རྩེབ་གཉག་ནི་ཧི་མ་ལ་ཡའི་ཤར་རྒྱུད་ཀྱི་ནགས་ཁྲོད་དུ་གནས་པའི་རྩྭ་གཟན་རིགས་ཀྱི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། དེའི་མགོ་བོ་རྟ་དང་རྭ་ཅོ་ཤྭ། རྨིག་པ་ནོར་དང་རྔ་མ་དྲེལ་དང་འདྲ་བའི་ཡ་མ་གཟུགས་ཀྱི་རི་དྭགས་ཤིག་ཡིན། ལུས་ཡོངས་ཀྱི་སྤུ་མདོག་ནི་སེར་པོའམ་སྨུག་པོ་ཡིན་ཞིང་མ་མགལ་དང་སྐེ་འོག་ཏུ་མ་ཚར་དབྱིབས་ཀྱི་སྤུ་རིང་པོ་ཞིག་སྐྱེས་ཡོད་ལ། དུས་རྒྱུན་དུ་མཚོ་ངོས་ལས་སྨི་2000ནས་སྨི་4500ཡིས་མཐོ་བའི་ནགས་ཁྲོད་དུ་འཚོ་སྡོད་བྱས་ཡོད། རང་རྒྱལ་གྱི་འཚོ་སྡོད་ཁྱབ་ཁོངས་སུ་གྲངས་འབོར་ཤིན་ཏུ་ཉུང་བས་རང་རྒྱལ་གྱི་རྒྱལ་ནོར་དུ་བགྲང་བཞིན་ཡོད། རྩེབ་གཉག་ནི་གནའ་བོའི་སྲོག་ཆགས་ཤིག་ཡིན་པ་དང་དེར་ལྟད་མོའི་རིན་ཐང་དང་དཔལ་འབྱོར་རིན་ཐང་ཅུང་མཐོ་བ་སྟེ། རྩེབ་གཉག་གི་རྭ་ཅོ་སོགས་སྨན་སྣ་གལ་ཆེན་དུ་འགྲོ་བ་ཡིན།
རྩེབ་གཉག་ནི་རྩྭ་གཟན་ཆེ་གྲས་ཀྱི་རིགས་དང་ཕོ་མོ་གཉིས་ལ་རྭ་ཅོ་སྦོམ་པོ་རེ་ཡོད་པ་དང་རྭ་རྩེ་འཇམ་པོ་ཡིན་ལ། རྩེ་མོ་ནས་རིམ་གྱིས་གཞོགས་གཉིས་སུ་འཁྱིལ་ནས་སྟེང་དུ་གུག་ཅིང་རྭ་རྩེ་ནང་དུ་འཁོར་ཡོད། རྭ་ཅོའི་རིང་ཐུང་ལ་ལི་སྨི་20ཡས་མས་ཡོད། སུག་བཞི་སྦོམ་ཞིང་སོག་མགོ་ཨོང་མགོ་ལས་མཐོ་བ་དང་། གཟུགས་པོའི་རིང་ཚད་ལ་ལི་སྨི་180དང་དར་མའི་ནང་ན་ལི་སྨི་200འབུད་པའང་ཡོད། རྩེབ་གཉག་དར་མ་ཞིག་གི་ལྗིད་ཚད་ལ་སྤྱི་རྒྱ་200ནས་སྤྱི་རྒྱ་300ཡོད་ཅིང་རྔ་མ་ཅུང་ཐུང་། སྣ་དང་མཆུ་ཏོའི་གཟེངས་མཐོ་ཞིང་ཅུང་ཟད་འཁྱིལ་ནས་ཡོད།
རྩེབ་གཉག་ནི་རང་རྒྱལ་གྱི་ནུབ་བྱང་དང་ལྷོ་ནུབ་ས་ཁུལ་དང་འབྲུག་ཡུལ། རྒྱ་གར། འབྲས་ལྗོངས་སོགས་སུ་འཚོ་བ་དང་། ཁྱུ་སྒྲིག་ནས་འཚོ་བ་རོལ་བར་དགའ་ཞིང་ལྡེམ་མྱུར་ལྡན་པར་མ་ཟད་གཏུམ་དྲག་ཆེ། ཁ་ཟས་སུ་སྔོ་རྩྭ་དང་སྨྱུག་ཤིང་། སྨྱུག་ལོ། ནེམ་རྩྭ། ཤིང་འབྲས་སོགས་བཟའ། ཉིན་དཀར་ཁ་ཟས་འཚོལ་བ་དང་དགུན་ཁར་གསུམ་རེ་དང་ལྔ་རེ་བྱས་ནས་འཚོ་ཞིང་དབྱར་ཁར་མང་དུས་བརྒྱ་ཕྲག་ཡས་མས་ཁྱུ་ཆེན་སྒྲིག་ནས་འགྲོ་བ་ཡིན། རྩེབ་གཉག་ནི་རི་མཐོའི་སྲོག་ཆགས་ཤིག་ཡིན་པས་ས་བབ་མཐོ་བའི་ས་ཁུལ་དུ་འཚོ་ཞིང་ལུས་སྟེང་དུ་སྤུ་མཐུག་པོ་ཞིག་སྐྱེས་ཡོད་པས་གྲང་ངར་འགོག་ཐུབ། རྩེབ་གཉག་གི་རང་བྱུང་གཉན་པོ་ནི་འཕར་བ་ཡིན་ལ། ཟླ་བ་བདུན་པ་དང་བརྒྱད་པར་ཚང་ལ་འགྲོ་ཞིང་ཕྱི་ལོའི་ཟླ་གསུམ་པ་དང་བཞི་བར་ཕྲུ་གུ་བཙའ་བ་ཡིན། སྦྱོར་སྤྲོད་བྱེད་ཡ་རྩད་ནས་ཕོ་རྣམས་འཛིང་རེས་བྱེད་པ་ཡིན། སྤྱིར་བཏང་དུ་ཕྲུ་གུ་གཅིག་རེ་ལས་མི་བཙའ་ཞིང་ཆ་སྙོམས་ཀྱི་ཚེ་ཚད་ལོ་བཅུ་གཉིས་ནས་བཅོ་ལྔ་ཡིན།
རྩེབ་གཉག་གི་གཞུང་རྒྱུད་དྲང་ཞིང་ཉེན་ཟོན་གྱི་འཛེམ་དོགས་ཞན་པས་མིས་གསོད་པར་སླ་ཞིང་མགོ་སྐོར་གཏོང་སླ་བ་དང་སྐྱེ་ཁམས་ཁོར་ཡུག་ཇེ་བཙོག་ཏུ་སོང་བ་ཡིས་ད་སྔ་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་ཡིན་པ་དང་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་ཡིན།།
སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།