རེ་མགྱོགས་མྱུར་དུ་འགྲོ་བཞིན་ཡོད་། དེ་ལ་བརྟེན་ཏེ་ང་ཚོའི་མིག་སྔར་དངོས་ཡོད་ཀྱི་དཀའ་ངལ་བརྒྱ་ཕྲག་མང་པོ་ཞིག་སེལ་ཐུབ་པ་དང་། ང་ཚོའི་འཚོ་བའི་ཆུ་ཚད་ཡར་རྒྱས་ཀྱིས་སྤྱི་ཚོགས་ཀྱི་ཁེ་ཕན་མངོན་སུམ་དུ་སྣང་ཐུབ་པ་འདི་ཡོང་གི་ཡོད་པ་རེད། དེ་འདྲ་བའི་སྤྱི་ཚོགས་ཡར་རྒྱས་དེ་ནི་སྤྱི་ཚོགས་ཀྱི་བདེ་དོན་བསྒྲུབ་པ་དང་། སྤྱི་ཚོགས་ཀྱི་ཁེ་ཕན་མཚོན་བྱེད་ཅིག་ཡིན་ཙང་། ཇི་ལྟར་གང་ཟག་སྤྱི་ཚོགས་ཡར་རྒྱས་ཀྱི་བྱེད་པ་པོ་ཡིན་པ་ལྟར། དེ་ནི་སྤྱི་ཚོགས་ཀྱི་བདག་པོ་དང་། སྤྱི་ཚོགས་ལ་དབང་སྒྱུར་མཁན་དང་། སྤྱི་ཚོགས་ཀྱི་ཁེ་ཕན་མྱོང་མཁན་ཞིག་ཀྱང་ངེས་པར་ཡིན་དགོས་ཀྱི་ཡོད་པ་རེད། གལ་ཏེ་གང་ཟག་སྤྱི་ཚོགས་ཀྱི་ལྟེ་བ་ཡིན་པ་དེའི་གནས་ཚུལ་ལས་ལྡོག་སྟེ་སྤྱི་ཚོགས་ཀྱི་གཞན་དབང་ཅན་ཞིག་ཏུ་ཆགས་པ་ཡིན་ན་སྤྱི་ཚོགས་ཡར་རྒྱས་ཀྱི་དམིགས་ཡུལ་དུ་སླེབས་ཐབས་རྩ་བ་ནས་ཡོད་པ་མ་རེད། ང་ཚོས་འཁོར་ལོ་མིས་བཟོས་པ་ཧ་གོ་ཞིང་ཤེས་སླ་པོ་ཞིག་རེད་ལ། མིས་འཁོར་ལོ་བཏང་བ་མ་གཏོགས་འཁོར་ལོས་མི་གཏོང་གི་མེད་པའི་ཚུལ་འདི་ནི་དེ་ལས་ཀྱང་ཤེས་སླ་བ། ཐ་ན་བྱིས་པ་ཆུང་ངུ་ཞིག་གིས་ཀྱང་ཧ་གོ་ཐུབ་པ་དེ་ག་རེད། འོན་ཀྱང་ང་ཚོ་གཉིས་སྣང་ལ་གོམས་འདྲིས་ཤིན་ཏུ་ཆེ་ཞིང་དེའི་དབང་དུ་གྱུར་ནས་ཡོད་ཙང་། ཇི་ལྟར་སྐྱེས་བུའི་ཚེའི་མཐར་ཐུག་པ་དེ། སྐྱེས་བུ་དེའི་འདུ་ཕུང་གི་ནུས་པ་རྫོགས་ནས་འཆི་བ་ལ་ཐུག་པ་དེ་ཙམ་ཞིག་ལ་ངོས་འཛིན་དགོས་པ་བཞིན། སྤྱི་ཚོགས་དར་རྒྱས་ཀྱི་མཐར་ཐུག་གི་ཚད་དེ་ཡང་ནམ་ཞིག་སྤྱི་ཚོགས་ཀྱི་མདུན་ལམ་འགགས་པར་འགྱུར་བ་དེ་ཙམ་ཞིག་ལ་ངོས་མི་འཛིན་ཐབས་མེད་འདྲ་ཞིག་ཆགས་ཡོད་པ་རེད། དཔེར་ན་ཁང་པ་ཞིག་ལ་ཆ་མཚོན་ན། ཁང་པའི་མཐོ་ཚད་མཐར་ཐུག་པ་དེ། ཇི་སྲིད་དུ་ཁང་པའི་ཐོག་རྩེག་འོག་མས་སྟེང་མ་ཐེག་ངེས་པ་དེ་ཙམ་ཞིག་ལ་ངོས་འཛིན་པ་མ་གཏོགས། ང་ཚོའི་བློས་མཐའ་གཅིག་ཏུ་ཕར་ཐག་བཅད་དེ་མཐོ་ཚད་ངེས་པ་ཅན་ཞིག་གཞག་རྒྱུ་མེད་པ་དེ་ག་རེད། དེ་དང་འདྲ་བ་མིས་འཁོར་ལོ་བཟོ་བསྐྲུན་བྱེད་ཐུབ་ལ། དེའི་ལས་ཀའི་ནུས་ཚད་ཀྱང་འཇོག་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་། འཁོར་ལོའི་ནུས་ཚད་ཇི་ལྟར་བཞག་པ་དེ་ལྟར་མིས་འཁོར་ལ་ཕར་བསྟུན་ཏེ་ལས་ཀ་བྱེད་དགོས་པ་མ་གཏོགས། འཁོར་ལོས་མི་ལ་ཚུར་བསྟུན་ཏེ་ལས་ཀ་བྱེད་ཀྱི་མེད་པ་མངོན་གསལ་རེད། གལ་ཏེ་མི་རྣམས་འཁོར་ལོའི་གཞན་དབང་ཅན་ཞིག་ཏུ་ཆགས་པ་ཡིན་ན། འཁོར་ལོ་བཟོ་མཁན་མི་ཡིན་པ་ཙམ་གྱིས་འཁོར་ལོ་ལ་དབང་སྒྱུར་མཁན་ཡང་མི་རང་ཡིན་པའི་གནས་ཚུལ་འདི་འབྱུང་ཐུབ་པ་ཁག་པོ་ཡོང་གི་ཡོད་པ་རེད། དེ་འདྲ་མིའི་བསམ་མནོའི་ཚོད་འཛིན་དེ་ཡུལ་གྱི་སྟེང་ནས་ཚུར་བཞག་པ་ཡིན་ན། དེ་དང་འབྲེལ་ཡོད་མི་རང་གི་ནུས་ཚད་ཀྱང་ཡུལ་གྱི་སྟེང་ནས་ཚུར་བཞག་དགོས་པ་ཞིག་རང་ཤུགས་སུ་ཆགས་ཡོང་གི་ཡོད་པ་རེད།
ཕྱིར་སྣང་དངོས་པོའི་ཡར་རྒྱས་དང་འབྲེལ་ཡོད་མི་རྣམས་ཀྱི་བསམ་མནོའི་གོ་རྟོགས་ཇེ་མཐོར་ཕྱིན་པ་དང་། ཡུལ་སྟེང་གི་དཀའ་ངལ་ཇེ་ཉུང་དུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་རྣམ་འགྱུར་གསལ་པོར་བསྟན་པའི་དུས་སུ། ཡུལ་དང་ཡུལ་ཅན་བར་གྱི་འགལ་འདུ་འདི་དག་མངོན་གསལ་ཆེས་དོད་པ་ཞིག་མི་ཡོང་ཐབས་ཡོད་པ་མ་རེད། གལ་ཏེ་ཡུལ་གྱི་སྟེང་ནས་ཚུར་སྣང་བའི་སྤྱི་ཚོགས་ཤིག་ཡིན་ཕྱིན་ཆད། དེའི་དར་རྒྱས་དང་རྣམ་པ་སོགས་ཅི་དང་ཇི་འདྲ་བ་ཞིག་ཡིན་ཡང་རུང་ནམ་ཞིག་ན་མི་རྣམས་ཀྱིས་སྤྱི་ཚོགས་དར་རྒྱས་སུ་འགྲོ་དགོས་པའི་རྒྱུ་མཚན་གྱི་རྩ་བ་ལ་བསམ་མནོ་ཡང་ཡང་དུ་འཁོར་ཞིང་། དེ་ལ་རང་ངོས་ནས་ལན་མནལ་མ་ཞིག་འཚོལ་བའི་འགོ་བརྩམ་པ་ནི་སྨོས་མེད་ཅིག་རེད། ཚུལ་དེ་ལ་ཡུལ་ཅན་གྱི་སྟེང་ནས་ལན་མནལ་མ་ཞིག་མ་བྱུང་གི་བར་དུ་རྒྱུ་མཚན་གྱི་རྩ་བ་ཤེས་པའི་སྐབས་མེད་པ་ནི་དངོས་སྣང་སྤྱི་ཚོགས་ཀྱི་འགལ་འདུ་དེ་ག་རང་གིས་གསལ་པོར་བསྟན་ཅིང་། ཡུལ་ཅན་གྱི་མཐར་གཏུགས་ན། “ང”དང་“ང་ཚོ”ཞེས་པ་དེ་ཙམ་ལས་ལྷག་པའམ། གཏིང་ཟབ་པོར་འགྲོ་ཡས་ཡོད་པ་མ་རེད། ང་ཚོའི་བློ་ཡུལ་དུ་རྟག་པར