༄༅།། མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་གཏེར་གནས་དཔའ་བོ་དབང་ཆེན་བྲག་དཀར།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-18


        དེའང་།  པདྨ་ཀཱ་རས་བྱིན་བརླབས་ཤིང་། །དཔལ་ཆེན་ཧེ་རུ་ཀ་ཡི་གནས། །ཡན་ལག་ཚུལ་དུ་ཆགས་པ་ཡི། །དཔལ་བོ་དབང་ཆེན་བྲག་དཀར་ཞེས། །ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་གྱི་མདུན་ཟུར། སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས།   ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ལྷོ་ཕྱོགས་སུ་བཞུགས་སུ་གསོལ་ཞིང་། ད་ལྟ་སྡེ་དགེ་རྫོང་དཔལ་སྤུངས་ཤང་གི་ཁོངས་གཏོགས་ཤང་ནས་སྤྱི་ལེ་སུམ་ཅུ་ཙམ་མོ། །ཐུགས་ཀྱི་གནས་མཆོག་ཆེན་པོ་དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་གི་བསྐོར་ལམ་མཁའ་འགྲོ་རྒྱ་མཚོའི་ཕྱི་བསྐོར། ཧེ་རུ་ཀའི་ནང་བསྐོར།  ཡེ་ཤེས་འབར་བའི་གསང་བསྐོར།  རིག་འཛིན་བླ་མའི་རྩེ་བསྐོར། ཀུན་ཏུ་བཟང་པོའི་སྟེང་བསྐོར་བཅས་ལྔ་ལ་མ་ཚུད་པ། ནང་གི་ཧེ་རུ་ཀ་གསུམ་ཚང་བའི་དཀྱིལ་འཁོར་རྫོགས་པའི་མཐའ་བསྐོར་བྱེད་ན། ཤ་བཞེ་ལ་བརྒལ་ཚེ་ཚ་ནས་རྩེ་ཟུལ་མདོར་ཕྱིན། ཨ་ལོ་ཁ་སྟེང་ལ་བརྒལ། ཀ་རོང་ཁ་ནས་ལྷ་མདོའི་འཇོ་ངད་ལ་བརྒྱུད།  དཔའ་བོ་དབང་ཆེན་བྲག་ནང་དུ་བཙུད།   གཡུ་འབྲུག་ལ་སྨད་ནས་གསང་ལམ་བསྙེགས་ཏེ་རྡོ་ཕུར་བབ།  ཆུ་ཐུར་དེད་ཀྱིས་ཕྱིན།  སི་ངུ་ལ་བརྒལ། རོང་མེ་ནས་གཞུང་ལམ་བརྒྱུད་དེ་ཆོས་ཁྲི་བྲག་སྣ་ཕྱིན་དགོས་པ་དང་།  ཡང་དབང་ཆེན་བྲག་དཀར་ཁོ་ན་བསྐོར་ཏེ་ བསྐོར་གྲངས་གསོག་སྲོལ་ཡང་ཡོད། གཞན་ཡང་ཕྱག་བསྐོར་མཆོད་འབུལ་མཎྜལ་ཚོགས་འཁོར་ཀླུང་གཏའ་སོགས་ཕུལ་བའི་ཕན་ཡོན་མདོ་བྱང་ཆེན་མོ་ལས་རྒྱས་པར་གསུངས་པ་ལྟར་དང་།    དཔལ་ཆེན་ཧེ་རུ་ཀ་ཡི་གནས་ལག་ཡིན་པས་དེ་དག་ལས་ཤེས་པར་འཚལ།དཔའ་བོ་དབང་ཆེན་བྲག་དཀར་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཚུལ་ཏེ། བོད་ཀྱི་གནས་ཆེན་རྣམས་ཀྱི་མདོ་བྱང་དཀར་ཆག་ཨོ་རྒྱན་གྱི་མཁས་པ་པདྨ་འབྱུང་གནས་ཀྱིས་བཀོད་པ་བཞུགས་སོ༔ ཞེས་པ། ལྷ་སྲས་མུ་རུབ་བཙད་པོའི་སྐྱེ་བ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ལ་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་ཀྱིས་རྟེན་འབྲེལ་ཆེད་དུ་ཞབས་བསྐུལ་ཞུས་པ་ལྟར། གཏེར་ཆེན་ཉིད་ཀྱིས་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་གྱི་མདུན་ཟུར། སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས། ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ལྷོ་ཕྱོགས་དཔའ་བོ་རྟ་མགྲིན་བྲག་ལ་རང་བྱོན་དུ་གསལ་བའི་དཔའ་བྲག་དཀར་པོའི་ངོས་ལ་རྒྱ་དགུ་བསལ་ཏེ་སྐལ་ལྡན་འདུས་པ་ཉི་ཤུ་ཙམ་གྱི་དབུས་སུ་སྤྱན་དྲངས་པའི་ལ་བསྭེའི་སྒྲོམ་བུ་ཟུར་གསུམ་བིང་ཆེན་གྱི་དབྱིབས་ཅན་བྱོན་པ། དེ་བཱི་ཀོ་ཊི་གསུམ་པ་ཙཱ་འདྲ་རིན་ཆེན་བྲག་གི་མགུལ་དཔལ་ཆེན་དགུའི་ལྷ་ཚོགས་རང་བྱུང་གི་ཚུལ་ཅན་གྱི་དབུས་གུ་རུའི་སྒྲུབ་ཕུག་གི་གཡོན་ལོགས།  ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་མངའ་དབུལ་ཞིང་།  དེ་བཱི་ཀོ་ཊིའི་གནས་ཞལ་གསར་དུ་སྣང་བར་མཛད་པ་དང་ཆབས་ཅིག་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་གཙུག་ལག་ཁང་བྱམས་མགོན་ཀུན་མཁྱེན་ཏའི་སི་ཏུའི་གཟིམས་སྤྱིལ་ཡིད་དགའ་ཆོས་འཛིན་གྱི་སེང་གེའི་ཁྲི་དྲུང་དུ་གཏེར་ཞལ་ཕྱེས་ཞིང་། ཤོག་སེར་དཀྱུས་མཐོ་གང་སོར་གང་། ཞིང་སོར་བཞི་ཡིག་ཕྲེང་དྲུག་པ་གུ་རུ་རིན་པོ་ཆེའི་ཕྱག་བྲིས་བརྡ་ཡིག་ལས་བརྡ་བཀྲོལ་འབེབས་རིམ་བཞིན་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་སམ།  ཡོན་ཏན་རྒྱ་མཚོར་འབོད་པས་སུག་བྲིས་སུ་བགྱིས་པ་བསྟན་འགྲོ་རིས་སུ་མ་ཆད་པ་ལ་དགེ་ལེགས་བཀྲ་ཤིས་ཀྱི་སྣང་བས།  ཕྱོགས་དུས་གནས་སྐབས་ཀུན་ཏུ་ཁྱབ་པར་གྱུར་ཅིག །སརྦ་ཐཱ་མངྒལཾ། ཞེས་མདོ་བྱང་འདི་ཉིད་ཀྱི་མཇུག་བྱང་དུ་བཀོད་པའོ། །དེ་ལྟར་མཁྱེན་ཀོང་མཆོག་གསུམ་གྱི་སྐབས་མདོ་བྱང་གིས་དངོས་སུ་ཟིན་པ་བཞི་བཅུ་རྩ་གཉིས་མ་ཟིན་པ་བཞི་བཅུ་རྩ་གསུམ་བཅས་ཁྱོན་དྲིལ་གནས་མཆོག་བརྒྱད་ཅུ་རྩ་ལྔ་ཙམ་སྤྲུལ་པའི་གཏེར་སྟོན་ཆེན་པོའི་ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱི་བདག་པོའི་རྐྱེན་ལས་སྣང་བར་མཛད་པའི་བཀའ་དྲིན་གྱིས་བོད་ཆེན་པོའི་ལྗོངས་སྤྱི་དང་བྱེ་བྲག་གི་བསྟན་འགྲོའི་རྒུད་པ་ཐམས་ཅད་ཞི་ཞིང་མཐོང་ཐོས་དྲན་རེག་གི་ཡིད་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་པ་དང་བདེ་བའི་དགེ་ལེགས་ཀྱི་སྣང་བ་རྒྱས་པ་སྤེལ་བར་མཛད་པ་ཡིན་ནོ། །ཞེས་པའི་ཟིན་ཐོ་མདོ་ཙམ་བརྗེད་བྱང་དུ་བྱས་པ་འདིའང་།  