དགེ་ལེགས་འོད་སྟོང་འདྲེན་པའི་ཤིང་རྟ།
——དགེ་རྒན་གྱི་དུས་ཆེན་ལ་ཕུལ་བ།
ཟླ་ཤེལ་ནོར་བུའི་དོ་ཤལ་བརྩེགས་པའི་སྟེང་། །
ཡིད་འོང་དགྱེས་འཛུམ་གར་གྱི་ལང་ཚོ་ཅན། །
དབྱངས་ལྡན་དཔལ་མོ་དྲི་ཟའི་ན་ཆུང་མས། །
ངག་རིག་སྒྱུ་འཕྲུལ་འགུགས་ལ་རབ་འདེགས་མཛོད། །
ཐོས་བརྩོན་ཤེས་རབ་རྒྱ་ཆེན་ནམ་མཁའི་མཐར། །
གཙུག་ལག་འོད་དཀར་ཟེགས་མ་ཕྱོགས་སུ་བཀྱེ། །
ཕན་བདེའི་གེ་སར་བཞད་པའི་གཉེན་གཅིག་པུ། །
རྣམ་འདྲེན་བླ་མའི་ཚོགས་རྣམས་དད་པས་བསྙེན། །
བྱིས་བློའི་དག་གཙང་སེམས་ཀྱི་མེ་ལོང་ངོར། །
དབྱངས་གསལ་གཟུགས་བརྙན་ཕྲ་ཚོམ་རྒྱན་དུ་བཀོད། །
ལྐུགས་པའི་ངག་ལ་དང་པོར་ང་རོའི་གདངས། །
ཐོག་མར་འཁྲིད་མཁན་ཀློག་གི་དགེ་རྒན་དྲན། །
གཞན་ཕན་རླབས་ཀྱི་འཕྲེང་བ་རྩེན་པའི་ངོགས། །
ལེགས་ཉེས་བླང་དོར་གཟིངས་ཀྱི་ཁ་ལོ་བ། །
མི་ཚེའི་གནས་ལུགས་དགོས་འདོད་ནོར་བུའི་དབྱིག །
ལག་ཏུ་གཏད་པའི་གནས་ཀྱི་དགེ་རྒན་དྲན། །
གཙུག་ལག་རིག་པ་ཀུན་གྱི་ཕྱི་མོ་མཆོག །
གངས་ཅན་བརྡ་དག་ཡི་གེའི་སྦྱོར་བ་དང་། །
ཁྱད་པར་སྙན་ཚིག་མགྲིན་པའི་གླིང་བུ་འདི། །
ངག་ལ་སྩོལ་མཛད་རིག་གནས་དགེ་རྒན་དྲན། །
མང་ཐོས་ཡོན་ཏན་ནོར་བུའི་མཛད་འཆང་ཞིང་། །
ལུང་རིགས་གཏམ་གྱི་དགའ་སྟོན་འགྱེད་མཁས་པ། །
དཔྱད་གསུམ་རིགས་ལམ་ཤེས་རབ་མཚོན་ཆའི་དང་། །
སྟེར་མཛད་ནང་དོན་རིག་པའི་དགེ་རྒན་དྲན། །
གང་ཞིག་དཀའ་བའི་ཚིག་དང་དོན་གྱི་གནད། །
དཔྱད་གསུམ་དག་པས་བཅད་དང་བརྡར་བ་ཡིས། །
གཏན་ལ་འབེབ་པའི་བློ་གྲོས་སྤོབས་པའི་གདེང་། །
ལེགས་པར་སྩོལ་བའི་འཛིན་གྲོགས་རྣམས་ཀྱང་དྲན། །
ཟབ་རྒྱས་གཙུག་ལག་བདུད་རྩི་ལ་འཐུང་ཞིང་། །
ལེགས་བཤད་བརྡལ་བའི་ལྗགས་ཀྱི་འདབ་མ་གཡོ། །
དབྱངས་ལྡན་ངག་གི་ཁུ་བྱུག་མགྲིན་པར་འཁོར། །
ཐུབ་བསྟན་དཔྱིད་ཀྱི་མཛེས་པ་སྐྲུན་ལ་ལྟོས། །
དེ་ལྟར་སྐུ་ཡོན་ནོར་འཛིན་ར་བ་ལས། །
བརྒལ་བའི་དྲན་དབང་མང་དུ་བསྟེན་ན་ཡང་། །
ཀུན་རྨོངས་ཚང་ཚིང་ནགས་སུ་འཕྱན་པ་དེས། །
རིག་བྱེད་ངག་གི་སྦྱོར་བ་འདི་ཙམ་སྤེལ། །