༄༅།། ཁམས་ཕྱོགས་ཀྱི་སྒྲུང་པ་གྲགས་ཅན་རྫ་པ་རིག་འཛིན་རྡོ་རྗེ།

ཞི་ཆུང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་་དྲ་བ། སྤེལ་དུས། 06-17


    


 དམངས་ཁྲོད་སྒྱུ་རྩལ་པ་རིག་འཛིན་རྡོ་རྗེའི་ལྟེ་ཁྲག་འཕོས་ས་ནི་ཁམས་ལི་ཐང་གི་དབལ་ཤུལ་གཡོན་རུ་ཞེས་པ་དེ་ཡིན།  དགུང་ལོ་བཅུ་གཅིག་གོང་ཁོང་ལས་ཆེ་བའི་གྲོགས་པོ་གཉིས་ཀྱིས་ནན་བསྐུལ་བྱས་མཐར།དབུས་ཇོ་བོ་འཇལ་སྐོར་དུ་སོང་།  ཁོང་གསུམ་པོ་ལམ་ཕྱེ་ཙམ་དུ་ཐོན་རྗེས་ཀྱི་ཉིན་གཅིག་ཁོའི་རོགས་པ་གཉིས་ཀྱིས་ཁོང་བསྐྱུར་ནས་གར་སོང་ཆ་མེད་དུ་གྱུར།དེ་ནས་ལུས་སེམས་དཀའ་སྡུག་གིས་གདུང་མཐར།བྱམས་སེམས་ཅན་གྱི་གཞན་སྡེའི་མཇལ་སྐོར་བ་དང་འགྲོགས་ཏེ།ལྷ་ས་དང་ལྷོ་ཙ་རི་སོགས་མཇལ་སྐལ་ཐོབ།  དེ་ནས་ཕྱིར་ལོག་སྟེ་བྱང་སྡེ་ཉི་མ་རྫ་ཆུ་ཁར་བསྡད་པར།  བསྟི་གནས་རྡོག་ས་དེ་རུ་ཚུགས།  དེའི་རྗེས་སུ་ཡུལ་དེའི་འཁོར་བ་བཟུང་ནས་བགྲང་བྱ་མང་ཙམ་འདས་པས་རྫ་པ་ཐོགས་དོན་དེ་ནས་བྱུང་།  རྫ་པ་རིག་འཛིན་རྡོ་རྗེས་བཤད་པའི་གེ་སར་རྒྱལ་པོའི་སྒྲུང་ནི་ཁ་བ་རི་པ་དམངས་ཁྲོད་སྒྱུ་རྩལ་དགའ་ཚལ་ཁྲོད་ཀྱི་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་རེད་ཅེས་སྨྲ་བའི་སྤོབས་པ་ངེད་ཅག་ལ་མཆིས་པ་གོར་མ་ཆག  ཁོས་བཤད་པའི་སྒྲུང་ནི་འབབ་སྒྲུང་གི་ཁོངས་སུ་གཏོགས་པ་མཁས་ཆེན་དམ་པ་དུ་མས་ཞལ་གྱིས་བཞེད།རྫ་པ་རིག་འཛིན་རྡོ་རྗེ་ཁོང་གི་སྒྲུང་འབབ་ལུགས་ཀྱི་ཕྱིའི་རྣམ་པ་ཙམ་བརྗོད་ན་འདི་ལྟ་སྟེ།ཁོང་དགུང་ལོ་བཅུ་གསུམ་གྱི་གོང་ཐོག་རྫ་དཔལ་སྤྲུལ་རིན་པོ་ཆེ་དང་གཏེར་སྟོན་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་དཔོན་གཡོག་རྣམ་ཤར་རྨ་རྒྱལ་སྤོམ་རར་གནས་སྐོར་དུ་ཕེབས་སྐབས།  རྫ་རིག་དེ་རྣམ་པའི་རྟ་རྫི་ལ་སོང་།  ཉིན་ཞིག་རྨ་ཆེན་མདུན་ལུང་དུ་རྟ་འཚོ་དུས།  རྡོ་ཕ་བོང་གྲུ་བཞི་ཞིག་གི་གམ་དུ་གཉིད་དུ་སོང་བའི་ཚེ་མི་དཀར་རྟ་དཀར་པོ་ཞལ་ངོ་བཅོ་ལྔའི་དུང་ཟླ་ལྟར་ཞིག་ཁོང་གི་མདུན་དུ་བྱོན་ནས་མདུང་རྟིང་ས་ལ་གདབ་སྟེ།ཕྱག་གཡས་ན་ཡི་གེ་པོ་ཏི་ཞིག་བསྣམས་ལ།གཡོན་དུ་རྡོར་དྲིལ་ཅིག་ཐོགས་ཏེ།   ཁྱོད་ལ་འདི་གཉིས་གང་དགོས་ཞེས་གསུངས།  རྫ་རིག་གིས་སེམས་པར་ཡི་གེ་ནི་བླ་སེར་རྣམས་ཀྱི་སྤྱོད་ཆས་ཡིན།  ང་ལ་ཡི་གེ་སྟེར་ན་ཕྱིས་སུ་སེར་མོར་གྱུར་པའི་རྟེན་འབྲེལ་ལེགས་བསམས་ནས།  ང་ལ་པོ་ཏི་དགོས་ཞེས་བཤད་མ་ཐག་མི་དེ་གར་སོང་ཆ་མེད་དུ་གྱུར་པ་དང་ཆབས་ཅིག་གཉིད་ལས་སད།   དེའི་ཕྱི་ཉིན་སྔར་བཞིན་ས་དེར་རྟ་འཚོལ་དུ་སོང་དུས།  མིག་ལམ་དུ་རྡོ་ཕ་བོང་གྲུ་བཞི་མའི་ཐོག་ཏུ་བྱ་རོག་གཅིག་གིས་དངོས་པོ་ཁ་དོག་དམར་པོ་ཅན་ཞིག་ལ་མཆུ་ཏོས་རྒྱག་བཞིན་པ་མཐོང་ནས་དེའི་གམ་དུ་སོང་ཙ་ན།  དངོས་པོ་དེ་ནི་གླེགས་བམ་དཔེ་རས་དམར་པོ་ཐམ་གས་མནན་པ་ཅན་ཞིག་ཡིན།
ཁོང་གིས་དགའ་སྤྲོའི་ངང་མྱུར་དུ་གླེགས་བམ་དེ་ཁྱེར་ནས་ཕྱིར་སྡོད་གནས་སུ་ལོག་སྟེ་སྤྲུལ་སྐུ་རྣམ་གཉིས་ལ་ཞུས།  སྤྲུལ་སྐུས་གླེགས་བམ་དེར་གཟིགས་ཞིབ་མཛད་མཐར།ཡི་གེ་འདི་ཞལ་ཕྱེ་བའི་དུས་སུ་བབས་མེད་པས།འབྱུར་འགྱུར་ལས་འབྲེལ་བླ་མ་ཞིག་གིས་ཞལ་ཕྱེ་དགོས།   ལར་ཡི་གེ་འདི་གཏེར་ལས་སྤྱན་དྲངས་པ་འདྲ་བས། ཁྱོད་ལ་རྟེན་འབྲེལ་ཤིན་ཏུ་ལེགས།  གལ་ཏེ་ཁྱོད་ཀྱིས་རྡང་ཐག་དེ་བསྡམས་ན་ཁྱོད་རྒྱུ་ཐོག་ལ་ཐོན་པ་ལྟས་བཟང་རེད།ཡི་གེ་འདི་བསྡམས་པར།ཕྱིས་འབྱུང་ཁྱོད་ལ་མེ་རྟགས་དུ་བ་ཆུ་རྟགས་རླངས་པའི་རེ་བ་ཡོད་ཅེས་གསུངས།རྗེས་ཀྱི་དབྱར་དུས་ཤིག་ལ་རྫ་རིག་གིས་བཟའ་མི་དག་ཁྲིད་ནས་ས་སྟོང་དུ་གནས་བཅས།  ཉིན་གཅིག་ཐག་རིང་ཕྱོགས་ནས་བླ་སྒར་ཅིག་དེར་གཏད་དེ་བྱོན་ཡོང་།རྫ་རིག་གིས་མྱུར་དུ་ཕྱག་དབང་ལེན་དགོས་བསམ་ནས་བཟའ་ཚང་ཁྲིད་དེ་ཕར་ཙམ་སོང་ཙ་ན།  བླ་མ་དེ་ནི་རྫ་སྟོད་ཀྱི་མཁན་རིན་པོ་ཆེ་ཡིན།  