གཏེར་ཆེན་བླ་མ་ཡབ་སྲས་ཀྱི་དགོངས་པ་ལྟར་རབ་བྱུང་བཅོ་ལྔ་པ་མེ་ཡོས་རྒྱལ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱིས་ཚེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བྲིས།  ཞེས་མདོ་བྱང་གི་གསལ་བྱེད་ཟིན་ཐུང་ཉུང་ངུའི་མཇུག་བྱང་དུ་བཀོད་པའོ། །དེ་ལྟར་དཔའ་བོ་དབང་ཆེན་བྲག་དཀར་གྱི་ལོ་རྒྱུས་དཔལ་སྤུངས་ཙཱ་འདྲ་རིན་ཆེན་བྲག་གི་གནས་ཡིག་ལས།  ཟུར་བཀོད་ཀྱི་གནས་ཡིག་གཞན་མ་མཐོང་པས་རྒྱས་པ་གཟིགས་འདོད་མཁན་གྱིས་ཙཱ་འདྲའི་གནས་ཡིག་ལ་གཟིགས་ཤིག   སྤྱིར་གནས་ཞེས་པ་ཁྱད་གཞིའི་མིང་ལ་ཁྱད་ཆོས་ཀྱི་མིང་དུ་མ་སྦྱར་བས་དོན་ཡང་འདྲ་ལ་མི་འདྲ་བ་མང་པོ་གོ་རྒྱུ་ཡོད་ཀྱང་།  འདིར་གནས་ཡིག་དང་།  གནས་རི། གནས་བསྐོར། གནས་འདུས་ཞེས་པ་ནི་གཞི་གཅིག་ལའང་ལྷ་སྔགས་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པ་ཐམས་ཅད་པར་འཆར་བ་དག་པ་རབ་འབྱམས་ལོངས་སྤྱོད་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པ་དང་། ཕྱི་ཡུལ་སྣང་སྤྲུལ་སྐུའི་ཞིང་ཁམས་སྐལ་པ་མཆོག་ལ་དག་པའི་ཞིང་། སྐལ་པ་འབྲིང་ལ་དག་པའི་གནས། སྐལ་པ་ཐ་མ་ལ་ས་རྡོ་རི་བྲག་བེམ་པོ་མ་དག་པའི་ཚུལ་ཅན་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པས་ཀྱང་འགྲོ་ལ་ཕན་འདོགས་བྱེད་སངས་རྒྱས་ཀྱི་མཛད་པའི་རོལ་མོར་གཤིས་སམ་བབ་ཀྱིས་གྲུབ་པ་དག་ཆོས་ཉིད་བདེན་པའི་བྱིན་རླབས་དང་། དེ་བཞིན་གཤེགགས་པའི་ཐུགས་རྗེ་ལས་རང་བྱུང་བ་སོགས་ཀྱི་ཐུན་མིན་གྱི་དོན་དུ་གོ་རྒྱུ་ཡོད་པའོ། །ཕྱིས་སུ་གནས་ཆེན་ཉེར་ལྔའི་མདོ་བྱང་འདི་ལ་གཞི་འཛིན་ནས་མཁྱེན་ཀོང་མཆོག་གསུམ་གྱི་གཙོས་པའི་སྐྱེས་མཆོག་དུ་མས་གནས་སྒོ་ཕྱེས་ལ། གནས་ཡིག་དང་། གནས་བྱང་སྤེལ་བའང་ཆེས་མང་ཞིང་།  བོད་དུ་གནས་བསྐོར་རིག་གནས་དུ་ཆགས་ཡོད་པ་ནི་ཐུན་མིན་གྱི་རིག་གནས་སོ། །རིག་གནས་འདིའི་རྒྱབ་ཤུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་དང་བྱེད་པའི་གཞན་དུ་མེད་པའི་ནུས་པ་ཐོན་ཐུབ་ཡོད་ལ། སྐྱེ་དངོས་སྲུང་སྐྱོང་ལ་བྱས་རྗེས་ཡང་བླ་ན་མེད་པ་བཞག་ཡོད་པ་ནི་མིང་མཐོང་ལག་ཟིན་ནོ། །མདོ་བྱང་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀོད་ལ། གཏེར་སྟོན