་འཆར་བའི“ང”དང“ང་ཚོ”ཞེས་བྱ་བ་འདིའི་བདེ་ཐབས་དང་། འདིའི་ཁེ་ཕན་ལ་ཆེན་དུ་དམིགས་ནས“རང་དབང”ཞེས་པའི་ཚིག་འདི་ཐོན་ཡོང་གི་ཡོད་པ་རེད། “རང་དབང”ཞེས་པའི་ཚིག་འདི་ནི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ནས། སྟོན་པ་སངས་རྒྱས་ཀྱིས་རང་དབང་ཐམས་ཅད་བདེ་བ་ཡིན། ། གཞན་དབང་ཐམས་ཅད་སྡུག་བསྔལ་ལོ། །ཞེས་ལེགས་པའི་ཕྱོགས་སུ་གསུངས་ཤིང་། མིའི་འགྲོ་བ་ཐམས་ཅད་ཀྱི་སེམས་ལ་འཕྲོད་པོ་དང་། ཀུན་གྱི་ཁེ་ཕན་དང་མཐུན་པ་ཞིག་ཏུ་ཆགས་ནས་ཡུན་རིང་དུ་གོམས་འདྲིས་ཕྱིན་པ་ཞིག་རེད། བྱས་ཙང་དེང་དུས་སྲིད་ཀྱི་ཕྱོགས་ཁག་ཚང་མས་ལབ་ལབ་གཏང་རྒྱུའི་གཙོ་བོ་ཞིག་ཀྱང་དེ་ག་རེད། རང་དབང་གི་ཚིག་ཙམ་ཀུན་གྱི་ཐུན་མོང་དུ་གྱུར་པ་དེ་ལྟར་ནའང་། དེའི་བྱེད་ལས་དངོས་དང་། རྣམ་པ་དང་། བེད་སྤྱོད་བྱེད་སྟངས་མི་འདྲ་བ་སྣ་ཚོགས་པ་ཞིག་ཏུ་ཆགས་ཡོད་ཙང་། མི་རྣམས་ཀྱིས་རང་དབང་དུ་ཐག་བཅད་པའི་དོན་མང་པོ་ཞིག་ཚིག་དེའི་ལྡོག་ཆར་ཐོན་ཡོང་གི་ཡོད་པ་རེད། སུ་ཞིག་གིས་རང་དབང་དུ་ཐག་བཅད་པ་དེ། གང་ཟག་དེའི་ཡིད་ཆེས་ལ་གཞིར་བཟུང་ནས་རང་གི་དབང་ཤེས་ཀྱིས་ནུས་ཚོད་དུ་ཐག་བཅད་པ་ཀུན་སློང་བཟང་པོ་ཞིག་ལས་བྱུང་བ་རེད་མ་གཏོགས། རང་གཞན་ཚང་མ་མི་བདེ་བ་དང་། རང་གཞན་གྱི་ཁེ་ཕན་ལ་གནོད་སྐྱོན་གཏང་བར་འདོད་པས་ཚིག་འདི་བེད་སྤྱོད་བྱེད་ཁག་པོ་འདྲ་པོ་ཞིག་ཡོད་པ་རེད། ཡིན་ནའང་གཉིས་སྣང་ཅན་གྱི་བློས་ཅི་ཞིག་ཐག་བཅད་པ་དེ་ནི་གཉིས་སྣང་གི་མཐའ་དེ་ག་རང་ལས་འདའ་ཐབས་མེད་ཅིང་། དེ་ལྟར་ན་རང་དབང་ཞེས་པའི་ཚིག་དེའང་རྟོག་གེ་བའི་རིག་པ་འདྲ་པོ་ཞིག་ཏུ་ཆགས་པ་མ་གཏོགས་དངོས་ཀྱི་བྱེད་ལས་མེད་པ་འདྲ་ཞིག་ཆགས་ཡོང་གི་ཡོད་པ་རེད། ང་ཚོ་ཇི་སྲིད་དུ་གཉིས་སྣང་གི་དྲྭ་བ་འདི་ལས་འདས་པ་ཞིག་མ་བྱུང་བ་དེ་སྲིད་དུ། “རང་དབང”ཞེས་པ་དེ་བཅོས་མ་ཙམ་ཞིག་ལས་ཡོངས་ཡས་ཡོད་པ་མ་རེད། གཉིས་སྣང་གི་མཐའ་ལས་འདས་པ་ལ་ཡང་དག་པའི་གནས་ལུགས་དེ་མངོན་དུ་བྱེད་དགོས། གནས་ལུགས་དེ་མངོན་དུ་བྱེད་པ་ལ་རྫོགས་པ་ཆེན་པོའི་ཉམས་ལེན་འདི་དགོས་ཀྱི་ཡོད་པ་རེད། དེ་འདྲ་བྱས་པ་ཡིན་ན་སྤྱི་ཚོགས་ཡར་རྒྱས་ཀྱི་རྣམ་པ་དེའང་ཚད་དང་ལྡན་ཞིང་ཚུལ་དང་མཐུན་པ། རང་གཞན་ཚང་མའི་ཁེ་ཕན་མཚོན་ཐུབ་པ་ཞིག་མི་ཡོང་ཐབས་ཡོད་པ་མ་རེད།