ཁོང་གིས་རྫ་རིག་གཟིགས་པ་དང་མཉམ་དུ་ཆིབས་རྟ་ནས་བབས་ཏེ་དབུ་གུར་ནང་དུ་བྱོན་ཅིང་བཀའ་མོལ་མཛད།ཁོང་གིས་རྫ་རིག་ལ་ཁྱོད་ཀྱིས་རྙེད་པའི་ཡི་གེ་འདིར་ཁྱེར་ཤོག་ཅེས་གསུངས།  ཁོང་གིས་གླེགས་བམ་དེའི་ཞལ་ཕྱེས་ཏེ་གཟིགས་པའི་ཚེ།  འདི་ནི་གླིང་སྒྲུང་ལས་འཁྲུངས་གླིང་མེ་ཏོག་ར་བ་རེད་ཅེས་དང་།  ཁོང་གིས་ཡི་གེའི་དབུས་ནས་ཤོག་ལྷེ་འགའ་གསུངས་དུས།  གློ་བུར་དུ་རྫ་རིག་ཀྱང་འདུག་བཟོད་མེད་པར་བླ་མ་དང་འགྲོགས་ནས་སྒྲུང་ལེན་ནུས་པར་གྱུར་རོ།།  བླ་མས་ད་ཁྱོད་ལ་སྒྲུང་འབབ་པ་ཁོ་ཐག་ཡིན་པས།  ཕྱིས་སུ་ཡང་ཁྱོད་ཀྱིས་སྒྲུང་ལེན་དགོས་ཞེས་སོགས་བཀའ་བསྩལ།  དེ་ནས་ཀླད་པའི་གླེགས་བམ་མཛོད་ཁང་གི་སྒོ་འཕར་ཕྱེས་ཏེ།  ཆུ་རྡོལ་བ་བཞིན་སྒྲུང་བླངས།
 ཁོང་གིས་སྒྲུང་ལེན་སྐབས་སྔོན་ལ་མི་ཕམ་གྱི་གེ་སར་གསོལ་ཁ་རེ་འདོན་སྲོལ་ཡོད་པ་ལས་དེ་མིན་གཞན་གྱི་སྟ་གོན་ཅི་ཡང་མེད།སྒྲུང་ལེན་སྐབས་ལག་ཏུ་ཤོག་གུ་ཆུང་ངུའམ་ཡང་ན་མེ་སྒམ་སོགས་བཟུང་སྟེ།  མིག་ཟུང་ཤོག་གུའི་ཐོག་ཏུ་གཟིགས་ཤིང་།  མགོ་བོས་ཡིག་འབྲུ་མིག་དེད་ཇི་བཞིན། གཡས་གཡོན་དུ་ཕར་ལྟ་ཚུར་ལྟ་དལ་གྱིས་བྱེད་པའི་གོམས་གཤིས་ཡོད།  སྒྲུང་ལེན་དུས་མཚམས་བཅད་ནས་ཟིན་བྲིས་ལྟར་ཚིགས་བཅད་རེ་རེ་བཅད་ནས་མཐུད་དགོས།  མི་དྲན་འདུག་ཟེར་བ་དང་བླངས་ཚར་རྗེས་མཚམས་མི་ཆད་པར་ལེན་དགོས་ཞེས་ཟེར།  མ་ཚད་སྒྲུང་ལེན་ཅུང་དཀའ་བ་ནི་གླིང་གི་གྲུབ་ཆེན་བརྒྱད་ཅུའི་མི་ངོ་རྟ་ངོ་སྤྲོད་པ་དེ་ཡིན་སྐད་དོ།།དེ་ཡང་སྒྲུང་ལེན་དབྱངས་རྟ་ཡང་རང་གི་ཁྱད་ཆོས་ལྡན་ཅིང་རྣམ་གྲངས་མང་ལ་ལེའུ་འཇོག་མཚམས་བྱས་ནས་ཕྱི་ཉིན་མུ་མཐུད་ནས་ལེན་དགོས་ན་གསལ་ལེར་ཡིན།
རྫ་པ་རིག་འཛིན་རྡོ་རྗེས་བཤད་པའི་སྒྲུང་དེ་ལོ་རབས་བརྒྱད་ཅུ་པར་མཁས་དབང་མཆོག་སྤྲུལ་ཐུབ་བསྟན་ཉི་མ་དང་ཉག་བླ་ཤེས་རབ་འོད་ཟེར་རྣམ་གཉིས་ཀྱིས་གསན་རྗེས་སུ་སི་ཁྲོན་ཞིང་ཆེན་གྱི་སྒྲུང་མཁན་བཟང་ཤོས་ཀྱི་གྲལ་དུ་བཞག་པས་ན།ཁོས་བཤད་པའི་<<བེེཌྰལ་འཕྲུལ་རྫོང་>>ཞེས་བྱ་བ་དེ་སྔོན་མཐོང་མྱོང་མེད་པས།  