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་མཆོག་གླིང་ཉིད་ཀྱི་བཀའ་འབུམ་ཁྲོད་དུ་བསྡུས་ཏེ་སྤེལ་ལ།འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ཀྱང་མདོ་ཁམས་གནས་ཆེན་ཉེར་ལྔ་ཡན་ལག་དང་བཅས་པའི་མདོ་བྱང་གི་གསལ་བྱེད་ཟིན་ཐུང་ཉུང་ངུ་ཞེས་པ་སྦྱར་ཏེ། ད་ལྟ་ཀོང་སྤྲུལ་བཀའ་འབུམ་དུ་བཞུགས།  སྤྱི་ལོ་༢༠༠༥ལོར་ཁོ་བོས་བསྒྲིགས་པའི་གདོ་ཁམས་གནས་ཡིག་ཕྱོགས་བསྒྲིགས་སུ་འདི་དག་བསྡུས་ཏེ། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབས། སྤྱི་ལོ་༢༠༡༣ལོར་རྒྱལ་མཚན་བཟང་པོས་བསྒྲིགས་པའི་མདོ་ཁམས་གནས་ཆེན་ཉེར་ལྔའི་གནས་ཡིག་ཕྱོགས་བསྒྲིགས་སུ་བསྡུས་ཏེ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབས།དེ་ལྟར་དཔའ་བོ་དབང་ཆེན་བྲག་དཀར་གྱི་ཉེ་འདབས་ཕུག་ཞབས་ཐང་ཆེན་ནི་སྔོན་སྡེ་དགེ་རྒྱལ་པོའི་དབྱར་སྐྱིད་གཏོང་ས་ཡིན་ལ།  ད་ལྟ་དཔའ་འོག་སྡེ་པའི་དབྱར་སྐྱིད་གཏོང་སའང་ཡིན། སྡེ་དགེའི་ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པ་ཆོས་སྲིད་གཉིས་ཆར་ལ་མཁྱེན་སྒོ་དང་སྐུ་བསོད་འགྲན་ཟླ་མེད་པར་གྱུར་ཅིང་བཞུགས་ཁྲི་བཞི་པ་ཕེབ་སྐབས་རྩིས་མདའ་མཆོད་རྟེན་བཞེངས་པ་ད་ལྟའི་བར་དུ་བཞུགས་སུ་གསོལ།

        མཁྱེན་ཀོང་མཆོག་གསུམ་ནི། འཇམ་དབྱངས་མཁྱེན་རྩིའི་དབང་པོ། (༡༨༢༠--༡༨༩༢) གྲུབ་མཐའ་ས་སྐྱ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། (༡༨༡༣--༡༨༩༩)གྲུབ་མཐའ་བཀའ་བརྒྱུད། མཆོག་གྱུར་བདེ་ཆེན་གླིང་པ། (༡༨༢༩--༡༨༧༠) གྲུབ་མཐའ་རྙིང་མ། ཟུར་བཀོད་པར་བྱང་སྟེ།   001དཔའ་བོ་དབང་ཆེན་བྲག་དཀར།  002གཏེར་སྟོན་མཆོག་གྱུར་གླིང་པས་མདོ་བྱང་སྤྱན་དྲངས་སའི་གཏེར་གནས་དཔའ་བོ་རྟ་མགྲིན་བྲག  003མདོ་བྱང་སྤྱན་དྲངས་སྐབས་གནམ་ས་སྦྲེལ་བའི་རླུང་ནག་སོགས་གཉན་ཆ་ཤིན་ཏུ་ཆེ་བའི་ཐོག་བརྒྱག་པའི་བྲག་ཤུལ། 004ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པའི་སྐབས་སུ་བཞེངས་པའི་རྩིས་མདའ་མཆོད་རྟེན། 005ཡུལ་སྡེའི་མི་སེར་གྱིས་དབྱར་སྐྱིད་སྐབས་རྟ་རྒྱུག་འགྲན་རྩོད་བྱེད་པ། 006དཔའ་བོ་དབང་ཆེན་བྲག་དཀར་གྱི་ཉེ་འདབས་ཕུག་ཞབས་ཐང་ཆེན་དུ་དགྲ་ལྷ་བསང་བསྐོར་བྱེད་པ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1