འགའ་ཞིག་གི་བསམ་པར། དེ་འདྲ་བའི་རང་དབང་དང་ཉམས་ལེན་གྱི་གནད་དེས་གང་ཟག་བྱེ་བྲག་པའི་ཁེ་ཕན་མཚོན་ཐུབ་ནའང་། གནས་ལུགས་དེས་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་པར་དཀའ་ཞིང་། ང་ཚོའི་དགོས་གནད་ཁ་ཚ་བ་ནི་ང་ཚོའི་མིག་སྔར་ཡོད་པའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་པ་ལ་འབད་དགོས་པ་འདི་རེད་ཅེས་བསམ་གྱི་ཡོད་པ་རེད། ང་ཚོའི་མིག་སྔར་ཡོད་པའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་བར་གདུང་ཤུགས་ཆིག་སྒྲིལ་གྱིས་འབད་དགོས་པ་དེ་ག་རང་རེད། ཇི་སྲིད་དུ་ང་ཚོ་གསོན་པར་འཚོ་བ་དེ་སྲིད་དུ། ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་སོང་ཙང་སྤྱི་ཚོགས་ཀྱི་ནང་དུ་གནས་དགོས་ལ། སྤྱི་ཚོགས་ཀྱི་དཀའ་ངལ་ལམ། ཁེ་ཕན་གང་རུང་ཡང་ལྷན་ཅིག་ཏུ་མྱོང་དགོས་ཀྱི་ཡོད་ཙང་། རྫོགས་ཆེན་པ་རྣམས་ཀྱིས་སྤྱི་ཚོགས་ལ་སྙོམས་ཆུང་བྱེད་དེ་ཁག་ཁག་ཏུ་ཁུ་སིམ་པོར་བསྡད་པས་མི་འགྲིག་ཅིང་། སྡོད་ཤེས་ཡས་ཀྱང་ཡོད་པ་མ་རེད། འོན་ཀྱང་སྤྱི་ཚོགས་ཀྱི་ཁེ་ཕན་མྱོང་མཁན་དེ་ང་ཚོ་རང་ཡིན་པ་དང་། སྤྱི་ཚོགས་ཀྱི་དབང་སྒྱུར་མཁན་ཡང་ང་ཚོ་རང་ཡིན་པར་ཤེས་པའི་སྒོ་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་བྱ་བ་ལ་འཇུག་དགོས་པ་དེ་རེད། སྤྱི་ཚོགས་ཞེས་པ་དེ་མང་པོ་ཞིག་ལྷན་དུ་ཚོགས་པ་ལ་ཟེར་གྱི་ཡོད་པ་རེད། མང་པོ་ཞེས་པ་དེ་གཅིག་ནས་བརྩམས་དགོས་པ་མ་གཏོགས་གཅིག་ལས་འདས་པའི་ཕ་རོལ་ཏུ་མང་པོ་ཞེས་བྱ་བ་ཞིག་གྲུབ་ཐབས་ཡོད་པ་མ་རེད། སྤྱི་ཚོགས་ཀྱི་རང་དབང་ཞེས་པ་དེའང་གང་ཟག་རེ་བཞིན་ཤེས་རྒྱུད་ལ་རང་དབང་མནལ་མ་དང་ལྡན་པས་སྤྱི་ཚོགས་ཀྱི་བྱེད་ལས་ལ་