བརྒྱད་ལྔའི་དུས་སུ་རྒྱལ་ཁབ་ཀྱི་གལ་ཆེན་རིག་གནས་རྣམ་གྲངས་གྲས་སུ་བཀོད་ནས་མཐོང་ཆེན་བྱས།གཅིག་དགུ་གྱ་དྲུག་ལོར་ཀྲུང་གོ་སྤྱི་ཚན་ཁང་དང་།  རིག་གནས་པུའུ། རྒྱལ་ཁབ་དམངས་ཁྲོད་རྩོམ་རིག་ལྷན་ཚོགས་བཅས་ཀྱིས་སྐོང་ཚོགས་བྱས་པའི་གེ་སར་སྒྲུང་མཁན་མིང་འགོད་ཚོགས་ཆེན་ཐོག་ཏུ་རྫ་རིག་ལ་གཟེངས་བསྟོད་དང་བྱ་དགའ་ཐོབ།  ཆིག་དགུ་གོ་བདུན་ལོར་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་གེ་སར་ལས་དོན་ཕྱོགས་སྡོམ་དང་གཟེངས་བསྟོད་ཚོགས་ཆེན་ཐོག་རྫ་རིག་ལ་བྱས་རྗེས་འབུར་དུ་ཐོན་པའི་སྔོན་ཐོན་པའི་གཟི་བརྗིད་མཚན་སྙན་གནང་།  ཆིག་དགུ་གོ་གཉིས་ལོར་སི་ཁྲོན་ཞིང་ཆེན་གེ་སར་སྒྲུང་འགོ་ཁྲིད་ཚོ་ཆུང་གིས་མཚན་སྙན་དཔང་ཡིག་གནང་ངོ་།།
  ཞར་བྱུང་རྫ་རིག་གིས་ཤོད་ཐུབ་པའི་གླིང་གེ་སར་རྒྱལ་པོ་སྒྲུང་གི་དཀར་ཆག་ལ་མཚོན་ན།  ལྷ་གླིང་གབ་ཙེ་དགུ་སྐོར།  འཁྲུངས་གླིང་མེ་ཏོག་ར་བ།  རྨ་ས་བཟུང་།རྨ་ས་བགོས།  རྟ་རྒྱུག་མེ་ཏོག་ར་བ།  བདུད་འདུལ།  ཧོར་གླིང་གཡུལ་འགྱེད།  མོན་གླིང་གཡུལ་འགྱེད།  ཤན་འདན་སྟག་སེང་ཁ་སྤྲོད།  རྒྱ་གར་ཆོས་འབྱུང་།  ལི་ཁྲིའི་རྟ་རྫོང་།  སྨུག་གུའི་དྲེལ་རྫོང་།  བལ་བོའི་ལུག་རྫོང་།  སུམ་པ་མཛོ་རྫོང་།  སྟག་གཟིག་ནོར་རྫོང་།  ལྕགས་མོ་འབྲུ་རྫོང་།  ཐེའུ་རང་ར་རྫོང་།  ཁྱི་གུ་ཁྱི་རྫོང་།  ཨ་གྲགས་གཟི་རྫོང་།  བྱེ་རུ་བྱུར་རྫོང་།  ཨ་བསེ་ཁྲབ་རྫོང་།སྨུག་དཀར་མདའ་རྫོང་།  ཁ་ཆེའི་གཡུ་རྫོང་།མདན་མའི་ནས་རྫོང་།  དགའ་བདེ་མཆོང་རྫོང་།  གངས་དཀར་ཤེལ་རྫོང་།  རྒྱ་ནག་ཇ་རྫོང་།ཐུབ་གླིང་རིན་ཆེན་གསེར་རྫོང་།  མི་ནུབ་དར་རྫོང་།  བདུད་རྩི་སྨན་རྫོང་།  ཞང་ཞུང་མུ་ཏིག་རྫོང་།  འཛམ་གླིང་སྤྱི་བསང་རིང་མོ།  དམྱལ་གླིང་མུན་པ་རང་གསལ།  རྫོགས་གླིང་གསལ་བའི་མེ་ལོང་བཅས་བཞུགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1