འཇུག་པ་དེ་འདྲ་ཞིག་ཡིན་དགོས་ཀྱི་ཡོད་པ་རེད་མ་གཏོགས། ཕྱུགས་རྫིས་ཕྱུགས་རྣམས་གཟས་ཁར་དེད་པའི་ཚུལ་འདྲ་པོ་ཞིག་ཏུ་ཆགས་ན་དེ་ག་རང་ནས་མ་འགྲིག་ཚར་བ་རེད། གང་ཟག་སོ་སོ་བའི་ཤེས་རྒྱུད་གཞན་དབང་དུ་མ་གྱུར་པའི་ཡིན་ལུགས་མཐར་ཐུག་པའི་དོན་དེ་ལ་རྫོགས་པ་ཆེན་པོ་ཟེར་གྱི་ཡོད་ཙང་། སྤྱི་ཚོགས་ཀྱི་མཐར་ཐུག་པའང་དེ་ལས་འདའ་ཐབས་ཡོད་པ་མ་རེད།
ང་ཚོའི་བློ་ལ་ཆོས་ལུགས་དང་། ཕྱོགས་ཁག་གི་ཞེན་པ་དང་གོམས་འདྲིས་ཆེས་ཆེ་བ་ཞིག་ཡོད་པར་བརྟེན། རྫོགས་པ་ཆེན་པོ་ཞེས་པའི་ཐ་སྙད་འདི་ཐོས་པའི་ཚེ། སྤྱི་ཚོགས་ལས་ཐ་དད་པའམ་དེ་ལས་ཟུར་དུ་ཐོན་པ་འདྲ་ཞིག་བསམ་གྱི་ཡོད་པ་རེད། འོན་ཀྱང་དངོས་དོན་གྱི་དབང་དུ་བྱས་ན་རྫོགས་པ་ཆེན་པོ་ཞེས་པའི་ཐ་སྙད་དེའང་ང་ཚོའི་བློས་ཕར་བཞག་པ་ཙམ་མ་གཏོགས་རྫོགས་ཆེན་ཞེས་བྱ་བ་ཡུལ་གྱི་སྟེང་ནས་ཚུར་གྲུབ་པའམ། ཡུལ་སྟེང་དུ་བཞག་ཡོང་ཡས་གང་ཡང་ཡོད་པ་མ་རེད། ཐ་སྙད་ནི་མི་དང་མིའི་བར་དུ་གོ་བརྡ་སྤྲོད་བྱེད་ཀྱི་ཡོ་བྱད་ཙམ་ཞིག་ཡིན་སྟབས། སྔོན་བྱོན་རིག་འཛིན་གོང་མ་རྣམས་ཀྱི་གནས་ལུགས་ཟབ་མོའི་དོན་དེ་ལ་འབྲེལ་ཆགས་པའི་མཚན“རྫོགས་པ་ཆེན་པོ”ཞེས་བཏགས་པ་ཙམ་ལས་རྒྱུ་མཚན་གཞན་ཡོད་པ་མ་རེད། གལ་ཏེ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ཚང་ཞིང་། གནས་ལུགས་དེ་གང་ཟག་གི་ཤེས་རྒྱུད་དུ་འབྱོང་བའི་མན་ངག་གི་གནད་དང་ལྡན་ན། རྫོགས་པ་ཆེན་པོ་དེ་ག་རེད། དེ་ལ་འབྲེལ་ཡོད་ཀྱི་མིང་ཅི་འདྲ་བ་ཞིག་བཏགས་ཀྱང་ཁྱད་པར་རྩ་བ་ནས་ཡོད་པ་མ་རེད། དེ་ལྟ་བུའི་གཞི་ལམ་འབྲས་གསུམ་གྱི་གནད་རྟོགས་པའི་གང་ཟག་དེ་ལ་རྫོགས་ཆེན་པ་ཟེར་ཞིང་། རྫོགས་ཆེན་པ་གང་དུ་གནས་པ་དེར་རྫོགས་པ་ཆེན་པོའི་བསྟན་པ་གནས་ཀྱི་ཡོད་པ་རེད། འགའ་ཞིག་གིས་རྫོགས་ཆེན་གྱི་བསྟན་པ་ཞེས་པ་དེ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་ལ་ངོས་འཛིན་གྱི་ཡོད་པ་རེད། དེ་ཡང་ངོས་འཛིན་སྟངས་ཡང་དག་པ་ཞིག་མ་རེད། གང་ལགས་ཟེར་ན། རྒྱུད་ལུང་མན་ངག་དེ་དག་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམས་སྟོན་བྱེད་ཀྱི་གཞུང་ཞིག་ངེས་པར་ཡིན་དགོས་ལ། དེ་ལ་བརྟེན་ཏེ་གནས་ལུགས་ཟབ་མོའི་དོན་འདི་རྟོགས་དགོས་པ་ཡིན་ནའང་། གནས་ལུགས་རྟོགས་མཁན་དེ་གང་ཟག་གི་ཤེས་རྒྱུད་ཡིན་ཙང་ཀུན་གྱི་ལྟེ་བ་དེ་གང་ཟག་གི་ཤེས་རྒྱུད་དེ་རང་ཡིན་དགོས་ཀྱི་ཡོད་པ་རེད། གལ་ཏེ་གང་ཟག་གི་ཤེས་རྒྱུད་དུ་གནས་ལུགས་ཟབ་མོ་འདི་མ་སྐྱེས་ན། རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་དཔེ་ཇི་ཙམ་ཞིག་བཞུགས་ཀྱང་ཕན་ཡས་ཡོད་པ་མ་རེད། དེས་ན་རྫོགས་ཆེན་གྱི་བསྟན་པ་ནི་གང་ཟག་རེ་བཞིན་གྱི་ཤེས་རྒྱུད་ལ་གནས་པ་དང་། གང་ཟག་མང་དུ་ཚོགས་པའི་རྣམ་པ་དེ་ལ་སྤྱི་ཚོགས་ཟེར་གྱི་ཡོད་ཙང་རྫོགས་ཆེན་གྱི་བསྟན་པ་སྤྱི་ཚོགས་ལས་ལོགས་སུ་དགར་དུ་མེད་པ་དེ་ག་རེད། ང་ཚོ་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ང་ཚོ་སྤྱི་ཚོགས་ཀྱི་ནང་དུ་འཚོ་བ་དང་། ང་ཚོས་སྤྱི་ཚོགས་ཡར་རྒྱས་བྱེད་དགོས་ཀྱི་ཡོད་ཙང་། རྫོགས་ཆེན་དང་སྤྱི་ཚོགས་བར་གྱི་འབྲེལ་བའང་དེ་ག་ནས་གྲུབ་ཡོང་གི་ཡོད་པ་རེད། འབྲེལ་བ་དེ་ཡང་ཡིན་ལུགས་དངོས་ཀྱི་སྟེང་ནས་བྱུང་བ་ཞིག་རེད་མ་གཏོགས་བཅོས་མའི་ཚུལ་སྤྱོད་ཀྱིས་རྫོགས་ཆེན་དང་སྤྱི་ཚོགས་བར་གྱི་འབྲེལ་བ་བསྒྲུབ་པ་ཞིག་རྩ་བ་ནས་མ་རེད། དེས་ན་ང་ཚོས་སྤྱི་ཚོགས་དང་། གང་ཟག་གི་ཤེས་རྒྱུད་བར་གྱི་འབྲེལ་བ་གྲུབ་ཚུལ་ཡིད་ངེས་བརྟན་པོའི་སྒོ་ནས་སྤྱི་ཚོགས་ཡར་རྒྱས་ལ་འབད་བརྩོན་བྱས་པ་ཡིན་ན། ད་གཟོད་སྤྱི་ཚོགས་ཡར་རྒྱས་ཀྱིས་རང་གཞན་རིས་སུ་མ་ཆད་པར་དངོས་བརྒྱུད་ནས་ཁེ་ཕན་ཡང་དག་པ་ཞིག་འབྱུང་ཐུབ་པ་དང་། འདི་ལ་བརྟེན་ནས་མི་དང་མིའི་བར་གྱི་འགལ་བ་སོགས་རྒུད་པ་ཀུན་གྱི་གཞི་མ་གཉིས་འཛིན་གྱི་མཐའ་རྒྱ་འདི་ལས་གྲོལ་ཏེ་ཀུན་ཀྱང་ཚུལ་ལྡན་བདེ་དགའི་དཔལ་ལ་སྤྱོད་པའི་དུས་སྐབས་བཟང་པོ་ཞིག་ཡོང་གི་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1